གཡུང་དྲུང་བོན་གྱི་དྲྭ་རྒྱ།

རིས་མེད་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཚོགས་པ།

ཕྱི་ལོ་༢༠༡༨ཕྱི་ཟླ་༤ཚེས་༢༣ཉིན་རྒྱ་གར་ས་གནས་རིས་མེད་མཐུན་ཚོགས་རྒྱུན་ལས་སྐབས་དང་པོ་དང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་གོ་སྒྲིག་གནང་བའི་༼རིས་མེད་ཀྱི་མདོ་སྔགས་སེམས་གསུམ་གྱི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ༽སྨན་རིའི་གླིང་འདིར་འཚོགས་ཡོད་པ་རེད། དེ་ཡང་འཛམ་གླིང་འདི་ནི་ཆོས་ལུགས་སྣ་ཚོགས་ཀྱི་ལྟ་བའི་ཤན་ཤུགས་ཐེབས་པའི་མི་རིགས་འདྲ་མིན་གྱི་གཞིས་ཁྱིམ་ཆེན་མོ་ཞིག་དང་། ལྟ་གྲུབ་འདྲ་མིན་དེའི་སྟེང་ནས་སེམས་ཅན་ཞི་བདེར་སྙེགས་པའི་ལམ་ཁ་མ་ནོར་བ་ཞིག་ཡིན་ཕྱིན། དེ་དག་ཞི་བདེའི་ལམ་ཁར་སྙེགས་པའི་ཐབས་ལམ་ནི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ཁོ་ནར་འཁུམས་པའི་ཀུན་སློང་རྨང་གཞིར་བཏིང་ནས་རྒྱ་གར་ས་གནས་རིས་མེད་མཐུན་ཚོགས་རྒྱུན་ལས་སྐབས་དང་པོ་དང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་མཉམ་འབྲེལ་སྒོས་ཚོགས་འདུ་སྐོང་འཚོགས་གནང་ཡོད་པ་དང་། དེ་ཡང་གོང་ཚེས་ཞོགས་པའི་ཕྱག་ཚོད་༧་དང་སྐར་མ་༣༠་སྟེང་ཐེངས་འདིའི་བགྲོ་གླེང་ཚོགས་མགོན་དུ་བཀའ་དྲིན་ཆིབས་བསྒྱུར་བསྐྱང་གནང་བའི་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་རའི་ཚོམས་ཆེན་དུ་གདན་ཞུས་གྲུབ་རྗེས། སྣང་གསལ་མར་མེའི་ཞལ་ཕྱེས་ནས་ཆོས་བརྒྱུད་དྲུག་གི་འཐུས་ཚབ་གསུང་བཤད་སློབ་དཔོན་རྣམས་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ལ་བརྟན་བཞུགས་མཎྜལ་ཕུལ་བ་དང་།

ཉིན་འདིའི་བགྲོ་གླེང་ཚོགས་འདུའི་མདོ་འཛིན་པ་སྨན་རིའི་དགེ་བཤེས་ཤེས་རབ་རྣམ་རྒྱལ་མཆོག་ནས་མདོ་འཛིན་འོག་སྔོན་འགྲོའི་མཛད་རིམ་དབུ་འཛུགས་གནང་ཡོད་པ་དང་།

དེ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ནས་བགྲོ་གླེང་གོ་སྒྲིག་ཞུས་ཕྱོགས་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད། རྒྱ་གར་ས་གནས་རིས་མེད་མཐུན་ཚོགས་ཀྱི་ཚོགས་གཙོ་དཔལ་ལྡན་ས་སྐྱ་པའི་མཁན་པོ་ཁྲིཿའགྱུར་མེད་རྡོ་རྗེ་མཆོག་ནས་ཀྱང་རིས་མེད་བགྲོ་གླེང་གི་དགེ་ཕན་དང་དམིགས་ཡུལ། ལྷག་པར་དུ་གདན་ས་འདིར་ཚོགས་དགོས་པའང་ལོ་རྒྱུས་བྱུང་རབས་དང་། སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གསར་དུ་གསེར་ཁྲི་ལ་ཕེབས་པའི་གནས་བབ་ཡིན་ནའང་འདྲ། གནས་ཚུལ་མང་པོ་ཞིག་གི་རྟགས་དང་རྟེན་འབྲེལ། དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་གནས་འདིར་ཚོགས་འདུ་འཚོགས་ཐུབ་པའི་ཀུན་སློང་དོན་ཐོག་ཏུ་སྨིན་པར་དགའ་མོས་ཞུ་བཞིན་ཡོད་ཅེས་གསུང་གནང་བ་དང་། དབུས་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསོད་རྒན་རིན་པོ་ཆེས་༧གོང་ས་མཆོག་ནས་རིས་མེད་ཀྱི་མདོ་སྔགས་སེམས་ཀྱི་ལྟ་གྲུབ་བགྲོ་གླེང་གི་སྐབས་འདིར་ཆེད་དུ་གསོལ་བསྩལ་གནང་བའི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་རིས་མེད་བགྲོ་གླེང་འདི་ནི་མི་སྒེར་གྱི་ཐོབ་ཐང་དང་། རང་དོན་ཕྱོགས་ལྷུང་། དཔལ་འབྱོར་བསྡུ་སྒྲིག་སོགས་མ་ཡིན་པར་བསྟན་པ་སྤྱི་ལ་ཕན་སེམས་སྒོས་མ་འོངས་པར་ཕྱོགས་མཐའ་ཁག་ནས་ཚོགས་འཆར་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།
ཐེངས་འདིའི་རིས་མེད་བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་འཛམ་གླིང་འདིར་འཚོ་བཞུགས་གནང་བའི་སེམས་ཅན་ཀུན་གྱི་བསམ་བློ་གཅིག་གྱུར་མིན་ཕྱིན་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་དེ་ཡི་དོན་དུ་བལྟམས་པ་དགོས་ངེས་ཞིག་དང་། བོད་གངས་ཅན་ལྗོངས་ཀྱི་བོད་མི་ཡོད་དོ་ཅོག་སྟོན་པ་གཉིས་ཀྱི་རྗེས་འཇུག་པ་ཤ་སྟག་ཡིན་ཕྱིན། ཆོས་ལུགས་ཕན་ཚུན་བར་གྱི་མཐུན་འབྲེལ་ནི་མི་རིགས་མཐུན་སྒྲིལ་དང་ཆོལ་གསུམ་མཐུན་སྒྲིལ་གྱི་ཐབས་ལམ་ཡག་ཤོས་ཡིན་པའི་བཀའ་སློབ་བསྩལ་བ་དང་། དེ་ཡང་ཆོས་ལུགས་མཐུན་སྒྲིལ་གྱི་རྩ་བ་དེའང་ཆོས་ལུགས་དེའི་བླ་མ་དང་དགེ་རྒན་དག་ལ་ཐད་ཀར་འབྲེལ་བ་ཡོད་ཕྱིན། རང་ཞེན་གཞན་སྡང་གི་བསམ་བློ་སྤངས་ནས་ཀུན་ལ་དག་སྣང་འོད་ཀྱིས་བརྒྱན་པ་ཞིག་ཡོང་ཐབས་འབད་དགོས་པའི་བཀའ་སློབ་བསྩལ་གནང་བ་རེད། དེ་ཡང་སྔོན་བྱོན་གོང་མ་སྐྱེས་ཆེན་རིས་མེད་དག་གིས་གཅིག་བརྟེན་གཅིག་བསྟོད་ཀྱིས་གཞན་གྱི་གྲུབ་མཐའ་ཁག་ལ་དག་སྣང་སྦྱངས་པའི་ཐབས་སུ་བསྩལ་བའི་ལུང་གི་བསྟན་དོན་ཁག་ཅིག་གསེད་བཀྲོལ་གྱིས་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་། མཐའ་དོན་དུ་ལོ་སྔོན་མར་གཡུང་དྲུང་བོན་གྱི་དབུ་ཁྲིད་༧སྐྱབས་རྗེ་དམ་པ་ཞིང་དུ་གཤེགས་སྐབས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོས་ཆོས་ལུགས་ཁག་གི་བླ་ཆེན་དག་གིས་གདུང་སེམས་མཉམ་སྐྱེལ་གྱི་གསུང་འཕྲིན་དུ་མ་འབྱོར་བར་ཐེངས་འདིའི་ཚོགས་འདུའི་གོ་སྐབས་བརྒྱུད་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་བཀའ་སློབ་གྲུབ་རྗེས་ཉིན་འདིའི་མདོ་འཛིན་པས་ཐུགས་རྗེ་ལེགས་གསོལ་ཞུ་བའི་གསུང་བཤད་གནང་ནས་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ་ཡོད་པ་རེད།
བགྲོ་གླེང་དངོས་གཞིའི་ཚོགས་ཐུན་དང་པོར། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ནས་ཆུ་ཚོད་གཅིག་གི་རིང་གཡུང་དྲུང་བོན་གྱི་༼བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ངོ་སྤྲོད༽ཅེས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ངོས་འཛིན་དང་། རྫོགས་ཆེན་གྱི་བུ་བཞིའི་ངོ་སྤྲོད། རྫོགས་ཆེན་ཞེས་པའི་ཐ་སྙད་དེ་གཉིས་ཀྱི་ངོ་སྤྲོད། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གྲངས། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་གྲངས། རྫོགས་པ་ཆེན་པོའི་ལྟ་བའི་ངོ་སྤྲོད་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་དོན། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཀྱི་ངོ་སྤྲོད་རྩོད་སྤང་སྨྲ་བའི་སེང་གེའི་དགོངས་དོན། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་ངོས་འཛིན་བླ་ཆེན་དྲན་པ་ནམ་མཁའི་དགོངས་དོན།

རྫོགས་པ་ཆེན་པོའི་ལྟ་བ་འདི་མཐའ་བཞིའི་རྒྱ་ལས་གྲོལ་ཚུལ་རྫོགས་ཆེན་གཞུང་གི་དགོངས་དོན། རྫོགས་པ་ཆེན་པོའི་གཞི་ལམ་དང་སྒོམ་འབྲས་རྣམས་བདེ་བའི་རང་བཞིན་ཡིན་པའི་རྒྱུ་མཚན། ཐུན་མོང་མ་ཡིན་པའི་སྟོང་ཉིད་འཇོག་ཚུལ་གསེར་གྱི་གདམས་པའི་དགོངས་དོན་སོགས་ལུང་རིགས་ཟུང་འབྲེལ་གྱིས་གསེད་བཀྲོལ་བྱས་ཤིང་། གསུང་བཤད་གྲུབ་རྗེས་ཆུ་ཚོད་ཕྱེད་ཀར་ཐེངས་འདིའི་རིས་མེད་བགྲོ་གླེང་གི་གསུང་བཤད་སློབ་དཔོན་རྣམས་དང་བགྲོ་གླེང་གི་ཆ་ཤས་ལེན་པར་འབད་པའི་སློབ་གཉེར་བ་རྣམས་ནས་དྲི་བ་དྲིས་ལན་ལས་རིམ་གྱིས་གསུང་བཤད་རིམ་པ་དང་པོ་མཇུག་གྲུབ་པར་བྱས་ཡོད་པ་རེད།
གསུང་བཤད་ལས་རིམ་གཉིས་པར་སྔ་འགྱུར་རྙིང་མའི་མཁན་པོ་འགྱུར་མེད་རྡོ་རྗེ་མཆོག་ནས་ཆོས་བརྒྱུད་རིས་མེད་ཞེས་པ་ནི་ཆོས་ལུགས་ཐམས་ཅད་གཅིག་ལ་བསྒྱུར་བ་ལ་མི་འདོད་ལ། ཆོས་ལུགས་ཕན་ཚུན་ལ་གུས་བཀུར་དང་། གུ་ཡངས་ཀྱི་བསམ་བློ། ཆོས་སྐད་བཤད་ན་དག་སྣང་ཡོད་པ་ཞིག་ལ་རིས་མེད་ཞེས་ངོས་འཛིན་ཞུ་བ་ཡིན་ཞེས་རིས་མེད་ཀྱི་འགྲེལ་བརྗོད་སྔོན་དུ་གསུང་ནས་ ༼ཆོས་བརྒྱུད་རིས་མེད་ངོས་འཛིན་སྟངས་དང་ལྟ་བའི་རྣམ་གཞག་རིག་འཛིན་བླ་མའི་ཞལ་ལུང་།༽ཞེས་པའི་བརྗོད་གཞི་ཐོག་ནས་སྔ་འགྱུར་རྙིང་མའི་ཐེག་པ་རིམ་པ་དགུའི་སྐོར། གསར་རྙིང་གི་དབྱེ་བ་འབྱེད་སྟངས། སེམས་ཀློང་མན་ངག་གི་སྡེ་འཇོག་ཚུལ། རྫོགས་ཆེན་གྱི་བརྒྱུད་རིམ། མདོ་སྔགས་ཀྱི་ལྟ་གྲུབ་སྐོར། བཀའ་ཐོག་མཐའ་བར་གསུམ་གྱི་དབང་དུ་བྱས་པའི་རིགས་འཇོག་ཚུལ། གསུང་ནས་ཆུ་ཚོད་གཅིག་རིང་གི་གསུང་བཤད་མཇུག་གྲུབ་རྗེས་དྲི་བ་དྲིས་ལན་གྱི་མཛད་རིམ་བསྐྱང་ནས་གསུང་བཤད་གནང་མཁན་གཉིས་པའི་གོ་རིམ་མཇུག་གྲུབ་པར་བྱས་ཡོད་པ་རེད།

ཉིན་རྒྱབ་ཆུ་ཚོད་༣པའི་ཐོག་རྒྱལ་བ་བཀའ་བརྒྱུད་པའི་མཁན་པོ་ཚུལ་ཁྲིམས་ཉི་མ་མཆོག་ནས་༼རྒྱལ་བ་བཀའ་བརྒྱུད་པའི་མདོ་དང་སྔགས་ཀྱི་ལྟ་གྲུབ་མཚོན་བརྗོད་པ་དྭགས་བརྒྱུད་བླ་མ་དགྱེས་པའི་ཞལ་ལུང་།༽ཞེས་པའི་བརྗོད་གཞི་གཏན་འབེབས་ཐོག་རྒྱལ་བ་བཀའ་བརྒྱུད་པའི་ལུགས་ཀྱི་ཟབ་མོ་དབུ་མའི་ལྟ་བ་དང་། གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག དབུ་མ་ཞེས་པའི་གོ་དོན། ཟབ་གསལ་སྔགས་ཀྱི་དབུ་མ། ཟབ་གསལ་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་མོ། ཞར་བྱུང་དུ་རྒྱུད་སྡེ་བཞིའི་ཁྱད་པར་སོགས་རྒྱལ་བ་བཀའ་བརྒྱུད་པའི་ལྟ་གྲུབ་ཀྱི་རྣམ་གྲངས་རྒྱ་ཆེ་བ་གྲངས་མང་བ་སོགས་ཐེངས་འདིའི་བགྲོ་གླེང་དུ་མཉམ་བཞུགས་གནང་བའི་སློབ་གཉེར་བ་དག་གི་བགོ་སྐལ་དུ་བསྩལ་གནང་ནས་དྲི་ལན་གྱི་གོ་རིམ་དབུ་འཛུགས་གནང་ནས་གསུང་བཤད་རིམ་པ་གསུམ་པའི་བགྲོ་གླེང་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་༤།༣༠ནས་དཔལ་ལྡན་ས་སྐྱ་པའི་མཁན་པོ་ཁྲིཿའགྱུར་མེད་རྡོ་རྗེ་མཆོག་ནས་དཔལ་ས་སྐྱ་པའི་ཆོས་ལུགས་དང་གཡུང་དྲུང་བོན་གཉིས་བར་གནའ་ནས་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་ལ། དེ་ཡང་དཔེ་མཚོན་ཙམ་ཞུས་ན་དཔལ་ས་སྐྱའི་ཕྱོགས་ནས་གོ་ཤག་སྟག་གསུམ་དུ་གྲགས་པ་རྣམས་ཀྱི་ཡིག་ཆ་གཞི་བཟུང་ས་གཙོ་བོ་ནི་རོང་སྟོན་ཤེས་བྱ་ཀུན་རིག་གྱི་ཡིག་ཆ་ལ་བསྟུན་ཡོད་ལ། རོང་སྟོན་ཁོང་ནི་བོན་པོ་ཡིན་པ་མ་ཟད་བོན་གྱི་གཞུང་ལུགས་སྐོར་ལ་མཁྱེན་རྒྱ་ཡངས་མཁན་ཞིག་རེད། དེ་འདྲ་ཡིན་པ་སོང་ཙང་རོང་སྟོན་ཁོང་ནི་ས་སྐྱའི་ངོས་ནས་བཤད་ན་ས་སྐྱ་ལ་ཕྱག་རྗེས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་ནས་དཔལ་ལྡན་ས་སྐྱའི་གྲུབ་མཐའ་དང་བོད་ཀྱི་ཆོས་བརྒྱུད་ཁག་འབྲེལ་ལམ་བྱུང་ཚུལ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བོད་གཅིག་གྱུར་བཟོས་ཚུལ། བོད་ཀྱི་ཆོས་བརྒྱུད་ཁག་གིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལ་དྲང་ངེས་འདྲེན་སྟངས་དང་རྣམ་གཞག་ཡོད་ཚུལ། དམིགས་བསལ་རོང་སྟོན་ཤཱཀྱ་རྒྱལ་མཚན་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གཉིས་ཀྱིས་འཁོར་ལོ་རིམ་པ་གསུམ་ལ་དྲང་ངེས་འདྲེན་ཚུལ། མདོ་སྔགས་གཉིས་ཐབས་ཀྱི་ཆ་ནས་མ་གཏོགས་ལྟ་བ་ལ་ཁྱད་པར་མེད་ཚུལ། གོ་བོ་རབ་འབྱམས་པས་ཐལ་རང་གཉིས་ཀྱི་ལྟ་བ་ལ་མཐའ་འགོག་བྱེད་ཀྱི་ཁྱད་པར་ལས་ལྟ་བ་མཐོ་དམན་གྱི་ཁྱད་པར་མེད་ཚུལ་སོགས་གསུང་བཤད་དང་དྲི་བ་དྲིས་ལན་གྱི་མཛད་རིམ་གྲུབ་ནས་ཉིན་དང་པོའི་བགྲོ་གླེང་མཇུག་གྲུབ་པ་བཅས་སོ།