གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་ཁྲི་འཛིན་༣༣པའི་སྐུ་བརྙན་གཟི་བྱིན་རང་འབར་མ།

འཛམ་གླིང་བོན་གྱི་གཙུག་རྒྱན་ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པ་རིན་པོ་ཆེ་མཆོག་རྒྱལ་བ་གཤེན་གྱི་འབྱུང་ལྡན་༣༠༠བོད་ས་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༡༩༢༩ཧོར་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་སྐུ་མཆོག་བལྟམས་པ་ནས་བཟུང་དགུང་གྲངས་༨༩ལ་ཕེབས་པའི་བར་དུ་བོན་གཞིས་བྱེས་གཉིས་དང་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་རྒྱ་ཆེའི་མཛད་འཕྲིན་བསྐྱངས་པ་དང་། བོད་ཀྱི་གཞོན་སྐྱེས་ཀུན་ལ་གནའ་དེང་རིག་པའི་ཤེས་ཡོན་བསྩལ་ཞིང་། དེ་བཞིན་རབ་འབྱམས་པའི་མཚན་རྟགས་བཞེས་པའི་དགེ་བཤེས་བརྒྱ་ཕྲག་ལྷག་བོད་གཞིས་བྱེས་གཉིས་ཀྱི་དགོན་པའི་མཁན་པོ་དང་དཔོན་སློབ་ཤར་ནུབ་ཀྱི་རྒྱལ་ཁབ་རྣམས་བོན་ཚོགས་ཀྱི་དབུ་ཁྲིད་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བཅས་སུ་མངགས་གཏོང་མཛད་ཡོད་པ་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡང་བུ་སློབ་སྟོང་ཕྲག་མང་པོ་གསོ་སྐྱོང་མཛད་གནང་ཡོད་པ་སོགས་བཀའ་དྲིན་གཞལ་དུ་མེད། དེ་ལྟ་སྟོང་གསུམ་འདུལ་བའི་སྟོན་པ་ལྟ་བུའི་མཛད་འཕྲིན་བསྐྱངས་ནས་༢༠༡༧དགུང་གྲངས་གྱ་དགུ་བཞེས་ཐོག་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཏེ། སྤྱི་ལོ་༢༠༡༧་༩་༡༤ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦དང་སྐར་མ་༢༥ཐོག་གདན་ས་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཤེགས་གནང་མཛད་ཡོད། 

འདི་ན་བོན་འབངས་ཡོངས་ཀྱི་དད་པའི་རྟེན་དུ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་བརྙན་གཟི་བྱིན་རང་འབར་མ་འབུལ་དུ་དོད་པ་ཞིག་བཟོ་བསྐྲུན་བྱས་ཡོད། སྐུ་བརྙན་རིན་པོ་ཆེ་ནི་ལི་དང་ཟངས་ཀྱི་རིན་པོ་ཆེའི་རྒྱུ་ལས་གྲུབ་ཅིང་ཧ་ཅང་སྤུས་ལེགས་པ་ཞིག་ཡིན། གཞན་ལྕགས་དང་གསེར་རྒོད་སོགས་གང་ཡང་གིས་ལྷད་ཞུགས་མེད། གདན་ཁྲི་དང་རྒྱབ་ཡོལ་མ་བརྩིས་པའི་སྐུ་བརྙན་རྐྱང་བའི་མཐོ་ཚད་ལ་ཁྲུ་གང་ཡོད། གདན་ཁྲི་དང་རྒྱབ་ཡོལ་གཉིས་ནི་༼ཤུག་མུག་༽ཟེར་བའི་རྒྱ་ནང་གི་རྒྱུ་དང་མདོག་བཟང་བའི་ཤུག་པ་འདྲ་བོ་དེས་བཟོས་ཡོད། རྟེན་མཆོག་གཟུངས་གཞུག་ལ་རིན་པོ་ཆེ་མཆོག་གི་གདུང་ཐལ་དང་ན་བཟའ་བཟང་དྲུག་སྨན་རིལ་བྱིན་རླབས་རྩ་ཆེན་སྣ་ཚོགས་ཡོད། རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་གྱི་གནས་ཆེན་ཤར་དུང་རི་དང་བྱང་བྱ་དུར་སོགས་ཁྱད་འཕགས་གནས་རི་འགའི་ལྷ་ཤིང་ཤུག་པ་དང་ཁོང་གི་གསོལ་འདེབས་རབ་འབྱམས་ཕྱོགས་བཅུ་རྒྱལ་བ་གྲངས་མང་ཞིག་གིས་བཀང་བར་བྱས་ཡོད་དོ། །སྐུ་བརྙན་རང་བྱིན་རང་འབར་འདི་ནི་ཚོང་རྫས་ཙམ་དང་མགོ་གཡོག་བྱེད་གཏན་ནས་མ་ཡིན་ལ། ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐུས་འདུལ་བའི་དུས་དང་དགོངས་པ་བོན་དབྱིངས་སུ་གཟིགས་རྗེས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་འཛམ་གླིང་གོ་ལའི་ཁྱོན་ལ་ཡོངས་སུ་གྲགས་པར་མཛད་པའི་བཀའ་དྲིན་ནི་གཞལ་མཐའ་མེད་ཅིང་། དེ་བས་ང་ཚོ་གཞིས་བྱེས་བོན་མི་ཡོངས་ཀྱིས་བསོད་ནམས་ཚོགས་ཀྱི་ཕུང་པོ་བསགས་པའི་རྟེན་མཆོག་ཅིག་དང་སྐུ་གསུང་ཐུགས་གསུམ་གྱི་དྲིན་དྲན་པའི་རྟེན་དུ་དམིགས་ནས་ལྷག་བསམ་ཟོལ་མེད་ཀྱིས་བཟོ་བསྐྲུན་མཛད་པ་ཡིན། འགྲོ་བ་དད་པ་ཅན་ཚོས་རྒྱུ་ནོར་སེར་སྣའི་དབང་དུ་མ་གཏོང་བ་སྐུ་བརྙན་རེ་བླུས་ལ་རང་རང་གི་མཆོད་ཁང་སོགས་སུ་བཞུགས་ན་ཕན་ཡོན་རྒྱ་ཆེ་ཡོད་པ་ནི་སྨོས་མ་དགོས་པ་ཡིན་ནོ་ཞེས་རེ་བས་འབོད་སྐུལ་ཞུས་པ་ཡིན།

རྟེན་མཆོག་གཟུངས་གཞུག

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་ཁྲི་འཛིན་༣༣པའི་སྐུ་བརྙན་གཟི་བྱིན་རང་འབར་མའི་གསལ་བཤད།བཟོ་སྐྲུན་འགན་ཁུར་བ་སྐྱང་སྐལ་བཟང་འབྲུག་གྲགས་ལགས་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ལ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་ཁྲི་འཛིན་༣༣པའི་སྐུ་བརྙན་གཟི་བྱིན་རང་འབར་མ་ཕུལ་བ།

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་ཁྲི་འཛིན་༣༣པའི་སྐུ་བརྙན་གཟི་བྱིན་རང་འབར་མ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་ལྷ་ཁང་དུ་བཞུགས་སུ་གསོལ་བ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་བཟོ་སྐྲུན་པ་སྐྱང་སྐལ་བཟང་འབྲུག་གྲགས།

                                                                 རྩོམ་གྱི་ཡོངས་ཁུངས་ཧི་མ་ལ་ཡའི་བོན་གྱི་དྲྭ་ཚིགས།