གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༧པ་རྒྱལ་ཁའི་ངང་མཇུག་གྲུབ་པ།

ཕྱི་ལོ་༢༠༡༨ལོའི་སྤྱི་ཟླ་༥ཚེས་༢༥ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་གི་ཚོམས་ཆེན་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༧པའི་ཉིན་མཐའ་མའི་མཛད་རིམ་བསྐྱངས་ཡོད་པ་དང་། སྔ་དྲོའི་ཕྱག་ཚོད་༩.༣༠ཐོག་ཁྲི་བདེ་མཆོག་ལགས་ཀྱིས་གཙོ་སྐྱོང་འོག་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་༡༧པའི་ཉིན་མཐའ་མའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གསུང་བཤད་སློབ་དཔོན་སྨན་རིའི་བཤད་སྡེའི་སློབ་གཉེར་བ་རྔ་བ་བསྟན་པ་འབྲུག་གྲགས་ཡིན་འདུག་ལ། ཁོང་གིས་༼བོན་གྱི་ཚད་མ་རིག་པའི་བྱུང་རིམ་དང་དེའི་ཁྱད་བོན་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་ཡང་གོང་གི་བརྗོད་གཞི་དེ་སྡེ་ཚན་བཞིར་ཕྱེ་འདུག་ལ། བོན་གྱི་མཚན་ཉིད་རིག་པའི་བྱུང་རིམ་དང་། བོན་གྱི་མཚན་ཉིད་རིག་པའི་ངོ་བོ། བོན་གྱི་མཚན་ཉིད་རིག་པའི་རིན་ཐང་ངམ་ཁྱད་བོན། བོན་གྱི་མཚན་ཉིད་རིག་པ་མུ་རུ་གནས་པའི་ཐབས་ལམ་སྐོར་ནས་གསུང་བཤད་གནང་ཡོད་པ་རེད། དེ་ཡང་མཚན་ཉིད་རིག་པའི་བྱུང་རིམ་ཐད་ཕྱི་ལོ་སྔོན་གྱི་(༡༦༠༡༧–༡༤༨༡༧) བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གཤེན་རབ་མི་བོས་རིག་པའི་གནས་ལྔ་དང་ཚད་མ་རིག་པའི་བོན་གསུངས་ཡོད་པས། སྐབས་དེ་དུས་ནས་བོན་ལ་མཚན་ཉིད་རིག་པའི་གཞུང་ལུགས་ཤིག་གྲུབ་ཡོད་པ་ང་ཚོས་ངོས་འཛིན་གནང་གི་ཡོད་པ་རེད། དེ་རྗེས་རིམ་བཞིན་ཞང་བོད་མཁས་གྲུབ་དག་གི་རིང་མ་ཉམས་ནས་དུས་ད་ལྟ་བར་དུ་དར་བསྡད་ཡོད་པའི་བྱུང་རིམ་གླེང་བ་དང་། མཚན་ཉིད་རིག་པའི་ངོ་བོ་གླེང་སྐབས། ནུབ་ཕྱོགས་པས་མཚན་ཉིད་རིག་པའི་ངོ་བོ་འཇོག་དུས་(philosophy)ཟེར་གྱི་ཡོད་པ་འདྲ། དེ་བོད་སྐད་དུ་དོན་བསྒྱུར་བྱས་ན་ཤེས་རབ་དོན་དུ་གཉེར་བ་དང་ཤེས་རབ་ལ་དགའ་ཟེར་གྱི་ཡོད་ས་རེད། བོན་རང་ལུགས་ལའང་སྤྱིར་མཚན་ཉིད་ཞེས་པ་ཤེས་བྱའི་གྲུབ་ལུགས་གཞན་དང་མ་འདྲེས་པར་རང་གི་གནས་སྟངས་དེ་ལ་འཇུག་གི་ཡོད་པ་དང་། ཤེས་བྱ་དེ་ཉིད་ལ་དཔྱད་པ་གཏོང་བྱེད་ཀྱི་བོན་གྱི་གཞུང་ལུགས་སམ་བོན་གྱི་ཤེས་རིག་གི་སྡེ་ཚན་དེ་ལ་བོན་གྱི་མཚན་ཉིད་རིག་པ་ཞེས་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་པ་དང་། མཐའ་དོན་དུ་བོན་གྱི་མཚན་ཉིད་རིག་པ་མུ་རུ་གནས་པའི་ཐབས་ལམ་ཡག་ཤོས་ནི་བོན་གྱི་མཚན་ཉིད་རིག་པ་དགོན་པའི་ལྕགས་རི་ལས་བརྒལ་ཏེ་སྤྱི་ཚོགས་སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱི་སྦྱོང་ཚན་དུ་འགྱུར་ཐུབ་པ་ཡིན་ན་ད་གཟོད་མུ་རུ་གནས་ཐུབ་པའི་ཐབས་ལམ་གླེང་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།

སྔ་དྲོ་ཕྱག་ཚོད་༡༠.༡༥ཐོག་སྨན་རིའི་བཤད་སྡེའི་སློབ་གཉེར་བ་ངག་དབང་ཤེས་རབ་ལགས་ནས་༼མ་ཏྲིའི་བྱུང་ཁུངས་དང་གོ་དོན་སོགས་ཀྱི་སྐོར་ལ་དཔྱད་པ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། དེ་ཡང་མ་ཏྲིའི་བྱུང་ཁུངས་ལོ་རྒྱུས་དང་། གསུང་མཁན་གྱི་སྟོན་པ། གསུང་བའི་གནས། གསུང་བའི་འཁོར། གསུང་བའི་དགོས་པ། གསུང་བའི་བརྒྱུད་རིམ། མ་ཏྲི་འབྲུ་བརྒྱད་ཀྱི་གོ་དོན་སོགས་ནས་གསུང་བཤད་གནང་ཡོད་པ་དང་། དེ་ཡང་འདི་ནི་སྒོ་བཞི་མཛོད་ལྔ་ལས་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་གྱི་ཁུངས་སུ་གཏོགས་པ་དང་། བརྒྱུད་རིམ་ཡང་བདག་ཅག་གི་སྟོན་པ་ནས་མཚན་ལྡན་ཁྱེའུ་བཞི། ཀོང་ཙེ་འཕྲུལ་རྒྱལ། མུ་ཆོ་ལྡེམ་དྲུག འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ནས་རིམ་བཞིན་བརྒྱུད་པར་གསུང་བ་དང་། མ་ཏྲི་འབྲུ་བརྒྱད་ཀྱི་གཟུངས་འདི་ནི་མཁས་པ་སྟོང་རྒྱུང་གིས་གར་ཐང་གུ་གེའི་སྒྲ་ལས་བསྒྱུར་ནས་བོད་ལ་དར་ཞིང་རྒྱས་པར་མཛད་པ་དང་། ཕྱིས་སུ་བོད་དང་ཞང་ཞུང་འཁྲུག་པའི་སྐབས་བླ་ཆེན་པོས་རྒྱས་པ་ཐུགས་ལ་མངའ་བར་མཛད་ཚུལ་དང་། འབྲིང་བ་གངས་དཀར་ཤ་མེད་ལ་གཏེར་དུ་སྦས་ཚུལ། བསྡུས་པ་སྟོང་རྒྱུང་ལ་གནང་ནས་ཕྱིས་སུ་དར་བའི་སྨོན་ལམ་བཏབས་ཚུལ། ཕྱིས་སུ་ལས་དང་བསོད་ནམས་ཀྱི་མཐུ་འཛོམས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོར་སྙན་བརྒྱུད་དུ་བབས་པ་སོགས་ཞིབ་གླེང་མཛད་ནས་གསུང་བཤད་མཇུག་གྲུབ་པར་བྱས་སོ།
གོང་ཚེས་སྔ་དྲོ་ཕྱག་ཚོད་༡༡.༡༥ཐོག་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་ལགས་ཀྱིས་གཙོ་སྐྱོང་འོག་གསོ་རིག་འབུམ་བཞིའི་གསོ་བྱེད་སློབ་གཉེར་བ་གཡུང་དྲུང་འོད་ཟེར་མཆོག་གིས་༼གསོ་རིག་འབུམ་བཞིའི་བྱུང་རིམ་དང་དེའི་ཁྱད་ཆོས།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་པ་དང་། དེ་ཡང་གསོ་རིག་འབུམ་བཞིའི་མཛད་པ་པོ་དང་དེའི་བརྒྱུད་རིམ། འབུམ་བཞི་གསུང་དགོས་པའི་རྒྱུ་མཚན། གསོ་རིག་འབུམ་བཞིའི་ངོ་སྤྲོད། གསོ་རིག་འབུམ་བཞི་སྦྱོང་དགོས་པའི་རྒྱུ་མཚན་དང་དེའི་ཡོན་ཏན་སྐོར་སོགས་ནས་གསུང་བཤད་གནང་ཡོད་པ་དང་། དེ་ཡང་གསོ་རིག་འབུམ་བཞི་ནི་༧བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་ཁོང་གི་གདུང་སྲས་དྲང་སྲོང་དཔྱད་བུ་ཁྲི་ཤེས་མཆོག་ལ་གསུང་བས་འདིའི་མཛད་པ་པོ་ནི་སྟོན་པ་གཤེན་རབ་མི་བོ་ཡིན་ལ། དེང་གི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་། ཆོས་རྒྱལ་ནམ་མཁའི་ནོར་བུ། ཐུབ་བསྟན་ཕུན་ཚོགས། མཁས་དབང་ཁྲོ་རུ་ཚེ་རྣམ། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱིས་ཀྱང་བོད་ཀྱི་གསོ་རིག་གི་དཔེ་ཆ་རྙིང་ཤོས་ནི་བོན་གྱི་གསོ་རིག་འབུམ་བཞི་ཡིན་པ་ཞལ་གྱིས་བཞེས་ཡོད་ཚུལ་དང་། འབུམ་བཞི་དེ་ལའང་ཐུགས་འབུམ་ལ་རྩ་བ་མདོར་བསྡུས་པའི་ལེའུ་བདུན་དང་། སྨན་འབུམ་ལའང་རྩ་ཆུ་ངོས་འཛིན་གསོ་ཐབས་དང་བཅས་པ་སྟོན་པའི་ལེའུ་སོ་གཉིས། དཔྱད་འབུམ་ལའང་གསོ་བྱ་ལུས་དང་ནད་ཀྱི་གནས་གནས་ལུགས། གསོ་བྱེད་སྨན། གསོ་བ་བོ་སྨན་པ་སོགས་སྟོན་པའི་ལེའུ་སོ་གཅིག ནད་འབུམ་ལའང་ནད་བྱེ་བྲག་རེ་རེའི་རྒྱུ་རྐྱེན་ངོས་འཛིན་གསོ་ཐབས་དང་བཅས་པ་སོགས་སྟོན་པའི་ལེའུ་གོ་བཞི་བཅས་བསྡོམས་པའི་ལེའུ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་སྐོར་སོགས་ཞིབ་གླེང་མཛད་ནས་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་དྲོ་ཕྱག་ཚོད་༣.༠༠ ཐོག་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཚོགས་མགོན་དུ་གདན་ཞུ་ཞུས་རྗེས་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་མཆོག་གིས་གཙོ་སྐྱོང་ཁྲོད་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༧པའི་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། མཇུག་བསྡོམས་མཛད་སྒོ་སྟེང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་དང་། ཁྲིམས་ཞིབ་ཆེ་བ་ཟུར་བ་སྐུ་ངོ་བྱ་དུར་བཟང་པོ། བོན་གཞིས་ཉིན་སློབ་ཀྱི་སློབ་གཙོ་གསར་པ་ཨཅརྱ་སྐལ་བཟང་ཆོས་སྒྲོན། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ། བོན་གཞིས་དྲུང་ཡིག བོན་བུ་ཁྱིམ་ཁང་གི་དྲུང་ཡིག་བཅས་ཚོགས་སྡེ་ཁག་གི་འཐུས་མི་གང་མང་ཕེབས་འདུག་ལ།
དེ་ཡང་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ནས་ཐེངས་འདིའི་བགྲོ་གླེང་གི་གསུང་བཤད་སློབ་དཔོན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་མགུལ་དར་བསྒྲོན་རྗེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ནས་བགྲོ་གླེང་མཇུག་བསྡོམས་ཀྱི་བཀའ་སློབ་ལམ་སྟོན་བསྩལ་དོན། ཉིན་གསུམ་རིང་གསུང་བཤད་སློབ་དཔོན་རྣམ་པས་བརྗོད་བྱ་ཁག་གཞི་བཟུང་ཐོག་བགྲོ་གླེང་གནངས་ཡོད་པ་དང་། དེ་མཚུངས་སུ་བགྲོ་གླེང་གི་ཆ་ཤས་ལེན་པའི་སློབ་གཉེར་བ་དག་གིས་ཀྱང་གོ་སྐབས་དམ་འཛིན་གྱིས་བགྲོ་གླེང་གི་ཆ་ཤས་གང་འཚམས་བླངས་ཡོད་པའི་རེ་བ་ཡོད་ཅེས་གསུངས་པ་དང་། དེ་ཡང་སློབ་ཕྲུག་ཁྱེད་ཚོ་ནི་བོད་དང་བོན་གྱི་རིག་གཞུང་འཛིན་སྐྱོང་བྱེད་པའི་སོན་རྩ་ཆགས་བསྡད་ཡོད་པ་དང་། ང་ཚོས་འདི་འདྲའི་བགྲོ་གླེང་ཞིག་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ཡང་བོད་དང་བོན་གྱི་རིག་གཞུང་གི་བདག་པོ་སྐྱེད་བསྲིངས་བྱེད་པའི་ཆེད་དུ་ཡིན་གསུངས་ནས་བཀའ་སློབ་གནད་སྨིན་དུ་བསྩལ།
དེ་རྗེས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་བཀའ་སློབ་བསྩལ་དོན། དེ་ཡང་ཐེངས་འདིའི་བགྲོ་གླེང་འདིའི་བརྗོད་བྱ་དག་སྣ་འཛོམས་ཡིན་འདུག་ལ། ཚད་མ། ལོ་རྒྱུས། ལྟ་གྲུབ། ཚན་རིག འཕྲོད་བསྟེན་སོགས་བསྒོམ་རྒྱག་སྟངས་དང་ཁ་བཏོན་འདོན་བྱེད་ཙམ་མ་ཡིན་པར། མིའི་སྤྱི་ཚོགས་ཀྱི་བབ་དང་བསྟུན་པའི་ཤེས་བྱའི་ཉམས་མྱོང་བསག་པའི་གོ་སྐབས་ཡག་ཤོས་ཤིག་སྤྲོད་བཞིན་ཡོད་བསམ་པའི་འདུ་ཤེས་བཟུང་ནས་བགྲོ་གླེང་འདིར་ཞུགས་པ་ཕན་ཐོགས་ངེས་ཅན་ཞིག་ཡོད་པའི་རེ་བ་ཡོད་ཅེས་བཀའ་སློབ་བསྩལ་ཡོད་པ་རེད།
བགྲོ་གླེང་མཇུག་བསྡོམས་སུ་སྐབས་༡༧པའི་བགྲོ་གླེང་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་ ཐེངས་འདིའི་བགྲོ་གླེང་ཆ་ཤས་ལེན་པའི་སློབ་ཕྲུག་དག་ལ་མི་བརྗེད་གསོས་འདེབས་ཀྱི་ཆེད་ཉིན་གསུམ་རིང་གི་གསུང་བཤད་སློབ་དཔོན་༡༥བརྗོད་གཞི་དག་གི་བརྗོད་དོན་སྙིང་བསྡུས་རེ་རེ་བཞིན་བསྡོམས་ཚིག་བཀོད་ནས་གསུངས་པ་དང་། བརྗོད་གཞི་དག་ཀྱང་བོད་དང་བོན་གྱི་རིག་གཞུང་གང་གི་ཐད་ནས་ཁ་ཚ་དགོས་གཏུག་གི་གནད་ཆགས་ཡོད་པའི་མཇུག་བསྡོམས་གཏམ་བཤད་གྲུབ་རྗེས་ཚོགས་བཅར་བ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༧པ་རྒྱལ་ཁའི་ངང་མཇུག་གྲུབ་པར་བྱས་པའོ། །