གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་གསར་བདམས་ཀྱི་རྟགས་སྒྲིལ།

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་མེ་བྱ་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ ཉིན་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་རྟེན་གཞིར་བྱས་པ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རྟགས་སྒྲིལ་གྱི་ལས་རིམ་དབུ་འཛུགས་གནང་བ།

དེ་ཡང་རྒྱལ་བ་སྨན་རི་བའི་རིང་ལུགས་དང་སྔར་རྒྱུན་གྱི་ཕྱག་སྲོལ་གཞིར་བཟུང་ལྟར་༧རྒྱལ་བ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་དགོངས་སྐོར་རིམ་ཞུས་ཐོག་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོ་མཛད་དེ་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམས་དང་། བོད་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོས་བཀའ་གྲོས་རིམ་པར་གནང་སྟེ་སྨན་རིའི་ཁྲི་འཛིན་༣༤པ་གསར་བདམས་ཀྱི་ལས་རིམ་ཕྱག་བསྟར་གནང་།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ ཉིན་༧སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་༧དཔལ་ཁྲི་བརྟན་ནོར་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ། སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། སྨན་རིའི་གྲྭ་ཚང་གི་གཉེར་པ། ཁྲི་བརྟན་ནོར་རྩེའི་གྲྭ་ཚང་དགེ་སྐོས་དང་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བཅས་ལས་སྣེ་རྣམས་འཛོམས་ཏེ་རྟགས་སྒྲིལ་ཁོངས་སུ་བཞུགས་པའི་དགེ་བཤེས་རྣམས་ཀྱི་མཚན་བྱང་རྣམས་སྨན་ཤོག་ལ་བྲིས་ཤིང་སྨན་སྤོས་དྲི་བཟང་གིས་སྦྱར་ཏེ་ཟན་རིལ་བསྒྲིལ་བ་སོགས་མཛད་གནང་།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་དགོན་གཞིས་གཉིས་ཀྱི་སེར་སྐྱ་མི་མང་ཡོངས་ནས་ཁྲི་འཛིན་༣༤པའི་རྟགས་སྒྲིལ་སྦྱོར་དངོས་རྗེས་གསུམ་གྱི་རླབས་ཆེན་ལས་རིམ་ཁག་ལ་བར་ཆད་ཀྱི་མཚན་མ་བཟློག་ཕྱིར་རྒྱུན་བཞིའི་གེགས་སེལ་སོགས་སྣ་སེལ་གྱི་རིམ་གྲོ་རྒྱ་ཆེན་མཛད་ཅིང་ཕྱི་དྲོར་གཏོར་བཟོ་སོགས་ཀྱི་སྟ་གོན་བྱས།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཙམ་ནས་སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བསླབ་པ་རྒན་གྲས་རྣམས་ཀྱིས་བོན་སྐྱོང་དམ་ཅན་རྒྱ་མཚོའི་སྡེ་ལ་ཚོགས་མཆོད་རྒྱས་འབུལ་གྱིས་སྒྲུབ་བཞིན་པ།

དེ་བཞིན་༧དཔལ་ལྡན་སྨན་རིའི་བླ་བྲང་ཉི་འོད་འཁྱིལ་བའི་ཡང་ཐོག་ཏུ་རྒྱལ་བ་སྨན་རི་བའི་ཡི་དམ་དབལ་ཕུར་ནག་པོའི་ཚོགས་མཆོད་རྒྱས་འབུལ་དང་། ཁྲོ་བོའི་ལྷ་ཁང་དུ་བསྐང་འབུམ། ཚོགས་ཆེན་འདུ་ཁང་དུ་གྲྭ་ཚང་འདུས་མང་ཡོངས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་དང་ཡི་དམ་ཕུར་པའི་ཚོགས་མཆོད་རྒྱས་འབུལ་སོགས་ཞུ་བཞིན་ཡོད་པའི་གནས་བསྡུས་སུ།

༧དབུས་གཡུང་དྲུང་བོན་དྲ་ཚིགས་རྒྱུན་ལས་ཁང་ནས།