གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བདུན་པ་དབུ་འཛུགས་གནང་བའི་གནས་བསྡུས།

 

ཕྱི་ལོ་༢༠༡༨ལོའི་སྤྱི་ཟླ་༥ཚེས་༢༣ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བདུན་པ་དབུ་འཛུགས་གནང་ཡོད་པ་དང་།
ཐེངས་འདིའི་བགྲོ་གླེང་དུ་ཝར་ཎ་མཐོ་སློབ་དང་། ལྡི་ལི་མཐོ་སློབ། ཅན་ངྷི་སྒར་མཐོ་སློབ། གསོ་རིག་འབུམ་བཞིའི་མཐོ་སློབ། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སོགས་ཀྱི་ཚོགས་བཅར་བ་བརྒྱ་དང་ལྔ་བཅུ་ལྷག་ཅིག་འཛོམས་འདུག་ལ།
ཐོག་མར་ཐེངས་འདིའི་བགྲོ་གླེང་གི་ཚོགས་མགོན་དུ་དངོས་སུ་ཆིབས་བསྒྱུར་བསྐྱངས་པའི་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་༧ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག དཔེ་མཛོད་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་སྨན་རིའི་བླ་བྲང་ནས་བགྲོ་གླེང་གི་ཚོགས་མགོན་དུ་གདན་ཞུ་གནང་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བའི་མཛད་རིམ་གྲུབ་ནས་ཚང་མ་གདན་གྲལ་དུ་འཁོད་རྗེས། སྔོན་འགྲོའི་མཛད་རིམ་གྱི་གཙོ་སྐྱོང་བ་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་མཆོག་གིས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་མཆོག་ནས་གཡུང་དྲུང་བོན་གྱི་བགྲོ་གླེང་གི་བྱུང་རིམ་དང་དགོས་པ། ལྷག་པར་དུ་ད་ལོ་སྔར་དང་མ་འདྲ་བར་བགྲོ་གླེང་འཚོགས་ཡུན་སྔར་ལས་ཡུན་ཐུང་ངུ་བཏངས་ཡོད་ཀྱང་བརྗོད་བྱ་སྔར་ལས་སྣ་མང་དང་སྣ་འཛོམས་ཅན་དུ་བཏངས་ནས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་བརྗོད་བྱ་གཏན་འབེབས་བྱས་ཡོད་སྐོར་གསུང་བཤད་གནང་ཡོད་པ་རེད།
དེ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་མཆོག་གིས་བོན་གྱི་རིག་གཞུང་ནི་བོད་ཀྱི་ཐོག་མའི་རིག་གནས་རྨང་གཞི་ཡིན་པས་འདི་ལ་ཉམས་ཞིབ་དང་སློབ་སྦྱོང་བྱེད་པ་གལ་ཆེན་ཡིན་སྐོར་གྱི་གསུང་བཤད་གནངས་པ་རེད།
དེ་རྗེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཆོག་གིས་ཐེངས་འདིའི་ཚོགས་བཅར་སློབ་ཕྲུག་དག་ལ་བཀའ་སློབ་བསྩལ་དོན།
སློབ་ཕྲུག་དག་གིས་རང་ཉིད་སློབ་གཉེར་བྱེད་པའི་གནས་སྐབས་སུ་རྣམ་གཡེང་དང་ལེ་ལོ་དབང་དུ་མི་འགྲོ་བར་བྱས་ནས་དགེ་རྒན་ལ་བརྩི་བཀུར་བྱེད་དགོས་ལ། དགེ་རྒན་ནི་སློབ་ཕྲུག་རང་ཉིད་ཀྱི་ཡོན་ཏན་འབྱུང་བའི་གཞི་ཡིན་པས་ན་དགེ་རྒན་ལ་གུས་བརྩི་བྱེད་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ཀྱི་སྲོལ་ཞིག་ཏུ་ཆགས་བསྡད་ཡོད་པའང་རྒྱུ་མཚན་ཡོད་པ་རེད།
སློབ་ཕྲུག་ཞིག་ལ་མཚོན་ན་ལྷན་སྐྱེས་ཀྱི་རིག་པ་ཁོ་ནས་མི་ཚེ་མདུན་ལམ་འཁྱོངས་མི་ཐུབ་ལ། རིག་པའི་གྲོགས་སུ་བརྩོན་འགྲུས་བསྟེན་ནས་ད་བཟོད་མི་ཚེ་རིན་ཐང་ཅན་དང་བདེ་སྐྱིད་ལྡན་པ་ཞིག་འོང་ཐུབ་པ་རེད་གསུང་པ་དང་། ཐེངས་འདིའི་བགྲོ་གླེང་ཡུན་ཐུང་ཡང་སྣ་འཛོམས་ཅན་ཡིན་པས་ནན་ཏན་གྱིས་བགྲོ་གླེང་ཆ་ཤས་ལེན་པར་འབད་བརྩོན་བྱས་པ་ཡིན་ན། གཡུང་དྲུང་བོན་གྱི་ལྟ་སྤྱོད་དང་ལོ་རྒྱུས། རིག་གཞུང་སོགས་ལ་གོ་བ་སྤྱི་ཙམ་ལེན་ཐུབ་ཀྱིན་ཡོད་ཅེས་གསུངས་གནངས་ནས་སྔོན་འགྲོའི་མཛད་རིམ་མཇུག་གྲུབ་པར་བྱས་ཡོད་པ་རེད།

སྔ་དྲོའི་ཕྱག་ཚོད་༡༠.༣༠ཐོག་སྨན་རིའི་སློབ་གཉེར་བ་བློ་གྲོས་བསྟན་དར་མཆོག་གིས་གཙོ་སྐྱོང་འོག་སྐབས་བཅུ་བདུན་པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་སློབ་དཔོན་གདན་ས་སྨན་རིའི་གླིང་གི་བཤད་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ཉིད་ནས་༼གཡུང་དྲུང་བོན་ལུགས་ལྟར་ལས་འབྲས་ཀྱི་རྣམ་བཞག་སྐོར་ལ་དཔྱད་ཞིབ་བྱས་པ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། བོན་གྱི་བཀའ་ལྟར་གསལ་བའི་སྡིག་ཅན་མི་དགུ་དང་འབྲེལ་ནས་སྡིག་པའི་ལས་ཀྱི་རྣམ་བཞག་དང་། དགེ་བ་བཅུའི་ཕན་ཡོན། སྲོག་གཅོད་ཀྱི་འཚེ་བ་སྤོང་བར་ནུས་ན་ཚེ་ཡི་དངོས་གྲུབ་འབྱུང་བའི་བསྟན་དོན། དེ་བཞིན་དགེ་བ་བཅུ་སྤྱད་ནུས་ན་རང་རང་གི་བདེ་འབྲས་ཐུན་མོང་མ་ཡིན་པ་འབྱུང་སྟངས་དང་། མི་དགེ་བ་བཅུ་སྤྱད་ན་སྡིག་པའི་འབྲས་བུ་འབྱུང་སྟངས་སོགས་ཁ་གསལ་གོ་བདེའི་ལམ་ནས་གསུངས་གནང་ནས་དྲི་བ་དྲིས་ལན་གྱི་རྣམ་པས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
སྔ་དྲོ་ཕྱག་ཚོད་༡༡.༡༥ཐོག་སྨན་རིའི་སློབ་གཉེར་བ་བློ་གྲོས་བསྟན་དར་མཆོག་གིས་གཙོ་སྐྱོང་འོག གསུང་བཤད་སློབ་དཔོན་སྨན་རིའི་བཤད་སྒྲུབ་དགེ་རྒན་དགེ་བཤེས་ཤེས་རབ་བསམ་འཕེལ་མཆོག་ནས་༼བོན་ཐེག་པ་རིམ་དགུ་དང་དེའི་གོ་དོན་ཞིབ་གླེང་།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཐེག་པ་ཞེས་པའི་གོ་དོན་དང་། དེ་ཡང་དབུས་གཏེར་དང་། ལྷོ་གཏེར། བྱང་གཏེར་སོགས་ཀྱི་ཐེག་པ་རིམ་དགུའི་གོ་དོན་བཀྲོལ་ཚུལ། ཐེག་པ་གསུམ་དང་། ཐེག་པ་དགུ ཐེག་པ་བཞི་བཅུ་རྩ་ལྔ། ཐེག་པ་བརྒྱ་དང་རྩ་ལྔ་སོགས་ཀྱི་བསྟན་དོན་ཞིབ་གླེང་མཛད་རྗེས། དྲི་བ་དྲིས་ལན་གྱི་རྣམ་པས་སྔ་དྲོའི་མཛད་སྒོ་ཡོངས་སུ་མཇུག་གྲུབ་པ་རེད།
གོང་ཚེས་ཕྱི་དྲོ་༣.༠༠ཐོག་དགེ་བཤེས་གཡུང་དྲུང་དཀོན་མཆོག་གིས་བགྲོ་གླེང་གཙོ་སྐྱོང་བྱས་ཡོད་པ་དང་། གསུང་བཤད་སློབ་དཔོན་བོན་ཕྲུག་བདེ་དོན་གྱི་དགེ་རྒན་དགེ་བཤེས་སྐལ་བཟང་ཕུན་ཚོགས་ལགས་ནས་༼བོན་གྱི་ཚད་མ་རིག་པའི་བྱུང་ཁུངས་དང་དེའི་དགེ་ཕན་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་པ་དང་། དེ་ཡང་མེས་པོ་གོང་མ་རྣམས་ཀྱིས་ལུས་སྲོག་དཔང་དུ་བཙུགས་ནས་རྒྱུད་འཛིན་བྱས་ཡོང་བའི་མདོ་སྔགས་སེམས་གསུམ་གྱི་ཚད་མ་རིག་པའི་གཞུང་ལུགས་འདི་ལ། སྡེ་ཚན་བཞིས་སྒོ་ནས་གསུང་བཤད་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་ཚད་མའི་ངོ་བོ་དང་། གསུང་བའི་སྟོན་པ། གསུངས་པའི་གཞུང་། དབྱེ་བའི་གྲངས་བཅས། གང་ཟག་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་ཉེ་ཤས་དག་བེད་སྤྱད་ནས་མཇུག་མཐར་དྲི་བ་དྲིས་ལན་གྱི་རིམ་པས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཕྱག་ཚོད་༣.༤༥ནས་གསུང་བཤད་སློབ་དཔོན་བཙུན་དགོན་རད་ན་སྨན་གླིང་གི་བཙུན་མ་ཕུན་ཚོགས་ཚུལ་འཛིན་ནས་༼སྟོན་པ་གཤེན་རབ་དང་ཁོང་གི་མཛད་པ་བཅུ་གཉིས་ཀྱི་སྐོར་ལ་དཔྱད་པ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་ཡང་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས་སྐྱེས་པ་བཞེས་ཚུལ། རིག་པའི་གནས་ཆེ་བ་ལྔ་དང་ཐེག་པ་རིམ་དགུ་གཏན་ལ་ཕབ་ཚུལ། གཡེན་ཁམས་སོ་གསུམ་སོགས་སུ་སྤྲུལ་བས་འགྲོ་བ་འདུལ་ཚུལ། ཁབ་བཞེས་སྲས་སྤྲུལ་ཚུལ། བདུད་ཀྱི་ཆོ་འཕྲུལ་བསྟན་ཚུལ། བསྟན་པ་རྗེས་སུ་བཞག་ཚུལ། ཁྱིམ་སྤངས་རབ་བྱུང་གི་མཛད་པ་སོགས་མཛད་པ་བཅུ་གཉིས་ཞིབ་མོར་འགྲེལ་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཕྱག་ཚོད་༤.༤༥ནས་རག་ཤི་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་འཚོ་བྱེད་སློབ་གཉེར་བ་མཁས་གྲུབ་བློ་ལྡན་མཆོག་ནས་༼རླུང་མཁྲིས་བད་ཀན་གསུམ་གྱི་གཞི་རྩ་དང་དེའི་ནད་བརྟག་ངོས་འཛིན་སྐོར།༽ཞེས་པའི་བརྗོད་གཞིའི་སྟེང་ནས་གསུང་བཤད་གནངས་ཡོད་པ་དང་། སྟོན་པའི་བཀའ་གསོ་རིག་འབུམ་བཞིའི་གཞུང་དང་འབྲེལ་ནས་རླུང་མཁྲིས་བད་ཀན་གསུམ་གྱི་འབྲེལ་བ། རླུང་མཁྲིས་བད་ཀན་གསུམ་གྱི་ནུས་པ་གསེད་བཀྲོལ། རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་པ་མ་གྱུར་པའི་རྣམ་གྲངས། རྣམ་པ་གྱུར་བའི་རྒྱུ་རྐྱེན་སོགས་ཟས་སྤྱོད་དང་། རླུང་མཁྲིས་བད་ཀན་གསུམ་གྱི་རྩ་ཆུ་ལྕེ་གསུམ་ལ་བརྟག་ཚུལ། དེ་ཡང་ཚ་གྲང་གཉིས་ལ་བསྡུས་ཚུལ་སོགས་གསུང་བཤད་གནང་ནས་ཉིན་དང་པོའི་བགྲོ་གླེང་མཇུག་གྲུབ་པར་བྱས་སོ། །