གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གི་སྐལ་བཟང་དགྱེས་སྟོན་ཆེན་མོ་ཚོགས་འཆར་གྱི་གསལ་བསྒྲགས།

མཁྱེན་གསལ་བཞིན་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ པོའི་ཚེས་༡ སྟེ་གཟའ་སྐར་འཕྲོད་སྦྱོར་ཀུན་ནས་བཟང་བའི་ཉིན་མཆོག་གསུམ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བོན་སྐྱོང་སྡེ་དྲུག་གཙོས་པའི་བོན་སྐྱོང་དམ་ཅན་རྒྱ་མཚོར་བདེན་བདར་ལ་བརྟེན་ནས་༸གདན་ས་སྨན་རིའི་དགེ་བཤེས་ཕྱུག་ཕྲུག་ཚང་ཟླ་བ་དར་རྒྱས་མཆོག་རང་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་ལུང་བསྟན་དུ་བབས་པར་འཛམ་གླིང་བོན་འབངས་ཀུན་གྱིས་རྟེན་འབྲེལ་གྱི་མེ་ཏོག་གཏོར་ཞིང་དགའ་སྐྱིད་སྤྲོ་གསུམ་གྱི་དཔལ་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཤར། དེ་རྗེས་བོད་ཟླ་དང་པོའི་ཚེས་ལྔ་སྟེ་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཀྱི་ཉིན་མི་འཇིགས་གདོང་ལྔས་བཏེགས་པའི་རྒྱལ་བ་མཉམ་མེད་པའི་གསེར་ཁྲི་མངོན་པར་མཐོ་བར་ཁྲི་གསོལ་ཞུས། འོན་ཀྱང་སྐབས་དེར་ཁྲི་གསོལ་གྱི་མཛད་སྒོ་སྟབས་བདེ་ཙམ་ལས་རྒྱས་པ་ཞུ་རྒྱུ་མ་བྱུང། དེས་ན་འདི་ལོར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་པ་མཆོག་བདེ་བར་གཤེགས་ནས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་ལོ་འཁོར་གྱི་དགོངས་རྫོགས་རྣམས་ཡོངས་སུ་གྲུབ་རྗེས་ཏེ། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༩ ཚེས་ ༦ དང་ ༧ བཅས་ཉིན་གཉིས་ཀྱི་རིང་འདི་ག་༸གདན་ས་ཆེན་མོ་སྨན་རིའི་དགོན་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ ཆེན་པོ་མཆོག་འཛམ་གླིང་བོན་འབངས་ཡོངས་ཀྱི་གཙུག་རྒྱན་ཏུ་བྱོན་པར་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་ཞུ་འཆར་ལགས་ན། དེ་ལུགས་ལྷན་རྒྱས་གང་མང་དགྱེས་སྟོན་གྱི་མཛད་སྒོར་མཉམ་ཞུགས་གནང་སྐྱོང་ཡོང་བའི་གསལ་བརྡ་རུ།

 

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ཉིན།