གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་བ།

༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ས་ཁྱི་ལོའི་ཟླ་བ་ ༠༢ ཚེས་ ༠༥ རེས་གཟའ་ཕུར་བུ་སྐུའི་བླ་གཟའ་ཉིན་ཏེ། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༢ ཉིན། བལ་ཡུལ་༧དཔལ་ཁྲི་བརྟན་ནོར་བུ་རྩེ་ལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དགོངས་དོན་གཞིར་བཟུང་ཐོག ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱི་ཐུན་མོང་ནས་སྲིད་གསུམ་སྐྱེ་འགྲོ་ཡོངས་ཀྱི་དཔུང་གཉེན་དམ་པ་རྒྱུད་གསུམ་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོ་སྤྱི་ལ་ཕན་པའི་རླབས་ཆེན་གྱི་མཛད་ཆེན་བསྐྱངས་པ་དང་སྒོས་སུ་རང་དགོན་སྨན་རི་ལ་ཐུགས་འཁུར་དང་མཛད་རྗེས་བླ་མེད་གནང་བར་ཐུགས་རྗེ་བཀའ་དྲིན་རྗེས་དྲན་དང་སླར་ཡང་སྐུ་ཚེ་མི་བཤིག་གཡུང་དྲུང་གི་ཁམས་སུ་བསྐལ་བ་བརྒྱ་ཡི་བར་དུ་བརྟན་ཕྱིར་སྐུ་གསུང་ཐུགས་རྟེན་དང་བཀྲ་ཤིས་རྟགས་བརྒྱད་སོགས་འདེགས་འབུལ་ཞུས་པ།

གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་གྱི་ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་༧སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་མཇལ་འཕྲད་གནང་།

དེ་ནས་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་དེ་༧དཔལ་ཁྲི་བརྟན་ནོར་བུ་རྩེའི་དགོན་པའི་དཔེ་མཛོད་ཁང་དགོན་པའི་ཁོར་ཡུག་སོགས་ལ་གཟིགས་སྐོར་གནང་།

ཆུ་ཚོད་ ༡༠ པ་ཙམ་གྱི་ཐོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བླ་བྲང་ནས་སྤྱན་དྲངས་ཏེ་གསས་མཁར་མཆོག་ལྔའི་ལྷ་ཁང་དུ་ཞབས་སོར་འཁོད་མཚམས་དགེ་བཤེས་བླ་སྤྲུལ་འདུས་མང་ནས་ཚེ་སྒྲུབ་བྱ་རི་མའི་གཞུང་བསྲང་བ་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མན་གདལ་བཤད་པ་ཕུལ་ཞིང་མན་གདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

དེ་ནས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་དང་། སྨན་རིའི་གྲྭ་ཚང་གི་གཉེར་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན། སྨན་རི་ཚང་གི་དངུལ་གཉེར་ཤེས་རབ་དཔལ་ལྡན། སྨན་རིའི་བཤད་སྒྲུབ་འདུས་སྡེ་ཚོགས་གཙོ་ཡོན་ཏན་རྒྱལ་མཚན་སོགས་ཀྱིས་རིམ་བཞིན་བརྟན་བཞུགས་ཀྱི་མཆོད་རྫས་བཀྲ་ཤིས་རྟགས་བརྒྱད་དང་རིན་ཆེན་ནོར་བདུན། ན་བཟའ་གོས་དྲུག རྣམ་ལྔའི་མཆོད་པ་སོགས་རིམ་གྱིས་ཕུལ་བ་དང་།

མཇུག་མཐར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་གནད་དུ་སྨིན་པ་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་བལ་ཡུལ་གྱི་རྒྱལ་ས་ནས་དགེ་བཤེས་གྱེར་ནག་ཚང་གིས་འཕྲལ་དུ་སྤེལ་བ་དགེ།