གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་གཞིས་བཙུན་དགོན་རདྞ་སྨན་གླིང་དུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་རབ་གནས་ཞུས་པ།

བོན་གཞིས་ཐོབ་རྒྱལ་གསར་པའི་བཙུན་དགོན་རདྞ་སྨན་གླིང་དུ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་དང་མངའ་དབུལ་རབ་གནས་ཀྱི་ཆོ་ག་སྤེལ་བ།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་༧རྒྱལ་བ་སྨན་རིའི་བླ་བྲང་ཉི་འོད་འཁྱིལ་བ་ནས་༧སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བོན་གཞིས་བཙུན་དགོན་རདྞ་སྨན་གླིང་དུ་གདན་འདྲེན་ཞུ་བཞིན་པ།

བོན་གཞིས་བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་སེར་འཕྲེང་སྒྲིག་ཅིང་སྐུ་གདུང་རིན་པོ་ཆེ་གདན་འདྲེན་ཞུ་བཞིན་པ།

སྐུ་གདུང་རིན་པོ་ཆེ་གདན་ཞུས་ཀྱིས་སེར་འཕྲེང་སྒྲིག་སྟེ་རདྞ་སྨན་གླིང་གི་གཙུག་ལག་ཁང་ལ་བསྐོར་བ་བྱེད་བཞིན་པ།

བོན་གཞིས་ཐོབ་རྒྱལ་གསར་པའི་སེར་སྐྱ་མི་མང་ཡོངས་དང་ས་གནས་ཉིན་སློབ་ཀྱི་དགེ་སློབ་ཡོད་ཚད་སྐུ་གདུང་རིན་པོ་ཆེ་ལ་མཇལ་བཅར་དུ་ཕེབས་བསུ་ཞུས་པ།

སྐུ་གདུང་རིན་པོ་ཆེ་གཙུག་ལག་ཁང་གི་སྒོ་མཆོར་ལ་གདན་འདྲེན་ཞུས་ནས་བཙུན་མ་རྣམས་ཀྱིས་གཤེན་རབ་མཆོད་རྔ་བརྡུང་བཞིན་པ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་རདྞ་སྨན་གླིང་གི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་མཚན་ལྡན་བླ་མ་མཆོད་ཐབས་གསུངས་ཏེ་བཞུགས་གསོལ་ཞུས་པ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ། སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། དགེ་བཤེས་བསྟན་འཛིན་རྒྱལ་པོ། རདྞ་སྨན་གླིང་གི་དགེ་རྒན་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་བཅས།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྲུལ་དགེ་བཤེས་རྣམས་དང་གྲྭ་བཙུན་སློབ་གཉེར་པ་ཡོངས། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་ཡོངས་ནས་སྐུ་གདུང་རིན་པོ་ཆེ་ལ་མངའ་དབུལ་རབ་གནས་ཀྱི་ཆོ་ག་གསུངས་གནང་ཞིང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཟབ་རྒྱས་གནང་། རདྞ་སྨན་གླིང་ནས་འདུས་མང་ཡོངས་ལ་འབྲས་སིལ་དང་སྐུ་འགྱེད་སོགས་རྒྱས་འབུལ་ཞུས།

དེ་ནས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་མདུན་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་གཙོས་སེར་སྐྱ་མང་ཚོགས་ཡོངས་ནས་མཚན་ལྡན་བླ་མ་མཆོད་པའི་ཚིགས་བཤད་ལྟར་མཎྚལ་དང་མཆོད་པ་རྣམ་ལྔ་སོགས་འདེགས་འབུལ་ཞུས།

དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་མཚན་ལྡན་བླ་མ་མཆོད་པ་གསུངས་ཤིང་

སེར་སྐྱ་མང་ཚོགས་རྣམས་ཀྱིས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་ཁ་ཞུས།

རདྞ་སྨན་གླིང་གི་ལས་བྱེད་བཙུན་མ་རྒན་གྲས་རྣམས་༧སྨན་རིའི་བླ་སྤྲུལ་རྣམས་དང་ལྷན།

མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཤིང་རདྞ་སྨན་གླིང་ནས་སེར་སྐྱ་མང་ཚོགས་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་ནས་མཛད་སྒོ་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

 

པར་པ། གྱེར་ནག་ཚང་།

བོན་གཞིས་བཙུན་དགོན་རདྞ་སྨན་གླིང་གི་ངོ་སྤྲོད་ལོ་རྒྱུས་གཤམ་ནས་གཟིགས་གནང་རོགས།

http://www.theyungdrungbon.com///2015/12/bbb-10/