གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བདུན་པའི་ཉིན་གཉིས་པའི་གནས་བསྡུས།

ཕྱི་ལོ་༢༠༡༨ལོའི་སྤྱི་ཟླ་༥ཚེས་༢༤ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་གི་ཚོམས་ཆེན་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བདུན་པའི་ཉིན་གཉིས་པའི་མཛད་རིམ་མུ་མཐུད་ནས་བསྐྱངས་ཡོད་པ་དང་།
སྔ་དྲོའི་ཕྱག་ཚོད་༩.༣༠ཐོག་དགེ་བཤེས་ཁྲི་གཡུང་དྲུང་མཆོག་གིས་གཙོ་སྐྱོང་འོག་སྐབས་བཅུ་བདུན་པའི་ཉིན་གཉིས་པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གསུང་བཤད་སློབ་དཔོན་ཝཱཎཱ་གཙུག་ལག་སློབ་ཆེན་གྱི་བསྟན་བཅོས་པ་ཀུན་བཟང་སྒྲོལ་མས་༼བོན་གྱི་དཔེ་རྙིང་ལམ་རིམ་སུམ་བརྒྱ་པའི་མ་དཔེ་ཁག་གཅིག་ལ་དཔྱད་པ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་ཡང་ཐོག་མར་༢༠༡༡–༢༠༡༣བར་ཁོ་མོས་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་ལམ་རིམ་སུམ་བརྒྱ་ཉི་ཤུ་འདི་དབྱིན་ཡིག་ཏུ་བསྒྱུར་བ་དང་། དེ་ནས་ད་བར་དུ་དེའི་སྐོར་རང་ཉིད་ཀྱིས་ཉམས་ཞིབ་གནང་ཕྱོགས་སྐོར་ནས་གསུང་བཤད་གནང་བ་དང་། དེ་ཡང་གོང་གི་བརྗོད་གཞི་འདི་སྡེ་ཚན་གཉིས་སུ་ཕྱེ་འདུག་ལ། གང་ལ་དཔྱད་པའི་གཞི་དང་། ཇི་ལྟར་དཔྱད་པའི་ཐབས། དེ་ཡང་དང་པོ་གང་དཔྱད་པའི་གཞི་དེ་ཡང་སྡེ་ཚན་བཞིར་ཕྱེ་ཡོད་འདུག་ལ། དེ་ཡང་གཞུང་མིང་། ལེའུ། ཤོ་ལོ་ཀ ས་བཅད་བཅས་རྣམ་པ་མི་འདྲ་བཞིས་སྒོ་ནས་བརྗོད་དོན་གཏན་འབེབས་བྱས་ཐོག གཞུང་མིང་མ་དཔེ་ཁག་ནས་ཐ་སྙད་འདོགས་སྟངས་མ་འདྲ་བ་དང་། དེ་བཞིན་ཤོ་ལོ་ཀའི་གྲངས་མང་ཉུང་དང་ཤོ་ལོ་ཀ་བརྩི་ཚུལ། མེ་སྟོན་ལམ་རིམ་འདི་ཉིད་ཆོས་ལུགས་གཞན་གྱི་ལམ་རིམ་ལས་དུས་ཚོད་སྔ་ཤོས་སུ་ཆགས་ཡོད་སྟངས་སོགས་ནས་གསུང་བ་དང་། གཉིས་པ་ཇི་ལྟར་དཔྱད་པའི་ཐབས་བཤད་པ་ཞེས་པའི་སྡེ་ཚན་གཉིས་པར་ཀ་མད་བསྒྲིགས་ཐབས་དང་། ས་བཅད་བསྒྲིགས་ཐབས། བརྡ་ཆད་བསྒྲིགས་ཐབས་སོགས་སྡེ་ཚན་གསུམ་གྱི་སྒོ་ནས་ཉམས་ཞིབ་བྱས་པའི་ཉམས་མྱོང་གླེང་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
སྔ་དྲོ་ཕྱག་ཚོད་༡༠.༡༥ཐོག་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་འཚོ་བྱེད་སློབ་གཉེར་བ་ཤེས་རབ་བྱམས་མ་ནས་༼འབུམ་བཞིའི་གཞུང་དོན་ལས་འཕྲོས་པའི་འཕྲོད་བསྟེན་ཤེས་བྱ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། དེ་ཡང་འཕྲོད་བསྟེན་ཞེས་པའི་ཐ་སྙད་འགྲེལ་སྟངས། འཕྲོད་བསྟེན་བྱ་ཐབས་ཟས་སྤྱོད་གཉིས་ལས། བསྟེན་རུང་བ་དང་མི་རུང་བའི་ཁྱད་པར། གསོ་རིག་འབུམ་བཞི་ལས་སྤྱོད་ལམ་ཉིན་རེ་བཞིན་སྤྱོད་པ་དང་། དུས་སུ་སྤྱོད་པ། གནས་སྐབས་སུ་སྤྱོད་པ་སོགས་ལུས་ཟུང་གསོ་བྱེད་ཀྱི་ཐབས་ལམ་སོགས་ནས་གསུང་བཤད་གནང་ཡོད་པ་དང་། ཟས་སྐོམ་འཕྲོད་པ་བསྟེན་པ་དང་མི་འཕྲོད་པ་བསྡམ་པ་སོགས་འཕྲོད་བསྟེན་ཤེས་བྱ་ལ་དོ་སྣང་ཆེ་བཞེས་ཀྱིས་གསུང་བཤད་མཇུག་གྲུབ་པར་བྱས་སོ།
གོང་ཚེས་ཕྱི་དྲོ་༡༡.༡༥ཐོག་འཇིགས་མེད་དབང་རྒྱལ་གྱིས་གཙོ་སྐྱོང་འོག་གཡུང་དྲུང་བོན་གྱི་བཤད་སྡེའི་སློབ་གཉེར་བ་གཙུག་ཕུད་འཇིགས་མེད་ལགས་ནས་༼བོན་ཞེས་པའི་ཐ་སྙད་དང་དེའི་གོ་དོན་སོགས་ལ་ཞིབ་ཏུ་དཔྱད་པ།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་པ་དང་། དེ་ཡང་བོན་ཞེས་པའི་ཐ་སྙད་ཀྱི་གོ་དོན་སྐོར་ལ་བོད་རིག་པའི་མཁས་དབང་དག་གིས་འགྲེལ་ཚུལ་དང་། བོན་གྱི་བཀའ་བརྟེན་གྱི་དཔེ་ཚོགས་རྣམས་ལ་གཞི་བཅོལ་ཏེ་བོན་ཞེས་པའི་ཐ་སྙད་ཀྱི་གོ་དོན་སྐོར་དམིགས་བསལ་སོ་སོའི་བསམ་ཚུལ་གླེང་བ་དང་། བོན་གྱི་སྒྲ་འཇུག་སའི་ཡུལ་མི་ཉུང་པ་ཞིག་ཡོད་པ་དེ་རྣམས་ལ་བོན་ཞེས་པའི་སྒྲ་འཇུག་ཚུལ་སྒྲ་ཙམ་མ་ཡིན་པར་ཡང་སྙིང་དེ་དག་ལ་བོན་ཞེས་པའི་སྒྲ་ཇི་ལྟར་འཇུག་པ་དང་འཇུག་པའི་ཚུལ་གང་ཡིན་པའི་སྐོར་ལ་གསལ་བཤད་བྱས་ཡོད་པ་དང་། དམིགས་སུ་བཀར་ཏེ་བོན་ཞེས་པའི་སྒྲ་དེ་ཆོས་ལུགས་ལ་ཇི་ལྟར་འཇུག་ཚུལ་སྐོར། དེ་ཉིད་ཆོས་ལུགས་གང་ཞིག་ལ་འཇུག་པ་དང་དེ་ཉིད་འཕེལ་འགྱུར་ཇི་ལྟར་ཕྱིན་ཡོད་པའི་སྐོར་བཅས་སྡེ་ཚན་ལྔའི་སྒོ་ནས་གསུང་བཤད་གནང་ཡོད་འདུག་ལ། དེ་ཡང་བོན་གྱི་བཀའ་བརྟེན་ལ་གཞི་བཅོལ་ཏེ་བོན་ཞེས་པའི་ཐ་སྙད་ཀྱི་གོ་དོན་རང་གི་བསམ་ཚུལ་འཆད་སྐབས། བོན་ནི་མི་གཡོ་སྐྱོབས་པའི་སྒྲ་ཞེས་པའི་གོ་དོན་དེ་བོན་གཅིག་པུ་གོ་བ་ཙམ་མ་ཡིན་པར། དེས་གཡུང་དྲུང་བོན་སྟོན་གྱིན་ཡོད་ལ། དེ་ཡང་མི་གཡོ་བ་དང་སྐྱོབས་པ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་གོ་དོན་སོ་སོར་བཀྲོལ་ན་མི་གཡོ་བ་ཞེས་པའི་གཡུང་དྲུང་སྟོན་པ་ཡིན་ལ། སྐྱོབས་ཞེས་པའི་བོན་བསྟན་པ་ཡིན་ཚུལ་ཞིབ་གླེང་མཛད་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཕྱག་ཚོད་༣.༠༠ནས་དགེ་བཤེས་ཚེ་དབང་རིག་འཛིན་མཆོག་གིས་གཙོ་སྐྱོང་འོག བཤད་སྒྲུབ་གཞི་རིམ་དགེ་རྒན་དགེ་བཤེས་གཡུང་དྲུང་ལེགས་ལྡན་མཆོག་ནས་ ༼ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་པ་གཉིས་ཀྱི་ཁྱད་པར་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་ཡང་ཕྱི་པ་མུ་སྟེགས་པ་དང་། ནང་པ་གཤེན་རབ་ཞེས་པའི་ཐ་སྙད་དུས་ནམ་ཞིག་ལ་བྱུང་བ་དང་། གྲུབ་མཐའི་རྣམ་གྲངས། བསྡུས་ཚུལ། ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་གཉིས་ཀྱི་ལྟ་སྤྱོད་ཀྱི་ཁྱད་པར། དེ་གཉིས་ཀྱི་སྐྱོན་ཡོན་སོགས་ཞིབ་རྒྱས་བྱས་ནས་དྲི་བ་དྲིས་ལན་གྱི་རྣམ་པས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཕྱག་ཚོད་༣.༤༥ནས་ཝཱ་ཎཱ་གཙུག་ལག་སློབ་ཆེན་གྱི་སྐར་མ་གཡུང་དྲུང་མཆོག་ནས་༼བོན་ཕྲུག་ཅིག་གི་སློབ་གཉེར་གྱི་བརྒྱུད་རིམ་དང་ཉམས་མྱོང་སྐོར།༽ཞེས་པའི་བརྗོད་གཞིའི་སྟེང་ནས་གསུང་བཤད་གནངས་ཡོད་པ་དང་། དེ་ཡང་སྔོན་མའི་སློབ་སྦྱོང་གི་དཀའ་ངལ་བརྒྱུད་རིམ་དང་། ཝཱ་ཎཱ་མཐོ་སློབ་ཀྱི་སློབ་སྦྱོང་བརྒྱུད་རིམ། སློབ་སྦྱོང་གི་དམིགས་ཡུལ་འཛིན་སྟངས་སོགས་ལོ་ངོ་དུ་མའི་སློབ་གཉེར་གྱི་ལམ་ཁ་བརྒྱུད་རིམ་ཞིབ་རྒྱས་གླེང་བ་དང་། དེ་ཡང་སློབ་སྦྱོང་གི་དམིགས་ཡུལ་འཛིན་སྟངས་ཐད། རང་ཉིད་སློབ་ཕྲུག་ཡིན་པའི་གནས་སྐབས་སུ་རང་ཉིད་ཀྱི་དམིགས་ཡུལ་ལམ་ཕུགས་བསམ་བརྟན་པོ་ཞིག་དགོས་པ་གལ་ཆེན་ཡིན་སྐོར་དང་། དེ་ཡང་རང་ཉིད་མོས་པའི་ནུས་པ་བསྔོགས་འདོན་སྒོས་སྦྱང་གཞི་སློབ་ཚན་འདེམས་པ་ཡིན་ན། སྦྱང་གཞི་དེའང་ངམ་ངམ་ཤུགས་ཤུགས་ཀྱིས་རང་རྒྱུད་ལ་འབྱོར་བའི་ཕན་པ་ཆེན་ཡོད་སྐོར་གསུངས་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
གོང་ཚེས་ཕྱི་དྲོ་ཕྱག་ཚོད་༤.༤༥ཐོག་ཤར་པ་ཚེ་དབང་བསྟན་འཕེལ་མཆོག་གིས་བགྲོ་གླེང་གཙོ་སྐྱོང་འོག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚན་རིག་འགན་འཛིན་དགེ་བཤེས་གཡུང་དྲུང་དཀོན་མཆོག་ལགས་ནས་༼ཚན་རིག་ལས་འཕྲོས་ཏེ་བོན་གཞུང་ལས་འཇིག་རྟེན་ཆགས་ཚུལ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ནས་མཁས་དབང་རིམ་བྱོན་ཇི་སྙེད་ཅིག་གིས་འཇིག་རྟེན་ཁམས་ཀྱི་ཆགས་འཇིག་གི་འགྲེལ་བརྗོད་དང་། ནུབ་ཕྱོགས་པའི་མཚན་རིག་མཁས་དབང་སི་ཊི་པིན་ཧོ་ཀིང་ཁོང་གིས་འཇིག་རྟེན་ཁམས་ཀྱི་གྲུབ་ཚུལ་དང་། བྱུང་སྟངས། འཇིག་སྟངས་སོགས་རང་ཉིད་དང་འཇིག་རྟེན་ཁམས་གཉིས་ཀྱི་བར་དུ་ཡང་སྙིང་གི་འབྲེལ་བ་ཅི་ཞིག་ཡོད་པ། འཇིག་རྟེན་ཆགས་ཚུལ་ཐོག་ཆོས་ལུགས་དང་། ཐེག་པ། རིག་གཞུང་། སྟོན་པ། བླ་མ་སོགས་ཀྱིས་བཤད་ཚུལ་མི་འདྲ་བ། ཚན་རིག་དང་བོན་གཞུང་ནང་རྡུལ་དང་རྡུལ་ཕྲན་སྦྲེལ་སྦྱོར་དང་རྩོམ་ལུགས་ལ་ཁྱད་པར་ཡོད་མེད། ནུབ་ཕྱོགས་དང་བོན་གཞུང་གཉིས་ཀའི་ནང་འཇིག་རྟེན་ཁམས་ལ་ཐོག་མཐའ་ཡོད་མེད་ཀྱི་ཁྱད་པར་སོགས་བོན་གཞུང་དང་ཚན་རིག་ཞིབ་བསྡུར་སྒོས་འཇིག་རྟེན་ཆགས་ཚུལ་གྱི་རྒྱུ་རྐྱེན་ལ་སོགས་གསེད་བཀྲོལ་བྱས་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཕྱག་ཚོད་༥.༣༠ནས་རྒྱལ་སྤྱིའི་ནང་བསྟན་གཙུག་ལག་སློབ་ཆེན་གྱི་དྲན་པ་ཚེ་དབང་ལགས་ནས་༼དར་སིའི་ཚོང་ལམ་སྐབས་ཀྱི་བོན་བན་གཉིས་ཀྱི་གནས་སྟངས་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་ཡོད་པ་དང་། དེ་ཡང་དར་གོས་ཚོང་ལམ་སྐབས་བོན་ཆོས་དེ་ཞང་ཞུང་དང་བོད་ཀྱི་རང་སར་གནས་བསྡད་ཡོད་པའི་ཆོས་ལུགས་རང་རྐྱ་ཐུབ་པ་ཞིག་ཡིན་ཚུལ་དང་། དར་གོས་ཚོང་ལམ་གྱི་ཚོང་པ་འགྲོ་འོང་གིས་རྒྱལ་ཁབ་དུ་མར་སྟོན་པ་ཤཱཀྱ་ཐུབ་པའི་ནང་ཆོས་དར་སྤེལ་མཛད་པར་བྱེད་ནུས་ཆེན་པོ་ཐོན་ཚུལ། དར་གོས་ཚོང་ལམ་སྐབས་སྟོན་པ་ཤཱཀྱ་ཐུབ་པའི་ནང་ཆོས་ལ་དབྱེ་བ་གཉིས་ལས་མེད་ཚུལ་སོགས་བརྗོད་གཞི་ཟབ་རྒྱས་མཛད་ནས་ཉིན་གཉིས་པའི་བགྲོ་གླེང་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པ་རེད།