གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དཔལ་ཁྲི་བརྟན་ནོར་རྩེ་ལ་ཆིབས་བསྒྱུར་གནང་བ།

༧རྒྱལ་བ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ས་ཁྱི་ལོའི་ཟླ་བ་གཉིས་པའི་ཚེས་པ་བཞི་ཉིན་ཏེ། ཕྱི་ལོ་ ༢༠༡༨ལོའི་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་སྟོན་འཁོར་དང་བཅས་པ་༧དཔལ་ཁྲི་བརྟན་ནོར་བུ་རྩེའི་དགོན་པར་ཞབས་སོར་འཁོད་གནང་།

དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༡༩ཉིན་བོན་གཞིས་ཐོབ་རྒྱལ་གསར་པ་༧གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་སྟོན་འཁོར་དང་བཅས་པ་རྒྱལ་ས་ལྡི་ལི་བརྒྱུད་དེ་ཕྱི་ཚེས་༢༡ཉིན་བལ་ཡུལ་རྒྱལ་ས་ལ་ཆིབས་ཕེབས་གནང་ཡོད་པ་དང་། བལ་པོའི་རྒྱལ་སྤྱིའི་གནམ་ཐང་ལ་༧དཔལ་ཁྲི་བརྟན་ནོར་བུའི་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་གྲྭ་ཚང་ལས་སྣེ་ལྷན་རྒྱས་ནས་ཕེབས་བསུ་ཞུས་ཤིང་།

དེ་ནས་༧དཔལ་ཁྲི་བརྟན་ནོར་བུའི་རྩེ་སྒོ་ཆེན་འགྲམ་དུ་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་དང་སྒྲུབ་གྲྭ་མཁན་རིན་པོ་ཆེ་མཆོག དེ་བཞིན་བཤད་སྒྲུབ་མཁན་རིན་པོ་ཆེ་དང་གྲྭ་ཚང་འདུས་མང་དང་། ས་གནས་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུ་དང་སེར་འཕྲེང་བསྒྲིགས།

༧དཔལ་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་ཆེན་མོའི་སྒོ་འཁྱམས་སུ་གཤེན་རབ་མཆོད་རྔ་བརྡུང་ནས་ཚོགས་ཁང་ལ་གདན་འདྲེན་ཞུས་ཤིང་། ༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་རྟེན་གཙོ་ལ་མཇལ་ཕྱག་ཞུས་རྗེས་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་གསོལ་མཛད།

དེ་ནས་༧མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ལ་མན་གདལ་ཕུལ་ཞིང་རྣམ་ལྔའི་མཆོད་པ་སོགས་འདེགས་འབུལ་ཞུས་ཤིང་།

དེ་བཞིན་༧དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་ནས་སྨན་རིའི་དཔོན་སློབ་མཆོག་ལ་མན་གདལ་སོགས་འདེགས་འབུལ་ཞུས།

དེ་མུར་བླ་གྲྭ་དགེ་བཤེས་དང་སེར་སྐྱ་མང་ཚོགས་ཡོངས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་མཇལ་བཅར་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་དགེ་བཤེས་གྱེར་ནག་ཚང་དུ་འབོད་པས་བལ་ཡུལ་རྒྱལ་ས་ཡུམ་བུ་ནས་འཕྲལ་དུ་སྤེལ་བ་དགེ་གྱུར་ཅིག།