གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་རང་དགོན་སྨན་རི་དགོན་དུ་ཞབས་སོར་འཁོད་པ

༧རྒྱལ་བ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ས་ཁྱི་ལོའི་ཟླ་བ་གཉིས་པའི་ཚེས་པ་བཅུ་བཞིའི་ཉིན་ཏེ། ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་གསུམ་པའི་ཚེས་སུམ་བཅུའི་ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་སྟོན་འཁོར་དང་བཅས་པ་རང་དགོན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་འཁོད་གནང་བ།

༧དཔལ་ཁྲི་བརྟན་ནོར་བུའི་རྩེ་ལ་མཛད་འཕྲིན་ཡོངས་སུ་གྲུབ་ནས་ཕྱི་ཚེས་༢༧ཉིན་ཕེབས་ཐོན་གནང་ནས་ཤེས་རིག་ཕུན་ཚོགས་གླིང་བཅས་སུ་མཛད་འཕྲིན་བསྐྱངས་ཏེ་ཕྱི་ཚེས་༢༨ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ལ་ཞབས་སོར་འཁོད།

ཕྱི་ཚེས་༣༠ཉིན་གྱི་ཞོགས་པར་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་རང་དགོན་སྨན་རིའི་གླིང་དུ་བདེ་བླག་ངང་ཞབས་སོར་འཁོད་གནང་ཡོད་པ་དང་།

ས་གནས་སོ་ལན་དང་ཨོ་ཆི་གྷར་སོགས་ནས་ཕེབས་བསུ་རིམ་བཞིན་ཞུས་ཡོད་པ་དང་། ཚོགས་ཁང་ཆམ་ར་ལ་གཤེན་རབ་མཆོད་རྔ་བརྡུང་ནས་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་གནང་།

སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ནས་གོ་རིམ་བཞིན་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་མན་གདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཡོད་པ་དང་།

དེ་ནས་སྨན་རིའི་གྲྭ་ཚང་གི་གཉེར་པ་གཉིས་ནས་མཆོད་པ་རྣམ་ལྔ་བཅས་འདེགས་འབུལ་ཞུས་ནས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་མཇལ་ཁ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

པར་པ། གྱེར་ནག་ཚང་།