༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཆེན་པོ་མཆོག་འཛམ་གླིང་བོན་པོ་ཡོངས་ཀྱི་སྙིང་དབུས་སུ་གཏན་དུ་གནས་ངེས་ཡིན།

ཡིད་སྐྱོ་བའི་གནས་ཚུལ།
དེ་རིང་། ༢༠༡༧ལོའི་སྤྱི་ཟླ༡༡པའི་ཚེས་༤དང་བོད་ཟླ་༩ཚེས་༡༥ལ་འཁེལ་ཡོད་ཅིང་། གཞིས་བྱེས་བོན་པོ་ཡོངས་ཀྱིས་ཤ་ཡི་ཚ་ས་དང་རུས་ཀྱི་དུང་ས་ཞེས་པའི་དཔེ་ལྟར། རང་རང་གི་ས་ན་དད་འདུན་ཆེན་པོའི་སྙིང་སྟོབས་ཀྱི་རང་གཤིས་ཕྱི་ལ་མངོན་པར་བྱས་ཏེ། གསོལ་འདེབས་དང་སྨོན་ཚིག་གི་རླབས་སྒྲ་ས་སྒང་ཧྲིལ་བོའི་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པར་བྱས། དེ་ནི་དུས་རབས་ཀྱི་ཁོར་ཡུག་དང་ལོ་རྒྱུས་ཀྱི་གཉན་འཕྲང་རིང་མོ་ཅི་འདྲ་རྒོད་ནའང་། དཀའ་སྤྱད་སྡུག་རུས་ཀྱི་བསམ་བློའི་ཐུགས་སྟོབས་ལ་འགྱུར་བ་གཏན་ནས་མེད་པ་དང་། ལག་ལེན་གྱི་སྤོབས་པའི་ངར་ཤུགས་མི་ཡུལ་གྱི་རྒྱན་དུ་བཞེངས་བསྐྲུན་མཛད་པའི་ཞི་བདེ་ཡི་སྲོག་ཤིང་ཆེན་མོ་ཞིག་སྟེ། རང་དོན་སྤུ་ཙམ་མེད་པའི་ཐོག་ནས་ཉིན་གཅིག་ལྟར་སྔ་འགྱུར་གྱེར་བསྟན་སྤྱི་ཡི་བསྟན་ཆུས་ཀྱི་བྱ་བཞག་སྙོམས་སྒྲིག་བྱེད་པ་དང་། འགྲོ་བའི་ཕན་བདེ་གཙོས་པའི་མིའི་རིགས་ཀྱི་ཡར་ཐོན་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཐབས་ལམ་འབའ་ཞིག་གི་ཆེད་དུ། སྐུ་ཚེ་ཧྲིལ་བོ་གཟི་བརྗིད་ཀྱི་འོད་སྣང་ལ་བསྟིམས་པའི་མི་ཕོ་རླབས་ཆེན་ཞིག་ང་ཚོ་དང་རིང་དུ་གྱེས་ཏེ་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དེ་ཡིན་པས་རེད།

མཛད་རྗེས་ལ་ཉམས་པ་མི་སྲིད་ཅིང་། ཐུགས་རྗེ་ལ་ཉེ་རིང་དང་བྲི་བཀོལ་ཡེ་ནས་དབེན། མདུན་ལམ་གྱི་མཛེས་ལྗོངས་ནི་དཔྱིད་དཔལ་རྒྱས་པ་ནང་བཞིན་འོད་སྟོང་འབར་བར་རྒྱང་རིང་སྤྱན་གྱིས་གཟིགས་ཏེ། ཞང་བོད་ཤེས་རིག་གི་མེ་དཔུང་འཛམ་གླིང་མཐའ་དབུས་ཀུན་ཏུ་རླབས་ཀྱིས་སྤར་བའི་ངེས་དོན་མཁས་པ་གྲགས་ཅན་དང་། རྒྱལ་བསྟན་སྤྱི་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་ལུགས་གྲུབ་མཐའ་བར་གྱི་འཆམ་མཐུན་ལ་ཤུགས་སྣོན་ཡར་སྐུལ་གནང་མཁན་གྱི་ཞི་བདེ་སྲུང་སྐྱོང་དེད་དཔོན་ཆེན་པོ། རྒྱལ་སྤྱིའི་སྟེང་སྐད་གྲགས་ཆོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་ཁྱད་དུ་འཕགས་པ། གཞིས་བྱེས་བོན་པོ་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་རླབས་པོ་ཆེ་བཅས་ཡིན་པའི་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཉིད། སྤྱི་ལོ་༢༠༡༧ཟླ་༩ཚེས་༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥ཐོག འཕགས་ཡུལ་བྱེས་ཀྱི་གདན་ས་ཆེན་མོ་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་དགོངས་པ་བོན་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་རྫོགས་ཤིང་། འདི་ལོ་ཁོང་ཉིད་དགུང་ལོ་བརྒྱད་ཅུ་གྱ་དགུ་ལ་ཕེབས་ཀྱི་ཡོད་པ་རེད། ང་ཚོ་སོར་སྐྱེས་ཀྱི་སྣང་ངོར་ཁོང་གི་སྐུ་ཚེ་ལ་ཚད་ཡོད་པ་ལྟར་ཆགས་སོང་ནའང་། ཁོང་གིས་བསྟན་དང་འགྲོ་དོན་བསྐྱངས་པའི་མཛད་བཟང་གི་རིན་ཐང་ནི་བླ་རི་གངས་དཀར་ཏི་སེ་དང་འདྲ་བར་སྲིད་པ་གཡང་གི་རུ་མ་རུ་བརྗིད་ཀྱིས་འགྱིང་ངེར་ཡོད་ལ། བོན་གྱི་བསྟན་པ་སྲོག་སྙིང་ཡིན་པའི་ཞང་ཞུང་ཤེས་རིག་གི་གཟི་འོད་བསྐལ་པའི་བར་དུ་འཛམ་གླིང་ལ་འཕྲོ་བའི་ཐུགས་དགོངས་ལ་ལྟས་བཟང་འབུམ་གྱིས་ཕྱུག་ངེས་ཡིན།

སྐྱབས་རྗེ་ཁྲི་འཛིན་མཆོག་གི་མཛད་རྣམ་མདོར་བསྟན།
༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་ནི། སྤྱི་ལོ་༡༩༢༩ལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་ཁོངས་ཏེ་ཨ་མདོ་ཤར་ཁོག་ཅེས་པར་ཡབ་ལྗོངས་ལྡོང་རྒྱ་ལོ་དང་། ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཐོག་མའི་མཚན་ལ་བླ་མ་ཐར་ཞེས་གསོལ་ཞིང་། དགུང་གྲངས་བདུན་གྱི་སྟེང་། ཤར་ཡུལ་སྐྱང་ཚང་དགོན་པར་སྒྲིག་ཞུགས་གནང་སྟེ་མདོ་སྔགས་རིག་པའི་གཞུང་ལུགས་ཀུན་ལ་གསན་བསམ་སྒོམ་སྒྲུབ་མཛད་པ་དང་། ༡༩༥༣ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས།
༡༩༦༩ས་བྱ་སྟེ་དགུང་གྲངས་བཞི་བཅུ་ཐམ་པའི་སྟེང་དུ། ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་མཆོད་སྡོང་ཆེན་པོ་༧རྒྱལ་བ་མཉམ་མེད་ཆེན་པོའི་ཁྲི་འཛིན་མཁན་རབས་༣༣པར་རྟགས་ཐོན་བྱུང་བ་ལྟར་ཁྲི་འདོན་གྱི་མཛད་སྒོ་གཟབ་རྒྱས་ཞུས་ཤིང་། དེ་ནས་བཟུང་སྐྱབས་རྗེ་ཁྲི་འཛིན་མཁན་ཆེན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་རྒྱ་ཆེའི་བོན་དད་སེར་སྐྱ་ཡོངས་ཀྱིས་དད་མོས་དང་གུས་བཀུར་ཞུ་ཡུལ་གྱི་དབུ་ཁྲིད་རླབས་ཆེན་དུ་གྱུར་བ་མ་ཟད། རྒྱལ་བ་སྨན་རིའི་ཁྲི་འཛིན་གྱི་གོ་གནས་ལྟར་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་གྱི་ཁྲི་ལ་མངའ་བསྒྱུར་བའི་དབང་ཆ་རྒྱུན་འཛིན་དངོས་སུ་གནང་བ་རེད།

༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚེ་གང་བོའི་དབང་དུ་བྱས་ནས་གླེང་ན། ཁོང་གིས་བོད་རིགས་གཙོས་པའི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་རྒྱུ་དང་། སངས་རྒྱས་ཀྱི་བསྟན་པ་ཁྱོན་ཡོངས་ནས་རྒྱུན་འཛིན་དར་སྤེལ་བྱེད་པ་ལ། བོད་རང་གི་མེས་པོའི་ཆོས་བརྒྱུད་རྩ་ཆེན་གཡུང་དྲུང་བོན་དང་དེར་འབྲེལ་ཞང་ཞུང་ཤེས་རིག་འཕེལ་རྒྱས་གཏོང་རྒྱུར་ཕན་པའི་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ་སྟེ། རྒྱལ་བསྟན་དར་རྒུད་གོད་ཆག་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཁ་ཚ་དགོས་གཏུག་གི་སྐབས་སུ། གཤེན་བསྟན་རྨང་ནས་གསོ་བར་འཛམ་གླིང་གི་ཡུལ་གྲུ་ཁག་ལ་བོན་འབྲེལ་རྒྱ་ཆེར་རབས་དང་རིམ་པར་བསྐྱངས་པ་དང་། དེ་མཚུངས་དགོན་སྡེ་བཞེངས་བསྐྲུན་དང་བཤད་སྒྲུབ་འདུས་སྡེ་འཛུགས་སྐྱོང་གནང་བ། གཙུག་ལག་སློབ་གཉེར་གྱི་སློབ་གྲྭ་གསར་རྒྱག་མཛད་པ། སྐལ་ལྡན་གྱི་སློབ་མ་རྣམས་ལ་སངས་རྒྱས་བསྟན་པའི་ལྗོན་རྩ་ཚུལ་ཁྲིམས་བསླབ་པའི་སྡོམ་རྒྱུན་བསྩལ་པ་བཅས་ལ། རིན་པོ་ཆེ་མཆོག་གིས་རྣམ་ཀུན་སྐུ་ངལ་ལ་འཛེམ་མེད་ཀྱིས་ཕྱག་ལས་ལྗིད་མོ་ཚེ་དང་སྙོམས་པར་བསྟར་ཞིང་། སངས་རྒྱས་ཀྱི་ཞལ་སྔ་ནས། ཐམས་ཅད་ཀུན་གྱི་ས་བོན་རིན་ཆེན་སེམས།། ཞེས་གསུངས་པ་ལྟར། རང་གི་བསྟན་པ་ལ་དགའ་ཞེན་བྱ་རྒྱུ་དེ་དང་འཛམ་གླིང་ཤེས་རིག་ལ་དགའ་ཞེན་བྱ་རྒྱུ་གཉིས་སེམས་གཏིང་ནས་གཅིག་གྱུར་ཡོང་བ་བྱས་ཏེ། སྤྱི་ཚོགས་ཡར་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཞི་བདེ་འཆམ་མཐུན་ལ་སྔར་བས་གཟི་དཔལ་གྱི་རླབས་རྒྱུན་སྣོན་པར། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཕུན་སུམ་ཚོགས་པ་མངའ་བའི་རིག་སྨྲའི་ཁྱུ་ཚོགས་གང་མང་སྐྱེད་སྲིང་དང་གསོ་སྐྱོང་གནང་བ་མ་ཟད། ༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ཉིད་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཞབས་ཀྱིས་བཅགས་ཤིང་བོད་གངས་ཅན་གྱི་ལྗོངས་སུའང་སྔ་ཕྱིར་ཐེངས་གསུམ་ལ་ཕེབས་ནས། བོན་གྱི་དགོན་སྡེ་ཁག་ཕན་ཚུན་ཐུན་མོང་མཉམ་འབྲེལ་ཐོག་ཤེས་རིག་འཛུགས་སྐྲུན་དར་རྒྱས་གོང་འཕེལ་ཡོང་བར་ཐུགས་ནུས་ཡོད་རྒུ་བཏོན་གནང་མཛད་པ་དང་། ལྷག་པར་དུ། དབང་ལུང་མན་ངག་གི་ཟབ་གདམས་དུ་མས་སྐྱེ་འགྲོ་འབུམ་ཕྲག་མང་པོ་ཐར་བའི་ལམ་དུ་ཚུད་པར་བྱས་པའི་བཀའ་དྲིན་བླ་ན་ལྕི་བར་བསྟར་ཞིང་། མདོར་ན་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་ཁོང་གི་སྐུ་ཚེ་ཧྲིལ་བོ་བསྟན་དང་འགྲོ་བའི་ཕན་བདེ་འབའ་ཞིག་གི་ཆེད་དུ་ཀུན་ནས་ཡོངས་སུ་དབང་བར་བྱས་པའམ། རབ་དང་མཆོག་ཏུ་བསྟིམས་པར་མཛད་པའི་བཀའ་དྲིན་ནམ་བྱས་རྗེས་ནི་སུ་དང་གང་གིས་ཀྱང་གཞལ་ཐབས་མེད་པའི་ཚུལ་དུ་གྱུར།

སྐྱབས་རྗེ་ཁྲི་འཛིན་མཆོག་གི་གཟི་བྱིན་གྱི་འོད་སྣང་།
༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཞིབ་ཕྲ་ཐོས་རྗེས། རིན་པོ་ཆེ་མཆོག་གི་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་དང་། མཁས་བཙུན་བཟང་གསུམ་གྱི་རྣམ་ཐར། འཆད་རྩོད་རྩོམ་གསུམ་གྱི་གཟི་འོད། བསྙེན་སྒྲུབ་ལས་གསུམ་གྱི་བཀའ་སྲོལ། སྤང་སྒྱུར་གྲོལ་གསུམ་གྱི་ཉམས་ལེན། དབང་ལུང་མན་ངག་གི་ཕྱག་རྒྱུན། མདོ་སྔགས་སེམས་གསུམ་གྱི་མཁྱེན་དཔྱོད་བཅས་གང་ཅིའི་ཐད་ནས་ཡིན་ཡང་། སྐུ་ཉིད་གསང་གསུམ་བོན་གྱི་མཛོད་འཛིན་འགྲན་ཟླ་མེད་པར་བཞུགས་པའི་ཚུལ་ལས་རྣམ་པར་བརྩམས་ཏེ། མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ་ཆེན་པོ་ཁོང་གི་ཉི་མ་ལྟ་བུའི་ཤེས་རབ་དང་། ས་གཞི་ལྟ་བུའི་སྙིང་རྗེ། ཆུ་བོ་ལྟ་བུའི་མཛད་འཕྲིན། རྒྱ་མཚོ་ལྟ་བུའི་ལྷག་བསམ། ཡབ་ཆེན་ལྟ་བུའི་སྒམ་བརླིང་། ཡུམ་ཆེན་ལྟ་བུའི་དྲོད་ཁོལ། རྒྱལ་སྲས་ལྟ་བུའི་སྒལ་ཚིགས། ནམ་མཁའ་ལྟ་བུའི་དགོངས་ཀློང་། གཡུ་འབྲུག་ལྟ་བུའི་ཟིལ་ཤུགས། སེང་གེ་ལྟ་བུའི་བརྗིད་ཉམས། ནོར་བུ་ལྟ་བུའི་གཞན་ཕན། ལྗོན་དབང་ལྟ་བུའི་བསིལ་གྲིབ། གསེར་སྦྱངས་ལྟ་བུའི་རང་མདངས། རི་རབ་ལྟ་བུའི་མི་གཤིས་ཀྱི་མཛེས་སྡུག་སོགས། ཁོང་གི་ཟབ་ཅིང་བརླིང་བའི་ཡོན་ཏན་དུ་མ་ཡིད་ཡུལ་དུ་མུ་ཏིག་གི་དོག་པ་རེ་རེ་བཞིན་དལ་གྱིས་འཁོར་ཞིང་། དེ་ཚེ་རང་ཉིད་གཞི་ནས་གཉིད་ལས་སད་པ་ནང་བཞིན། ཅི་ཞིག་ལ་སྔ་འགྱུར་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྤྱི་ནོར་ཆེན་པོ་དང་། གཞིས་བྱེས་བོན་པོ་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་རླབས་པོ་ཆེ་ཟེར་བའི་བརྡ་ཆད་དེར་རང་གིས་ཀྱང་རང་ཚོད་ཀྱིས་གོ་བ་རབ་རིབ་ཞིག་ལོན་ཐུབ་པ་བྱུང་།

རང་གི་སེམས་སུ། སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་ཕངས་མེད་འཇོག་གནང་མཛད་པའི་ཁོང་གི་མི་ཚེ་མཛེས་སྡུག་གི་ཤུལ་ནོར་རྩ་ཆེན་དེ་དག་ནི། ང་ཚོ་བོན་པོ་ཡོངས་ཀྱི་སྤོབས་སེམས་བླ་མེད་ཡིན་ལ། དེ་དང་ཆབས་ཅིག་རང་ཅག་གིས་འདང་གི་མེད་པའི་བསམ་སྤྱོད་ལ་ལམ་སྟོན་གྱི་སྒྲོན་མེར་འཛིན་དགོས་པར་ཆགས་ཡོད་པ་མ་ཟད། འབྱུང་འགྱུར་ཁྲི་འཛིན་གསར་བ་བསྐོ་ཕྱོགས་ཐད་ལ། གཞི་རྩའི་ཆ་རྐྱེན་དེ་དག་འཛོམས་མིན་གྱིས་འགྲན་སློང་གདོང་ལེན་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་འཛིན་ཐུབ་པ་ཡིན་ན། ཞང་བོད་ཤེས་རིག་གི་སྲོག་ཤིང་དུ་གྱུར་བའི་སྔ་འགྱུར་བསྟན་པའི་གནས་བབ་སྤྱིའི་ཆ་ལ། བཟང་ཕྱོགས་ཀྱི་འགྱུར་ལྡོག་དགའ་འོས་པ་ཞིག་གཏོང་བར་གདུང་འདེགས་ཀྱི་དོན་བྱེད་ནུས་པའི་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་ཅིང་། བོན་པོའི་ཆོས་དང་རིག་གཞུང་ལ་འཕྲད་པའི་དཀའ་ཚེགས་དང་དཀའ་ངལ་མང་པོ་ཞིག་རྒྱང་དུ་བསྐྱུར་བར་ཕན་ནུས་བླ་མེད་ལྡན་པར་ངེས། གལ་སྲིད་གནད་དོན་འདི་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཐག་གཅོད་གྲ་འགྲིག་པོ་ཞིག་མ་བྱུང་ཚེ། སྤྱི་ལ་ཁེ་ཕན་ཡོང་རྒྱུའི་ཚབ་ཏུ་ནང་ཕན་ཚུན་ལ་མི་དགོས་པའི་དཀའ་ངལ་འཕར་མ་ཞིག་སྤྲོད་སྲིད་ནའང་ཐང་སྙམ་བཞིན་སེམས་ལ་ཟུག་གཟེར་ལྡང་བར་གྱུར་མོད། ཞིབ་ཏུ་བསམ་ན། འདི་རིགས་བསྟན་པ་དང་སེམས་ཅན་གྱི་ལས་དབང་བཙན་པོ་ཞིག་ལ་སྦྲེལ་ནས་ཡོད་སྟབས། རི་བོང་གནམ་རྡིབ་ཀྱིས་དོགས་པ་ནི་རང་ཉིད་ངལ་བའི་རྒྱུ་ལས་ཅི་ཡང་མེད་པའི་སྣང་ཚུལ་ཞིག་ཏུ་འཁུམ་པའང་ཤེས་པར་གྱུར།

རྒྱལ་བ་སྨན་རི་བའི་ཁྱད་པར་གྱི་ཆེ་བ།
སྐྱོ་གདུང་ལ་ཚད་མེད་ཅིང་། སེམས་པ་མིག་ཆུས་ཡོངས་སུ་བརླན། དེ་རིང་། སྐྱེས་ཆེན་དམ་པ་ཁྲི་སྟོང་གི་ཐུགས་དགོངས་ཟབ་མོ་གཞི་གཅིག་ཏུ་སྒྲིལ་ཏེ། ཞང་བོད་ཤེས་རིག་ཅི་ལྟར་དར་སྤེལ་གཏོང་བར་ལོ་རྒྱུས་ཀྱི་ཁ་ཕྱོགས་གཅིག་གྱུར་གཏན་འཁེལ་བཟོ་བར་འབད་ཅིང་། བོན་བསྟན་ཐོབ་ཐང་གི་ཁྲིམས་མཐུན་ཁེ་དབང་རྩོལ་ལེན་སྲུང་སྐྱོབ་མངོན་འགྱུར་བྱེད་པར་གཙོ་གནད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་ལྟར། ང་ཚོས་གདུང་སེམས་ཚད་མེད་དང་བཅས་ཏེ་མདོ་དབུས་ཁམས་གསུམ་དུ་འཁོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་སུམ་བརྒྱ་ལྔ་བཅུ་ལྷག་དང་། དེར་འབྲེལ་རྒྱ་ཆེའི་བོན་དད་མི་དམངས་མང་ཚོགས་གཙོས་པའི་འཛམ་གླིང་བོན་པོ་ཡོངས་ཀྱི་ཐུགས་འདུན་རེ་སྨོན་ཟབ་མོ་དད་སྟོབས་ཀྱི་ཁྱོགས་ལ་དྲངས་ཏེ། གཡུང་དྲུང་བོན་གྱི་ཚབ་མཚོན་རང་བཞིན་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་མི་སྣ་གལ་ཆེན་ཁག་གཅིགགཙང་བཀྲ་ཤིས་སྨན་རིར་བཞུགས་པའི་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་ལ་དགོངས་རྫོགས་མཆོད་འབུལ་དང་། གདན་སར་ཐུགས་གསོའི་ལྷ་དར་འབུལ་བར་སོང་བ་ཡིན།
དེ་ལ། ཇི་སྐད་དུ། གསང་མཆོག་དངོས་བྱོན་དམུ་གཤེན་ཉི་མ་རྒྱལ་མཚན་ལ་སྙན་རྒྱུད་དུ་བབས་པའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། བདེ་གཤེགས་དགོངས་རྒྱུད་བླ་མ་ཆེ་དྲུག་དང་།། གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང་།། ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང་།། བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ། ཞེས་དང་། འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན།། དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ།། འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་བྲུག་ནས།། རྗེས་འབྲང་ཉོན་མོངས་མ་ལུས་རྩད་ནས་བཀྲུ།། སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན།། མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམས།། མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ།། ཞེས་བསླུ་མེད་གཡུང་དྲུང་ལུང་གིས་རྗེས་སུ་བསྔགས་པ་ལྟར། གཙང་བཀྲ་ཤིས་སྨན་རི་དགོན་ནི་གངས་ཅན་ཚད་མའི་མགོན་པོ་ཀུན་མཁྱེན་རྒྱལ་བ་གཉིས་པ་༧རྗེ་མཉམ་མེད་བླ་མ་ཆེན་པོས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ་སྟེ་སྤྱི་ལོ་༡༤༠༥ལ་ཕྱག་བཏབ། དགོན་སྡེ་འདི་ཉིད་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ཁོངས་ཐོབ་རྒྱལ་ཤང་གི་ཤར་ཕོ་བ་རིའི་མགུལ་ན་ཡོད་ཅིང་། དེར་གཡས་རུ་དབེན་ས་ཁའི་རིང་ལུགས་ལྟར་གླིང་སྟོད་དང་། གླིང་སྨད། གླིང་ཟུར། གླིང་སྐེད་བཅས་གྲྭ་ཚང་བཞི་དང་། ཁང་ཚན་བཅུ་གཉིས་སོགས་ལ་གྲྭ་གྲངས་ལྔ་བརྒྱ་ལྷག་རྒྱུན་བཞུགས་གནང་ཡོད་པའི་ལོ་རྒྱུས་འཕེལ།

བསམ་ཞིང་བསམས་ན། གཡུང་དྲུང་བོན་གྱི་ལོ་རྒྱུས་སྟེང་དུ་ཁོང་ལ་༧རྗེ་མཉམ་མེད་བླ་མ་ཆེན་པོའམ། རྒྱལ་བ་གཉིས་པ་ཞེས་འབོད་པར་ཁོང་གི་མཛད་རྗེས་གཙོ་བོ་ནི། སྔ་རབས་གྲྭ་ས་ཡ་བཞི་སོགས་ནས་བརྒྱུད་པའི་བཀའ་སྲོལ་ཐམས་ཅད་གྲུ་བཞི་ལམ་གཅིག་ཏུ་བབས་པའི་ཆེ་བ་བཞི་ལྡན་གྱི་རྒྱལ་བའི་བསྟན་པ་བཙུགས་པ་སྟེ། རྗེས་འཇུག་གི་བཅའ་བ་ལ་སྡོམ་གསུམ་ཡར་ལྡན་དུ་བསླབ་པ། སྨིན་གྲོལ་གྱི་བཀའ་སྲོལ་ལ་མདོ་སྔགས་འགལ་མེད་དུ་སྤྱོད་པ། ཉམས་ལེན་གྱི་ཕྱག་ལེན་ལ་ལྟ་སྤྱོད་ཟུང་འབྲེལ་དུ་སྐྱོང་བ། འཇུག་ཚུལ་གྱི་རྗེས་བཞག་ལ་བཤད་སྒྲུབ་གཉིས་མཉམ་དུ་མཛད་པ་བཅས་ཀྱི་རང་ལུགས་རྨད་དུ་བྱུང་བ་ལ། རྗེ་མཉམ་མེད་བླ་མ་ཆེན་པོའི་བསྟན་པའམ། བསྟན་པའི་བདག་པོ་དཔལ་ལྡན་སྨན་རི་བའི་རིང་ལུགས་ཞེས། བསྟན་པ་ཡོངས་རྫོགས་གང་ཟག་གཅིག་གི་ཉམས་ལེན་དུ་འཁྱེར་ཐུབ་པ་དེ་འདྲ་བྱུང་བས་ཡིན་ཞིང་། དེས་མ་ཚད་རྗེ་མཉམ་མེད་བླ་མ་ཆེན་པོའི་འཕྲུལ་སྒྲོན་རྣམ་ལྔ་གཙོས་པའི་གདན་སའི་ཡིག་ཆ་ཁག་རྣམས། བོན་གྱི་དགོན་སྡེ་ཡོད་དོ་ཅོག་གིས་རྩ་བའི་ཡིག་ཆར་ཁས་ལེན་པའི་སྲོལ་བཟང་དཀར་འཇམ་ཡུག་གཅིག་ཏུ་བདལ་བར། བསྟོད་ཆེན་ལས་ཀྱང་། ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་བཙུགས།། བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར།། ཞེས་གཏན་ཚིགས་སུ་གྲགས་པ་ལྟར་དང་། མཁན་རབས་གཉིས་པ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ནས་བཟུང་ད་ལྟའི་བར་རྒྱལ་བ་སྨན་རིའི་ཁྲི་འཛིན་མཁན་རབས་སུམ་ཅུ་སོ་གསུམ་བྱོན་ཏེ། བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱ་ཆེར་སྤེལ། རྗེས་ཀྱི་ས་ཕག་དུས་འགྱུར་བྱུང་བ་བརྒྱུད་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཐུགས་བསྐྱེད་འགྲན་ཟླ་མེད་པའི་ཉེར་ལེན་འོག་ཏུ། འཕགས་ཡུལ་ཧི་མ་གཅལ་གྱི་མངའ་ཁོངས་ཐོབ་རྒྱལ་གསར་བར་འབོད་པའི་གནས་དེ་རུ་ཡང་། དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས། མཚན་སྙན་དོན་གྱིས་མངོན་པར་བརྗིད་པའི་བྱེས་ཀྱི་གདན་ས་ཆེན་མོ་དེ་ཉིད་བྱུང་ཞིང་། དེ་ལ་བརྟེན་ནས་སྔ་འགྱུར་གྱེར་བསྟན་རིང་ལུགས་འདི་ཉིད། འཛམ་གླིང་ཤར་ནུབ་ཀུན་ཏུ་ཡོངས་སུ་གདལ་བའི་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པ་ཡིན་ནོ།།

སྐྱབས་རྗེ་ཁྲི་འཛིན་མཆོག་ལ་སེམས་ཀྱི་གཏིང་ནས་དྲན་གསོ་ཞུ་བ།
༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཆེན་པོ་མཆོག་ཉིད་དགོངས་པ་བོན་དབྱིངས་སུ་མངོན་པར་རྫོགས་པ་དེས། ཞང་བོད་ཤེས་རིག་གི་མེ་དཔུང་འཛམ་གླིང་མཐའ་དབུས་ཀུན་ཏུ་རླབས་ཀྱིས་སྤར་བའི་ངེས་དོན་མཁས་པ་གྲགས་ཅན་དང་། རྒྱལ་བསྟན་སྤྱི་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་ལུགས་གྲུབ་མཐའ་བར་གྱི་འཆམ་མཐུན་ལ་ཤུགས་སྣོན་ཡར་སྐུལ་གནང་མཁན་གྱི་ཞི་བདེ་སྲུང་སྐྱོང་དེད་དཔོན་ཆེན་པོ། རྒྱལ་སྤྱིའི་སྟེང་སྐད་གྲགས་ཆོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་ཁྱད་དུ་འཕགས་པ། གཞིས་བྱེས་བོན་པོ་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་རླབས་པོ་ཆེ་དེ་ཉིད་ང་ཚོ་དང་གཏན་དུ་ཁ་བྲལ་བས་ན། དེ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་དུ་འཛམ་གླིང་གི་བོན་པོ་ཡོངས་ཀྱི་གྱོང་གུད་ཧ་ཅང་ཆེན་པོ་ཞིག་ཡིན་པ་ཙམ་གྱིས་མ་ཚད། བོད་ཀྱི་ལོ་རྒྱུས་སྟེང་གི་ཤེས་རིག་གི་ཉི་མ་འོད་པོ་ཆེ་ཞིག་འདི་ལྟར་གཟིམ་སོང་བས། བོད་མི་རིགས་ཡོངས་ཀྱི་གྱོང་གུད་ཡིན་པ་སྨོས་ཀྱང་མ་དགོས་ལ། བོད་རིགས་མི་དམངས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་དང་། ལྷག་དོན་འཛམ་གླིང་སྟེང་གི་ཆོས་ལུགས་འཚོ་བའི་ཁྲོད་ཀྱི་ལམ་སྟོན་སློབ་དཔོན་ཆེན་པོ་ཞིག་སྐུ་གཤེགས་པས། གྱོང་གུད་བསུབ་ཐབས་མེད་པར་ཆགས་ཡོད་པ་རེད།

གནས་ལུགས་ལ་རྒྱུ་མཚན་གྱི་ར་སྤྲོད་དང་ལོ་རྒྱུས་ལ་རྒྱབ་ལྗོངས་ཀྱི་དཔང་རྟགས་བཙན་པོ་མངའ་བའི་དངོས་ཡོད་ཀྱི་བྱུང་བ་དེ་ལྟར་ལགས་ན། དགའ་ཞིང་གུས་ལ་སྙིང་ནས་དད་པར་འོས་པའི་སྐྱབས་རྗེ་ཁྲི་འཛིན་༣༣པ་ཆེན་པོ་མཆོག་ལ་དགོངས་རྫོགས་མཆོད་འབུལ་མཛད་པ་དང་། གདུང་ཚོར་ཟབ་མོས་དྲན་གསོ་མྱ་ངན་ཞུ་རྒྱུ་དེ་ནི་ལག་ལེན་མེད་པའི་བསྒྲགས་ཚིག་དང་། ཁ་འཇམ་ཞེ་རྩུབ་ཀྱི་ངོ་བསྟོད། ཡུལ་ལུང་ཤོག་ཁ་ཡི་རྫོབ་རྟགས། རྒྱ་ཆད་ཕྱོགས་ལྷུང་གི་འཁྱེར་ཕྱོགས། དགོས་དབང་ཁྲལ་སེལ་བྱེད་པ་ཅོལ་ཆུང་གི་ལས་ཀ་ལྟ་བུ་ཞིག་ཏུ་གཏན་ནས་བསམ་བློ་གཏོང་རྒྱུ་མེད་ཅིང་། རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས་ནས་ངེད་ཅག་ཡིད་སྐྱོ་བའི་གནས་སུ་ལྷུང་མོད། སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་རླབས་ཆེན་གྱི་ཐུགས་སྟོབས་མུ་མཐུད་དར་སྤེལ་གཏོང་བར། སྡུག་བསྔལ་གྱི་མཆི་མ་ཁོག་ཏུ་མིད་ནས་སྐྱོ་བ་དེ་ང་ཚོའི་སེམས་ཀྱི་སྟོབས་ཤུགས་སུ་ཅིས་ཀྱང་འགྱུར་བ་བྱས་ཏེ། ཁོང་གིས་བོད་ཀྱི་ཆོས་རིག་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐད་ལ་བཞག་པའི་ཕྱག་རྗེས་ཀྱི་སྐོར་དང་། རང་དོན་གྱི་ཀུན་སློང་སྤུ་ཙམ་མེད་པར་བསྟན་པ་སྤྱི་ལ་ཐུགས་ཁུར་ཆེས་བཞེས་ཀྱི་སྒོ་ནས། རང་གི་བྱ་བའི་ལས་གནས་དེ་ལ་ཁ་གཏད་དེ་རང་ཉིད་ཡར་ཐོན་ལ་བླང་བྱ་ནན་མོ་བཏོན་པའི་སྙིང་སྟོབས་ཀྱིས་མཚོན། ཕུལ་དུ་བྱུང་བའི་མཛད་བཟང་དེ་རིགས་ཕྱི་ནང་གི་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་ཇི་ལྟར་བྱུང་བའི་ཚུལ་ལ་ཉམས་ཞིབ་དང་རྒྱུས་ལོན་ཐུབ་པ་བྱེད་ཅིང་། རིན་པོ་ཆེ་མཆོག་གི་ཕྱག་ལས་གནང་སྟངས་དང་ཐུགས་བསམ་བཞེས་སྟངས་སྐོར་ལ། ང་ཚོས་མིག་དཔེ་བལྟས་ནས་སློབ་སྦྱོང་བྱེད་པ་བརྒྱུད་དེ་རང་ཅག་གི་ཚེ་སྲོག་ལའང་དོན་སྙིང་གི་མཛེས་སྡུག་ཡོད་པ་དང་། རང་ཉིད་ཀྱང་བསྟན་དང་འགྲོ་བའི་ཁུར་དུ་མ་སོང་བར་དེ་ལ་དགོས་མཁོའི་རིན་ཐང་གི་ཆ་ཏོག་ཙམ་ཡོད་པའི་མི་ཞིག་ཏུ་འགྱུར་བར། ཚང་མས་འབད་བརྩོན་བྱེད་རྒྱུའི་སྙིང་སྟོབས་སློང་རྒྱུ་དེ་ཡིན་ན་ཤིན་ཏུ་འགྲིག་འདུག་སྙམ་པ་སྟེ། རྒྱུ་མཚན་ནི། ང་ཚོའི་གཞུང་དང་ཆོ་ག་ཁག་ན་འབྱུང་བའི་བླ་མ་བསྟེན་པ་ཞེས་པ་དེ་དང་། བླ་མའི་རྣལ་འབྱོར་སྒོམ་པ་བྱ་བ། བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག་པ་ཞེས་པའི་ཚིག་དེ་རིགས་ལ་ཕྱོགས་གཞན་ཞིག་གི་སྟེང་ནས་འགྲེལ་ཨེ་ཆགས་བལྟས་ཚེ། རང་ཉིད་བླ་མའི་རྣམ་ཐར་གྱིས་རྗེས་སུ་བསླབས་ཏེ། ཁོང་གི་བླ་ན་མེད་པའི་ཐུགས་སྟོབས་ཀྱི་དགོངས་པ་ཟབ་མོའི་སྐོར་རྣམས་རྒྱུན་འཛིན་དར་སྤེལ་གང་ལེགས་སུ་གཏོང་བ་དང་། ཁོང་གིས་གནང་འཕྲོར་ལུས་པའི་བྱ་བཞག་གང་ཡོད་རྣམས་འབད་པས་སྒྲུབ་པ་ལ་རོགས་འདེགས་ཀྱི་ཤུགས་སྣོན་བྱ་ཞིང་། ལྷག་པར་དུ། སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་ཐུགས་དགོངས་ཟབ་མོ་ལྟར། མེ་ཏོག་གི་ལྷ་སྐལ་གཡུང་དྲུང་བོན་ལ་ཕོག་པའི་བོན་གྱི་དགོན་སྡེ་ཡོངས་ཀྱི་མཛའ་བརྩེ་བརྟན་བརླིང་གི་ཐུགས་དགོངས་སྔར་བཞིན་འོ་ཆུ་གཅིག་འདྲེས་སུ་གནས་ཐུབ་པར་ལག་རྗེས་འབུར་ཐོན་འཇོག་པར་བརྩོན་པ་དང་། བསྟན་པ་སྤྱི་ཡི་གནས་བབ་ཀྱི་ཁ་ཕྱོགས་ལམ་ཕྱོགས་གཅིག་གྱུར་ཡོང་བར་ཚང་མས་འབད་བརྩོན་བླ་ལྷག་ཏུ་གནང་དགོས་པ་མ་ཟད། གྱེར་བསྟན་འཕེལ་རྒྱས་མདུན་ལམ་གྱི་ལོ་རྒྱུས་གསར་བའི་གནས་བབ་ཡང་དག་ཞིག་ལ་འཁྲིད་ཐུབ་པ་བྱ་རྒྱུ་བཅས་ནི། བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག་པའི་སྒོ་མ་ནོར་བ་དང་། ཅི་ཞིག་ཐོབ་འདོད་ཀྱི་ཕྱིར་དང་སྐུ་དྲིན་མཚོན་བྱེད་ཀྱི་ཆེད་སོགས་གང་ཡིན་ཡང། ང་ཚོས་ཕྱོགས་སོ་སོ་ནས་གདུང་ཚོར་ཟབ་མོས་དྲན་གསོ་མྱ་ངན་ཞུ་བའི་དོན་གནད་ཡོད་ཚད། གོང་གི་བླང་བྱ་དེ་རིགས་མངོན་འགྱུར་ཡོང་བའི་སྟེང་དུ་འབབ་དགོས་པར་ངེས་པ་འདྲོང་རྒྱུ་དེ་གནད་ཀྱི་དོད་པོ་ལོས་ཡིན་སྙམ་མོ།།

གཞིས་བྱེས་བོན་པོ་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་རླབས་པོ་ཆེ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་འཛམ་གླིང་བོན་པོ་ཡོངས་ཀྱི་གཟི་བརྗིད་དུ་ནམ་ཡང་མི་ནུབ་པར་གྱུར་ཅིག སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནི་ང་ཚོའི་སེམས་ནང་ཇི་སྲིད་བར་གནས་ངེས་ཡིན།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ།
རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་ནས།
སྤྱི་ལོ་༢༠༡༧/༡༡/༤/ཉིན་ལ།

190 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།