གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་བརྙེས་ནས་མི་ལོ་༤༠འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་སུམ་སྟོང་གཅིག་བརྒྱ་ལྔ་བཅུ་ང་ལྔ་(༣༡༥༥)བོད་ས་ཁྱི་ལོའི་ཟླ་བ་གཉིས་པའི་ཚེས་པ་བཅུ་བདུན་ཉིན་ཏེ། ཕྱི་ལོ་༢༠༡༨ཟླ་༤པའི་ཚེས་༢ཉིན་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་བརྙེས་ནས་མི་ལོ་༤༠འཁོར་བའི་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུས་པ།

དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པར་ཆུ་ཚོད་བརྒྱད་པའི་ཐོག་བོན་གཞིས་སེར་སྐྱ་མི་མང་ཡོངས་ལྷ་རྒྱལ་རིར་འདུ་འཛོམས་ཐོག རྒྱལ་བའི་བསྟན་པ་སྤྱི་དང་དེ་འཛིན་གྱི་སྐྱེས་བུ། སྒོས་སུ་བསྟན་པ་འདི་ལ་ཞབས་འདེགས་བྱེད་པའི་མི་སྡེ་ལྷ་སྡེ་རྣམས་ཀྱི་བསམ་དོན་བོན་བཞིན་དུ་འགྲུབ་ཆེད། བོན་སྐྱོང་བསང་གསོལ་ལྷ་རྒྱལ་འཐེན་པའི་ཆོ་ག་རྒྱས་པར་གྲུབ་རྗེས།

༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁའི་མཛད་རིམ་བསྐྱངས་ཡོད་པ་དང་།བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་ཚོགས་མགོན་དུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གདན་ཞུས་ཀྱིས་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་སྒྲེང་མཛད་དེ་བོན་གཞིས་སེར་སྐྱ་ཀུན་གྱིས་དགའ་བའི་ཐལ་སྒྲ་ལྡིར་ཞིང་། དེ་ནས་སྐྱ་སེར་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་གནང་ཞིང་། སྨོན་ལམ་གསུངས་གྲུབ་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་པ་བཅས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་།

དངོས་གཞིའི་མཛད་རིམ་ཐོག་མར་སྐྱ་སེར་ཡོངས་ལ་རྟེན་འབྲེལ་གྱི་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་པ་དང་ཆབས་ཅིག་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་གནང་ཡོད་པ་དང་།

དེ་བཞིན་རིམ་པ་ལྟར་ཚོགས་མགོན་དུ་ཞབས་སོར་འཁོད་པའི་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་འགོ་འཛིན་རྣམས་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་བཤད་སྡེའི་སློབ་གཉེར་བྱེད་སྟངས་དང་འབྲེལ་བའི་གསུང་བཤད་བཀའ་སློབ་བསྩལ།

མཐར་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་དང་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ནས་སེར་སྐྱ་མི་མང་ཡོངས་ལ་མི་ཚེ་དོན་ཡོད་དུ་སྒྲུབ་དགོས་པའི་བཀའ་སློབ་གནད་སྨིན་བསྩལ་བ་དང་།

དེ་རྗེས་ལོ་འཁོར་ཡིག་རྒྱུགས་རྩེ་ཕུད་རྣམས་ཀྱི་གྲྭ་བ་དང་བཙུན་མ་རྣམས་དང་། འཆར་ཅན་གཞུང་རྒྱུགས་རིགས་ཕུད་པའི་འཕར་རྒྱུགས་ལ་རྗེ་རིན་པོ་ཆེའི་ས་ལམ་འཕྲུལ་གྱི་སྒྲོན་མའི་རང་འགྲེལ་དང་ཕར་ཕྱིན་སྐབས་གཉིས་པ་སོགས་དམིགས་བསལ་ངག་རྒྱུགས་འབུལ་མཁན་གྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་གཉིས་ཀྱིས་གསོལ་རས་གཟེངས་བསྟོད་ཕྱག་འཁྱེར་བསྩལ་གནང་བ་སོགས་ཀྱི་མཛད་བཟང་བསྐྱངས་བ་དང་། མཇུག་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་དུས་ཆེན་རྒྱལ་ཁའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།