གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་བདམས་ཐོན་བྱུང་བ།

གསལ་བསྒྲགས་སྔོན་སོང་ལྟར་ཕྱི་ལོ་ ༢༠༡༨ ཟླ་བ་དང་པོའི་ཚེས་དང་པོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བར་མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་པ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་དུ་བབས་འདུག་པའི་གནས་ཚུལ།

དེ་ཡང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་སོགས་བོད་ཕྱི་ནང་གི་བོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། གནད་ཡོད་མི་སྣ་མང་པོས་བཀའ་བགྲོས་ཡུན་རིང་གནང་མཐར་སྔར་སྲོལ་བཞིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡི་དམ་དབལ་གསས་རྔམ་པའི་གཞུང་དང་བསྟན་སྲུང་སྡེ་བཞིའི་གཞུང་བསྲང་སྟེ།

དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བའི་འབྲས་རྟགས་སུ་རྟགས་སྒྲིལ་དང་པོ་སྨན་རིའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་མདོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དུ་བབས་གནང་འདུག་པ་དང་། དེ་མ་ཐག་བོན་གཞིས་ཐོབ་རྒྱལ་གསར་པའི་སྐྱ་སེར་མི་མང་ཡོངས་ནས་ཀི་བསྭོ་ལྷ་རྒྱལ་འཐེན་ཞིང་དགའ་བའི་མེ་ཏོག་གཏོར་ཏེ་རྟེན་འབྲེལ་གྱི་དར་ཁ་འདེགས་འབུལ་གྱིས་མཇལ་ཁ་ཞུས།

རྟགས་སྒྲིལ་གཉིས་པ་སྨན་རིའི་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་ཁྱུང་ལུང་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་ལ་བབས་ཡོད་པ་བཅས་ཀྱི་རྟེན་འབྲེལ་ཁྱད་དུ་འཕགས་པ་བྱུང་ཡོད།

རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ཕྱི་དྲོར་ཆུ་ཚོད་གསུམ་པ་ཙམ་ལ་སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་དུ་གདན་འདྲེན་ཞུ་རྒྱུ་དང་མི་འགྱངས་པར་བོད་གནམ་ལོ་གསར་ཚེས་ལ་མཁན་ཆེན་ཁྲི་བཞེངས་ཀྱི་གསལ་བསྒྲགས་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

དབུས་གཡུང་དྲུང་བོན་དྲྭ་ཚིགས་ལས་ཁུངས་ནས།