གཡུང་དྲུང་བོན་གྱི་དྲྭ་རྒྱ།

དེ་རིང་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་སྒྲུབ་རྒན་ལགས་དང་དཔེ་མཛོད་ལས་བྱེད་ལ་སོགས་ལས་སྣེ་ཁག་ཅིག་བསྐོ་བཞག་བྱས་པའི་གནས་བསྡུས།

བོད་ཟླ་གསུམ་པའི་ཚེས་ལྔ་སྟེ་ཕྱི་ལོ་༢༠༡༨ལོའི་ཟླ་༤པའི་ཚེས་༢༠ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པའི་སྟེང་། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོམས་ཆེན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་གཙོས་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་སུམ་ཅུ་ལྷག་ཅིག་ཚང་འཛོམས་ཐོག་བཤད་སྡེའི་རྒན་ལགས་དང་དཔེ་མཛོད་ལས་བྱེད་སོགས་ལས་སྣེ་ཁག་ཅིག་གསར་དུ་བསྐོ་བཞག་བྱས་ཡོད་པ་དང་། དེ་ཡང་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་གསུངས་དོན། གདན་ས་འདི་ནི་གཡུང་དྲུང་བོན་གྱི་གདན་སའི་བསྟི་གནས་ཡིན་པའི་ཆ་ནས་གདན་ས་འདིའི་བསླབ་པ་སློབ་གཉེར་གྱི་འཕེལ་རྒྱས་དང་ཉམས་རྒུད་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་སྤྱིའི་འཕེལ་འགྲིབ་མཚོན་གྱི་ཡོད་པའི་ཆ་ནས།

ང་ཚོ་ལས་ཀྱི་སྣེ་མོ་བ་དག་གིས་འཕྱར་གྲུ་མཉམ་འདེགས་ཀྱིས་བསྟན་པ་འདི་ལ་ཞབས་ཞུ་གང་ནུས་གནང་དགོས་པའི་བཀའ་སློབ་གནད་སྨིན་བསྩལ་ཡོད་པ་དང་།

དེ་བཞིན་དུ་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་པས་རིམ་པ་བཞིན་བཤད་སྡེའི་རྒན་ལགས་དང་བསྟན་པ་འདིའི་ལས་དོན་གང་ལ་ཞབས་ཞུ་ཕུལ་བཞིན་པའི་ལས་ཀྱི་སྣེ་མོ་བ་དག་གིས་རང་ནུས་གང་འཇོན་གྱིས་ཞབས་ཞུ་ཕུལ་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།

མཇུག་མཐར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལོ་ངོ་གང་མང་རིང་ལ་བསྟན་པ་སྤྱི་དང་དགོན་འདིར་ཞབས་ཞུ་ལོ་མང་ཞུས་པའི་ལས་སྣེ་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་འཁྱེར་བསྩལ་གནང་བ་བཅས་ཀྱིས་ཚོགས་འདུ་མཇུག་གྲུབ་པར་བྱས་ཡོད་པའི་གནས་བསྡུས་ཙམ་དུ།