གདན་ས་སྨན་རིའི་གླིང་གི་སྐབས་བཅུ་དགུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་གནང་བ།

རྒྱལ་བ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་ཉིན་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༠༢ ཚེས་ ༢༠ ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྗེ་མཉམ་མེད་ཆེན་པོའི་དུས་ཆེན་དང་། སྨན་རིའི་མཁན་རབས་སོ་བཞི་པ་ཁྲི་བཞེངས་མཛད་སྒོ། སྐབས་བཅུ་དགུ་པའི་དགེ་བཤེས་མཛད་སྒོ་བཅས་དུས་ཆེན་སུམ་འཛོམས་ཉིན་མོར་དགེ་བཤེས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་།

སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༦༢འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་། སྨན་རིའི་མཁན་རབས་སོ་བཞི་པ་༧སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་ཁྲི་བཞེངས་མཛད་སྒོ་དང་སྟབས་བསྟུན་གྱིས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་བཅུ་དགུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཡང་དབུ་འཛུགས་གནངས་ཡོད་པ་རེད།

དེ་ཡང་ཉིན་ལྟར་ཞོགས་པའི་ཕྱག་ཚོད་བཅུ་པའི་ཐོག་སྔོན་འགྲོའི་གཞུང་བཤད་དང་། ཉིན་གུང་གཏོང་སྒོ་ཆེན་མོ། ཕྱི་དྲོར་བཀྲ་ཤིས་གསོལ་རྒྱུ་དང་། བོད་ཚེས་བཅུ་གཉིས་ཉིན་ནས་རིམ་བཞིན་སྔ་དྲོར་ངག་རྒྱུགས་དམ་བཅའ་དང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོ་ཡིན་པ་དང་།


བོད་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ནས་བཀྲ་ཤིས་དམ་བཅའ་དང་། ཕྱི་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པའི་མདུན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་བཞེས་རྒྱུ་དང་ཕྱི་དྲོར་སྐལ་བཟང་ཁྲི་སྟོན་མཛད་སྒོ་སྤེལ་རྒྱུ་ཡིན་པ་བཅས་སོ།།

སྨན་རིའི་གླིང་གི་སྐབས་བཅུ་དགུ་པའི་བཀའ་རམས་པ་རྣམས།

3,438 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།