གལ་ཆེའི་གསལ་བསྒྲགས། (༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ཁྲི་འདོན་དུས་ཚེས་གཏན་ཁེལ།)

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༠༢ ཚེས་ ༢༠ ཉིན་ཏེ། བོད་ཟླ་བ་དང་པོའི་ཚེས་ལྔ་སྟེ་༧རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་ཡི་འཁྲུངས་ཚེས་དགེ་བའི་ཉིན་མོར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་བོན་གཞིས་ཐོབ་རྒྱལ་གསར་པའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་གང་ཉིད་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ་རྒྱུར་གཏན་ཁེལ་བྱུང་འདུག

༄༅། །འཛམ་གླིང་ས་ཕྱོགས་གང་དུ་བཞུགས་པའི་རྒྱ་ཆེའི་དད་ལྡན་བོན་འབངས་རྣམས་ལ་ཆེད་དུ་ཞུ་གསོལ།
ཉེ་ལམ་ཕྱི་ལོ་༢༠༡༨་ཕྱི་ཟླ་༠༡་ཚེས་༠༡་ཉིན་སྔར་སྲོལ་བཟང་པོ་ལྟར་ལྷ་སྲུང་བདེན་བདར་གྱིས་སྒོ་ནས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ན་མ་མཆིས་པ༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་༸དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་རྟགས་སྒྲིལ་དུ་བབས་པར་དགོངས་མངའ་བཞིན་རིང་མིན་ཕྱི་ལོ་༢༠༡༨ཕྱི་ཟླ་༠༢་ཚེས་༢༠་དང་། བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་སྟེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་སྐུ་ཡི་འཁྲུངས་ཚེས་དགེ་བའི་ཉིན་མོར་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་གང་ཉིད་ཁྲི་འདོན་མངའ་གསོལ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པས། དེ་དོན་འཛམ་གླིང་ས་ཕྱོགས་གང་ན་བཞུགས་པའི་དད་ལྡན་བོན་འབངས་རྣམས་སྐབས་དེར་ངེས་ཕེབས་ཡོང་བའི་འབོད་བསྐུལ་གསལ་བསྒྲགས་ཞུ་རྒྱུ་དང་། དེ་བཞིན་ཁྲི་འདོན་མཛད་སྒོ་རྒྱས་པ་རྗེས་སུ་འཚོགས་འཆར་ལགས་ཤིང་མཛད་སྒོའི་དུས་ཚེས་གཏན་ཁེལ་བྱུང་མཚམས་རིམ་པས་གསལ་བརྡ་ཞུ་རྒྱུ་ཡིན་པ་ལགས་ན་དེ་ལུགས་དགོངས་འཇགས་འཚལ།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ་༢༠༡༨ ཟླ་༠༡ ཚེས་༡༡ ཉིན་ཕུལ།

2,871 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།