གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཉེ་སྔོན་སྨན་རིའི་གླིང་དུ་འཚོགས་པའི་རིས་མེད་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་སྐབས་ཀྱི་དཔལ་རྙིང་མ་བའི་མཁན་པོ་འགྱུར་མེད་རྡོ་རྗེ་མཆོག་གི་རྩོམ་ཤོག

   

 

 

 

 

༄༅།  །ཆོས་བརྒྱུད་རིས་མེད་ངོས་འཛིན་སྟངས་དང་ལྟ་བའི་རྣམ་གཞག་རིག་འཛིན་བླ་མའི་ཞལ་ལུང་བཞུགས།།
ཕན་བདེ་ཐུགས་བསྐྱེད་བཞད་པའི་གེ་སར་རྩེར།།
ལེགས་བཤད་ཟིལ་མངར་གཏམས་པའི་ཐུབ་དབང་རྗེ།།
གང་གི་རྨད་བྱུང་ལམ་བཟང་བསྟན་པའི་ཤུལ།།
གཤེགས་ཤིང་རྗེས་སུ་གཤེགས་བཅས་སྲིད་ན་རྒྱལ།།
ཐོག་མེད་སྲིད་པའི་མ་རིག་མུན་ཀློང་དུ།།
སྡུག་བསྔལ་ཆུ་བོ་བཞི་ཡིས་འཁྱེར་བའི་འགྲོ།
ཐུགས་བརྩེ་ཕྱག་གིས་སྐྱོབ་ལ་གཅིག་དཔའ་བ།།
རིས་མེད་བཤེས་གཉེན་ཚོགས་ལ་གུས་པས་འདུད།།
ཅེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། དེ་རིང་གཡུང་དྲུང་བོན་གྱི་ཆོས་སྡེ་ཆེན་པོ་དཔལ་གཤེན་བསྟན་སྨན་རི་གླིང་འདིར། རིས་སུ་མ་ཆད་པའི་མཁས་པ་རྣམས་གདན་གཅིག་ཏུ་འཛོམས་ནས་མདོ་སྔགས་ཀྱི་ལྟ་གྲུབ་སྐོར་བགྲོ་གླེང་གི་སྒོ་འཕར་ཡངས་པོར་ཕྱེ་བའི་སྐལ་བཟང་གི་དུས་སུ། དམན་པ་བདག་ནི་སྔ་འགྱུར་རྙིང་མའི་གྲལ་མཐར་བསྙེགས་པ་ཙམ་ལས་དཔེ་ཆ་གཏིང་ཚུགས་པ་ཤེས་མཁན་ཞིག་མིན་ལ། ལྷག་པར་དུ་ལོ་ལྔ་ཙམ་གྱི་རིང་གཟུགས་ཁམས་བདེ་མིན་སོགས་ཀྱི་རྐྱེན་པས་དཔེ་ཆ་གཏན་ནས་ལྟ་ཀློག་ཐུབ་མ་སོང་བས་ཁྱེད་རྣམས་ཀྱི་ཐུགས་བཞེད་སྐོང་ཐུབ་པའི་ལེགས་བཤད་གང་ཡང་མེད་པས་ཐོག་མ་ནས་བཟོད་གསོལ་ཞུ་རྒྱུ་ཡིན།
ཡིན་ནའང་ ༧ ཆོས་རྗེ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལས་རིས་མེད་ཀྱི་དམ་པ་དུ་མའི་སྐུ་མདུན་ནས་ཆོས་འབྲེལ་མི་དམན་པ་རེ་ཐོབ་པ་དང་། རིས་མེད་ཀྱི་བསྟན་དང་དེ་འཛིན་རྣམས་ལ་དད་པ་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སྐད་ཆ་ཁ་ཤས་བཤད་པ་ལ་དགའ་བ་དང་སྤོབས་པ་ཅུང་ཟད་ཡོད།  དེའི་ཕྱིར་ཐོག་མར་གུས་པའི་རྒྱུན་ལྡན་གྱི་བསམ་བློ་གཏོང་ཕྱོགས་སྐོར་དེ་ཅུང་ཞུ་རྒྱུ་ཡིན། དེ་ཡང་༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཞལ་ནས། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དེ་ཟུངས་ལ། །རིས་མེད་གྲུབ་མཐའ་ཀུན་ལ་དག་སྣང་དེ་སྙིང་གཏམ། །ཞེས་གསུངས་པ་གཞི་ལ་བཞག་ནས། །ངས་ནམ་རྒྱུན་ཆོས་ལུགས་རིས་མེད་ཀྱི་སྐོར་ལ་བསམ་བློ་འདི་འདྲ་ཞིག་གཏོང་གིན་ཡོད། ཆོས་བརྒྱུད་རིས་མེད་ཅེས་པ་དེ་ཕན་ཚུན་གུས་བཀུར་དང་། གུ་ཡངས་ཀྱི་བསམ་བློ། ཆོས་སྐད་ལྟར་བཤད་ན་དག་སྣང་ཡོད་པ་ཞིག་ལ་རིས་མེད་ཅེས་བརྗོད་ཀྱིན་ཡོད། དེ་ལས་གཞན་ཆོས་ལུགས་ཡོངས་རྫོགས་ཆོས་ལུགས་གཅིག་ལ་བསྒྱུར་བ་ལྟ་བུ་ལ་གོ་བ་ལེན་གྱི་མེད། ལ་ལས་རིས་མེད་ཅེས་བརྗོད་དུས་ཆོས་བརྒྱུད་ཡོངས་རྫོགས་ཆོས་བརྒྱུད་གཅིག་ལ་བསྒྱུར་བ་ལྟ་བུར་ལྟ་ཚུལ་འཛིན་མཁན་ཡོད། དེ་ནི་ཡང་དག་པའི་ལྟ་ཚུལ་ཞིག་མིན། དཔེར་ན་སྔ་འགྱུར་རྙིང་མ་ལ་བསམ་ན་ཐེག་པ་རིམ་པ་དགུའི་རྣམ་བཞག་དང་ལྟ་གྲུབ་ཆ་ཚང་བ་ཞིག་ཡོད། སྔ་འགྱུར་བ་རྣམས་གཅིག་འགྱུར་བྱ་དགོས་ཟེར་ནས་ཐེག་པ་གཅིག་དང་གྲུབ་མཐའ་གཅིག་ལ་བསྒྱུར་བསམ་ན་གད་མོ་འཆོར་བའི་རྒྱུ་ཙམ་ལས་གང་ཡང་མེད། ཡིན་ནའང་སྔ་འགྱུར་བའི་གང་ཟག་རེ་རེས་དེ་དགུ་པོར་ཉམས་སུ་ལེན་དགོས་པའི་ངེས་པའང་མེད། རང་རང་གི་མོས་པ་ལྟར་འཇུག་ཆོག་ལ་འཇུག་གི་ཡང་ཡོད། མ་ཟད་སྔ་འགྱུར་བ་ཞེས་བརྗོད་དུས་ལྟ་ཚུལ་གཅིག་པ་ཡིན། དེ་བཞིན་ང་ཚོས་ཆོས་བརྒྱུད་འཛིན་པ་ནང་ཁུལ་དུའང་ལྟ་ཚུལ་དེ་ལྟ་བུ་ཞིག་བཟུང་བ་ལ་རིས་མེད་ཅེས་བརྗོད་ཆོག དེ་མིན་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དེ་དོར་ནས་གཞན་ལ་རྗེས་བརྗོད་བྱེད་པ་ནི་བྱིན་རླབས་དང་དངོས་གྲུབ་ཡལ་བའི་རྟེན་འབྲེལ་ཙམ་ལས་སྙིང་པོ་གང་ཡང་མེད། སྤྱིར་ད་ལྟར་བོད་ཀྱི་དགེ་འདུན་གྱི་སྡེ་རྣམས་ནང་ཁུལ་དུ་དད་པ་དང་དག་སྣང་། གུ་ཡངས་ཀྱི་བསམ་བློ་ཚད་མཐོན་པོ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ཡིན་ནའང་ད་དུང་ཡར་རྒྱས་ལ་མཐའ་མེད་པས་དེའི་སྐོར་སྔར་ལས་ལྷག་པར་ཀུན་གྱིས་བརྩོན་པ་བརྒྱ་འགྱུར་དུ་བསྐྱེད་པའི་རེ་གསོལ་ཡང་ཞུ་རྒྱུ་ཡིན།
སྤྱིར་འཛམ་གླིང་ན་ཡོད་པའི་ཆོས་ལུགས་ལྟ་གྲུབ་ཤིན་ཏུ་ཐ་དད་པ་ཡོངས་ལ་གུ་ཡངས་ཀྱི་ལྟ་ཚུལ་འཆང་དགོས། ཁྱད་པར་བོད་གངས་ཅན་ན་ཡོད་པའི་གཡུང་དྲུང་བོན་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པའི་གཞི་མ་ཚུལ་ཁྲིམས་རྣམ་པར་དག་པ་དང་། བསྟན་པའི་སྙིང་པོ་སྤོང་ཀློག་གི་ལས་ལ་བརྩོན་པ། བསྟན་པའི་འབྲས་བུ་གཞན་དོན་ཁུར་དུ་ཁྱེར་དགོས་པའི་གཞུང་ལུགས་ཀྱི་ཁ་ཕྱོགས་གཅིག་པ་ཡིན་པ་དེས། རིས་མེད་གནང་རྒྱུའི་རྩ་བ་བརྟན་པོར་ཆགས་ཡོད། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་སྐོར་སློབ་སྦྱོང་གནང་མཁན་ཞིག་གིས། སེམས་ཅན་ཀུན་ལ་ཉེ་རིང་ཆགས་སྡང་གི་བློ་ངན་འདི་འདོར་དགོས་པ་ཤེས་གསལ་ལྟར། ཆོས་བརྒྱུད་འཛིན་པ་ནང་ཕན་ཚུན་གུས་བཀུར་བྱ་དགོས་པའི་བསླབ་བྱ་གཅིག་མཚུངས་ཡིན་པས་གུ་ཡངས་དང་དག་སྣང་བྱ་དགོས། གལ་ཏེ་ནོར་བ་སོགས་བྱུང་ན་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ། ནོར་འཁྲུལ་ཅན་གྱི་བྱ་བ་དེ་དག་ལྡོག་པའི་ཐབས་ལ་འབད་རྒྱུ་དེ་གལ་ཆེན་པོར་མཐོང་གི་ཡོད། བྱང་ཆུབ་སེམས་ཀྱི་གཞུང་ལུགས་མང་པོ་བློ་ལ་ཡོད། དེའི་སྐོར་རྩོད་པ་དང་། བཤད་པས་མི་ཚེ་འདའ་ཡང་ལག་ལེན་གྱི་སྟེང་ནས་གང་ཡང་མེད་པར་གྱུར་ན། བཤད་པ་སྙན་པོ་ཞིག་ལ་སྙིང་པོ་དེ་ཙམ་མེད་པས། ཐ་ན་སེམས་ཅན་གཅིག་གི་ལུས་སྲོག་དང་སེམས་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཐབས་ལ་བརྩོན་དགོས། ཁྱད་པར་དུ་ཤ་ཟ་རྒྱུ་འདི་རང་ངོས་ནས་མཚམས་འཇོག་གནང་ཐུབ་ན་སེམས་ཅན་མང་པོའི་ཚེ་སྲོག་ལ་ཕན་པས་དེའི་སྐོར་བསམ་བློ་བཏང་རོགས་ཞུ་རྒྱུ་ཡིན།
སྤྱིར་འཛམ་གླིང་གི་འགྱུར་བ་དང་། བྱེ་བྲག་བོད་གངས་ཅན་གྱི་དུས་གཉན་འདིའི་སྐབས་དམ་ཆོས་ཀྱི་བསླབ་བྱ་རྣམས་ནི་ཆེས་གལ་ཆེན་དུ་ཆགས་ཡོད་པས། ང་ཚོས་ཚུལ་བཞིན་དུ་ལག་ལེན་གྱི་ཐོག་ནས་གཞན་ལ་མིག་དཔེ་སྟོན་ཐུབ་ན་ལུགས་གཉིས་གང་ལ་བསམས་ནའང་ཕན་ཐོགས་ཆེན་པོ་ཡོད་པ་མཐོང་གི་ཡོད། ཡིན་ནའང་ད་ཆ་ལག་ལེན་གྱི་ཐོག་ནས་ཉམ་རྒུད་འགྲོ་བཞིན་པའི་རྟགས་མཚན་གཏན་ནས་མེད་པ་མིན་ཏེ། ཆོས་སྡེ་ལ་ལའི་ནང་གྲྭ་རྒྱུན་དཀོན་པོར་ཆགས་ནས་གྲྭ་པ་བསྡུ་རུ་འགྲོ་དགོས་ཐུག་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མཐོང་མཆན་ཐོབ་དཀའ་བ། མི་མང་གིས་གུས་བཀུར་བརླགས་པ་སོགས་སྐྱོན་ཆ་ཡང་མང་པོ་མཐོང་རྒྱུ་ཡོད་པས། དེའི་འབྱུང་རྩ་ལ་བསམ་བློ་གཏོང་དགོས། བཟོད་པ་དང་། སྙིང་རྗེ། ཤེས་རབ་ལ་བརྟེན་ན་ཆོས་བརྒྱུད་འཛིན་པ་ཀུན་འཆམ་མཐུན་ངང་གནས་པ་དང་། གཞན་ལ་མིག་དཔེ་བཟང་པོ་ཡང་སྟོན་ཐུབ་པར་མཐོང་གི་ཡོད། སྔགས་ཀྱི་སྐབས་སུ་སྣང་སྲིད་དག་མཉམ་ཆེན་པོའི་རང་བཞིན་དུ་བསྟན་ཡོད་པས། སྔགས་པ་ཞིག་ཡིན་ན་དེ་བས་ཀྱང་ཀུན་ལ་དག་སྣང་སྦྱོང་དགོས། གལ་སྲིད་ཆོས་བརྒྱུད་འཛིན་པ་ནང་ཁུལ་མཐུན་འབྲེལ་མེད་པ་དང་། གཅིག་གིས་གཅིག་ལ་གཟིགས་ཚུལ་ངན་པ་བྱུང་ན། ཁ་ནས་འཛམ་གླིང་ཞི་བདེ་དང་། བདག་གཞན་མཉམ་པ་སོགས་བརྗོད་ཀྱང་སྙིང་པོ་གང་ཡང་མེད་པས་མཐུན་འབྲེལ་ནམ་ཡང་ལྷོད་མི་རུང་། ང་ཚོ་རྐྱེན་ངན་གྱི་རྩ་བ་ཆོས་ཆོས་བཞིན་དུ་ཉམས་སུ་ལེན་མ་ཐུབ་པ་ལ་བརྟེན་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བློ་ངན་འདིས་ང་ཚོ་ལ་གནོད་པ་སྐྱེལ་གྱིན་ཡོད་པའི་སྡོམ་ཚིག་འགོད་ཐུབ།
འདི་ནས་བརྗོད་བྱ་དངོས་ལ་འཇུག་རྒྱུ་ཡིན། སྤྱིར་ལྟ་བ་ཞེས་པ་ནི། གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞིག་ལ་བརྗོད། དེ་ལའང་ཤེས་རབ་ཀྱི་ཁྱད་པར་ལས་ལྟ་བ་དང་གྲུབ་མཐའ་སྣ་ཚོགས་སུ་བྱུང་ཡོད།
ནང་པའི་ཐེག་པ་ལའང་རིམ་པ་དགུ་དང་། དེ་དག་གི་གྲུབ་པའི་མཐའ་བསྡུས་ན་བཞིའི་ཁོངས་སུ་བསྡུས་ནས་གསུངས་ཡོད། ཡིན་ནའང་སྐབས་འདིར་མདོ་སྔགས་ཀྱི་ལྟ་བའི་བཞེད་ཕྱོགས་སྐོར་བརྗོད་བྱ་ཡིན་པས། སྔ་འགྱུར་བའི་དམ་པ་རྣམས་ཀྱི་གསུང་ཟུར་ཁག་ཅིག་འདིར་འགོད་རྒྱུ་ཡིན།
དེ་ཡང་། ངེས་ཤེས་སྒྲོན་མེ་ལས།
སྤྲོས་བྲལ་ཙམ་གྱི་ཆ་ནས་ནི། །
དེ་གཉིས་ཁྱད་པར་མེད་པར་གསུངས། །
སྔགས་ལས་བདེ་བ་ཆེན་པོ་བསྟན།།
ཅེས་གསུངས་པ་ལྟར་སྤྱིར་མདོ་སྔགས་གཉིས་ཀས་གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་འབེབས་པའི་ཆ་ནས་ཁྱད་པར་མེད་ཀྱང་། བདེ་གཤེགས་སྙིང་པོ་ངོས་འཛིན་ཚུལ་དང་། ཆོས་དབྱིངས་མཐོང་ཚུལ་གྱི་ཡུལ་ཅན་ལ་ཁྱད་ཡོད་པར་བཞེད། དབུ་མ་ཐལ་རང་གཉིས་ཀྱང་གཙོ་བོར་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་བཏོན་ནས་འཆད་ཚུལ་ཙམ་ལས་མཐར་ཐུག་གི་དགོངས་པ་ལ་ཁྱད་མེད་ཅིང་། རང་རྒྱུད་པས་དོན་དམ་པར་མེད་ཀྱང་། ཀུན་རྫོབ་ཏུ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཡོད་དོ། །ཞེས་བདེན་གཉིས་སོ་སོར་ཞེན་ནས་རྣམ་གྲངས་པའི་དོན་དམ་གཙོ་བོར་བསྒྲུབས། ཡིན་ནའང་དེ་ནི་མཐུན་པའི་དོན་དམ་མམ། རྣམ་གྲངས་མ་ཡིན་པའི་དོན་དམ་ལ་འཇུག་པའི་སྒོ་ཉིད་དུ་བཞེད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས།
ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །
མེད་པར་ཡང་དག་ཁང་ཆེན་གྱི། །
སྟེང་དུ་འགྲོ་བར་བྱ་བ་ནི། །
མཁས་ལ་རུང་བ་མ་ཡིན་ནོ། །
ཞེས་དང་། ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་ལས། དེ་ལྟར་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར། དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཐལ་རང་གཉིས་ཀྱི་རྩོད་པ་དེའང་སྟོང་ཉིད་སྤྲོས་བྲལ་གཏན་ལ་འབེབས་ཚུལ་ལས་སྟོང་ཉིད་ལ་རྩོད་པ་བྱུང་མེད་པ་དེས་ཀྱང་མཐར་ཐུག་གི་དགོངས་པ་གཅིག་ཏུ་གནས་པ་རྟོགས་པར་སེམས་སོ། །
ཐལ་འགྱུར་བས་དང་པོ་ཉིད་ནས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་དང་མཐུན་པར་གཏན་ལ་ཕབ། རྗེས་ཐོབ་ཏུ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚད་མས་ཇི་ལྟར་གཞལ་བ་ལྟར་འཇོག དེ་ཡང་ཐལ་འགྱུར་བས་ཐ་སྙད་ཚད་མ་གྲུབ་པ་དེ་ལྟོས་ནས་འཇོག་པ་ལས་རང་དབང་གྲུབ་པའི་ཚད་གྲུབ་ཅིག་མི་བཞེེད། ཆུ་གཅིག་ལ་རིགས་དྲུག་གི་མཐོང་ཚུལ་མི་འདྲ་བ་དྲུག་ལས་གོང་མ་གོང་མ་ཚད་མ་དང་འོག་མ་འོག་མ་ཚད་མིན་དུ་བཞག་པ་ལྟ་བུར་གོ་བ་ལེན་དགོས། ཡུལ་ཆོས་དབྱིངས་ནི། མདོ་རྒྱ་ཆེན་རོལ་པ་ལས།
ཚིག་བྲལ་ངག་གིས་ལམ་གྱིས་མ་གོས་པ། །
དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །
སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་བ། །
མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །
ཞེས་དང་། དབུ་མ་རྩ་བར།
གཞན་ལས་ཤེས་མིན་ཞི་བ་དང་། །
སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །
རྣམ་རྟོག་མེད་དོན་ཐ་དད་མེད། །
དེ་ནི་དེ་ཉིད་མཚན་ཉིད་དོ། །
ཞེས་གསུངས་པ་ལྟར། མཐའ་ཀུན་དང་བྲལ་བའི་གནས་ལུགས། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཙམ་ལས་སྒྲ་རྟོག་གི་ཡུལ་ལས་འདས་པའོ། །
མདོ་སྔགས་གཉིས་ཀའི་གཞལ་བྱ་ཆོས་དབྱིངས་ལ་ཁྱད་མེད་ན་ལྟ་བ་ལ་ཁྱད་ཇི་ལྟར་ཡོད་ཅེ་ན། ཚུལ་གསུམ་སྒྲོན་མེ་ལས།
དོན་གཅིག་ན་ཡང་མ་རྨོངས་དང་། །
ཐབས་མང་དཀའ་བ་མེད་པ་དང་། །
དབང་པོ་རྣོན་པོའི་དབང་བྱས་པས།།
སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །
ཞེས་པ་བཞིན་དུ་འབྲས་བུ་སངས་རྒྱས་བསྒྲུབ་པར་དོན་གཅིག་ནའང་ལྟ་བ་དང་ཐབས་གཉིས་ཀྱི་ཁྱད་ཡོད་དེ། མཚན་ཉིད་ཐེག་པ་ལས་འཁོར་བའི་སྣང་བ་ཉིད་རང་བཞིན་གྱིས་དག་པ་རབ་འབྱམས་ལྷའི་འཁོར་ལོ་ཡིན་པ་དང་། རང་བཞིན་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་རྨོངས་པའི་ཆ་ཡོད་ལ། དེའི་དབང་གིས་བླང་དོར་དུ་ལྟ་བ་ཡིན་ཞིང་། སྔགས་སུ་ནི་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་ཤེས་པས་རྒྱུ་འབྲས་བླང་དོར་མེད་པར་སྤྱོད་ནུས་པས་ན་ལྟ་བ་ལ་མ་རྨོངས་པ་དང་།
མཚན་ཉིད་ཐེག་པར་བླང་དོར་དུ་དམིགས་ནས་ཐམས་ཅད་ལམ་གྱི་གྲོགས་སུ་བྱེད་མི་ནུས་ལ། སྔགས་སུ་ཐབས་ཀྱི་རྣམ་པ་མང་བས་འབྲས་བུ་སྒྲུབ་པ་ལ་ཆེས་ཟབ་པ་དང་། དེའི་དབང་གིས་ལམ་སྒྲུབ་པ་ལ་དཀའ་ཚེགས་མེད་པ་སྔགས་ལ་ཡོད་པ་ལྟར་མཚན་ཉིད་ཐེག་པ་ལ་མེད་པ་དང་། དེ་ལྟ་བུའི་ལམ་ཟབ་མོ་དེ་རྟེན་གྱི་གང་ཟག་དབང་པོ་རྣོན་པོ་ཁོ་ནའི་དབང་དུ་བྱས་པས་ན་སྔགས་ཀྱི་ཐེག་པ་དེ་ཁྱད་པར་དུ་འཕགས་པར་གསུངས།
མདོ་ལས་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ་ཉམས་སུ་བླངས་པས་འབྲས་བུ་གདོད་གྲུབ་པར་བཞེད་པས་རྒྱུའི་ཐེག་པ་དང་། སྔགས་སུ་ད་ལྟ་ནས་ཐབས་མཆོག་ཏུ་གྱུར་པའི་སྒོ་ནས་འབྲས་བུ་སྐུ་གསུམ་ལམ་དུ་བྱས་པས་དུས་ཐུང་ངུས་འབྲས་བུ་ཉིད་མངོན་དུ་གྱུར་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་གསུངས། འབྲས་བུའི་ཐེག་པའི་ནང་ནས་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་གནང་བ་དེ་ལའང་ཐོག་མར་སྔོན་འགྲོའི་རིམ་པ་ལ་ཉམས་མྱོང་ཐོབ་རྗེས། དངོས་གཞིའི་སེམས་ཁྲིད་འདེབས་པ་དང་། དབང་པོ་རྣོན་པོ་དག་ལ་ཐོག་མ་ནས་ངོ་སྤྲོད་གནང་བའི་ཚུལ་གཉིས་ཡོད། ཡིན་ནའང་རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་ཙམ་གྱིས་ཆོག་ཤེས་པ་དང་ལྟ་སྤྱོད་འཆུག་མི་རུང་། ལ་ལ་ཉོན་མོངས་པའི་དབང་དུ་གྱུར་ཡང་སྤྲོས་བྲལ་དང་ཀ་དག་ལ་ཁ་གཡར་ནས་སྤྱོད་པ་འཆལ་བའི་རིགས་སྔ་འགྱུར་བའི་ཚད་དུ་བཟུང་མི་རུང་། དེ་བཞིན་ཆོས་བརྒྱུད་གང་དང་གང་ཡིན་ནའང་ཆོས་དང་གང་ཟག་གི་དབྱེ་བ་མ་འདྲེས་པར་སོ་སོར་ཕྱེས་ཏེ། གང་ཟག་སྒེར་གྱི་སྐྱོན་དེ་སྒེར་སྐྱོན་ཡིན་པ་ངོས་འཛིན་གནང་ཐུབ་དགོས་ཞེས་ཞོར་འཕྲོས་སུ་ཐལ། ངོ་ཕྲོད་ཚུལ་དེ་ལའང་དབང་པོའི་རིམ་པ་ལྟར་སོ་སོར་ཡོད་པར་གསུངས། དངོས་གཞི་ངོ་སྤྲོད་ཀྱི་རིམ་པ་དེའང་རིག་འཛིན་སོ་སོའི་མན་ངག་དང་སྦྱར་ནས་འཁྲིད་དགོས། དེ་ཡང་ཐོད་བརྒལ་སྔོན་དང་ཁྲེག་ཆོད་རྗེས་ལ་བྱེད་པ་དང་། ཁྲེག་ཆོད་སྔོན་དང་ཐོད་བརྒལ་རྗེས་སུ་བྱེད་པའི་ཕྱག་སྲོལ་གཉིས་སུ་བཞུགས། རྒྱས་པ་ནི་མན་ངག་སོ་སོའི་གཞུང་ལ་གཟིགས་པར་ཞུ།། འདི་ནས་རེ་ཞིག་ཞུ་མཚམས་འཇོག་རྒྱུ་ཡིན་པས། ཚིག་དང་དོན་གྱི་ཆ་སོགས་ནོར་བ་ཀུན་བཟོད་གསོལ་གནང་བར་ཞུ།
ངེས་མེད་སྲིད་པ་སྒྱུ་མའི་ཐང་དུ་སྐྱིད་སྡུག་སྣང་ཚུལ་ཡ་མ་ཟུང་།།
བདེ་ལ་རེ་བའི་ལུས་ཅན་སྐྱེ་དགུ་ཚོར་འདུ་དྲག་པོའི་གདུང་བས་མནར།།
དེ་ལྟ་ན་ཡང་ལེགས་བཤད་བདུད་རྩིའི་ཆར་གྱི་རྒྱུན་མང་གངས་ཅན་པ།
ང་ཁྱོད་ལྟ་བས་རྙོག་པར་མ་བྱེད་རང་རང་མོས་པའི་ཡོལ་གོར་དྲངས།།

རིས་མེད་འདུས་སྡེ་ཐུགས་མཐུན་ཁྲིམས་གཙང་ཞིང་།།
བཤད་སྒྲུབ་ལས་ཀྱིས་འཇིག་རྟེན་མཛེས་བྱེད་ཤོག །
ཡངས་པའི་ས་ཆེན་ཕན་བདེའི་དཔལ་གྱིས་ཕྱུག། །
འདོད་དོན་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག།།
ཅེས་པའི་ཟིན་བྲིས་ཐུང་ངུ་འདི་ཉིད་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་དུ། ཕྱི་ལོ་ ༢༠༡༨ ་ཕྱི་ཟླ་ ༤ པའི་ཚེས་ ༡༤ ཉིན་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་བྱུང་ཁམས་ཤིན་ཏུ་འཁྲུག་ཞོར་རེ་ཞིག་རྫོགས་པར་བགྱིས་པ་དགེའོ།། །།

གསལ་བཤད་རྩོམ་ཤོག་བཟོ་བཅོས་གང་ཡང་མ་བཏང་ནས་མ་ཕྱི་སོར་བཞག་བྱས་ཡོད།