གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སྐབས་༣༨པའི་རྒྱུན་ལས་གསར་བསྐོ་གནང་བ།

ཕྱི་ལོ་ ༢༠༡༧ ཟླ་བ ༡༡ ཚེས་ ༦ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་བརྗེ་སྤོར་གསར་བསྐོ་མཛད་གནང་བ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས། འབྲེལ་ཡོད་ལས་ཁུངས་ཁག་གི་འགན་འཛིན་རྣམས་དང་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་པ་ཡོངས་སུ་འདུ་འཛོམས་ཐོག སྐབས་༣༧་པའི་རྒྱུན་ལས་རྣམས་ཀྱིས་ལོ་འཁོར་གཅིག་རིང་གི་སློབ་གཉེར་གནང་སྟངས་ལས་ཚོགས་དང་འཆད་ར། གཞུང་དང་རིག་གནས་དཔེ་ཁྲིད། དེ་བཞིན་བདུན་ཕྲག་དམ་བཅའ་སོགས་ལ་སློབ་གཉེར་པའི་སྡེ་ལས་གང་ཟག་སུ་དང་གང་ཞིག་ཆད་མེད་དུ་ཚོགས་ཐུབ་པ་བྱུང་ཡོད་མེད་དང་། ཡང་ན་ཉིན་གྲངས་ག་ཚོད་ལ་ཚོགས་ཐུབ་ཡོད་མེད། དམ་བཅའ་ག་ཚོད་སོང་ཡོད་མེད་སོགས་ཀྱི་ལས་སྡོམ་སྙན་ཞུ་གནང་ཞིང་།

ལོ་འཁོར་གཅིག་གི་རིང་ཚོགས་དང་འཆད་ར། བདུན་ཕྲག་དམ་བཅའ། དཔེ་ཁྲིད་བཅས་ལ་ཆད་མེད་དུ་ཕེབས་མཁན་གྱི་སློབ་གཉེར་པ་རྣམས་ལ་གཟེངས་བསྟོད་ཀྱིས་དར་ཁ་བསྒྲོན་གནང་མཛད་པ་དང་།

སློབ་གཉེར་པའི་ཁོངས་ནས་ལོ་རིམ་རྒན་གཞོན་གང་ཞིག་ལོ་འཁོར་གཅིག་རིང་ཆད་མེད་དུ་ཚོགས་དང་འཆད་ར་ལ་འགྲིམས་མཁན་རྣམས་ལ་བཤད་སྡེའི་ལོ་འཁོར་དུས་ཆེན་སྐབས་སུ་དམིགས་བསལ་གཟེངས་རྟགས་གནང་འཆར་ཡོད་པ་དང་།

མཐར་སྐབས་༣༧པའི་རྒྱུན་ལས་རྣམས་ཀྱིས་སྐབས་༣༨པའི་རྒྱུན་ལས་རྣམས་ལ་ཡིག་སྣོད་སོགས་རྩིས་འབུལ་ཞུས་ཤིང་ཕྱག་རྟགས་གནང་། རྒྱུན་ལས་རྙིང་པ་རྣམས་ཀྱིས་ཉམ་མྱོང་གི་གཏམ་བཤད་དང་། གསར་པ་རྣམས་ཀྱིས་དམ་བཅའ་ཕུལ་ཞིང་། དེ་ནས་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ལེགས་ཉེས་བླངས་དོར་གྱི་བཀའ་སློབ་ཟབ་རྒྱས་གནང་སྟེ་ཚོགས་འདུ་གྲོལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

པར་པ། གྱེར་ནག་ཚང་།