གཡུང་དྲུང་བོན་གྱི་དྲྭ་རྒྱ།

གནམ་མཚོའི་བོན་གྱི་བྲག་བརྐོས་དང་བྱང་ཐང་གནའ་བོའི་ཆོས་ལུགས་ཀྱི་ཡུད་སྣང་།

དེ་ཡང་ཉེ་སྔོན་མཚོ་སྔོན་སློབ་ཆེན་རྩོམ་སྒྲིག་སྡེ་ཚན་ནས་རྩོམ་སྒྲིག་བྱས་པའི་རིག་གཞུང་དུས་དེབ་༢༠༡༨ལོའི་དེབ་དང་པོའི་ཕྱིའི་བོད་རིག་པའི་སྡེ་ཚན་དུ་《གནམ་མཚོའི་བོན་གྱི་བྲག་བརྐོས་དང་བྱང་ཐང་གནའ་བོའི་ཆོས་ལུགས་ཀྱི་ཡུད་སྣང་》ཞེས་པ་ཞིག་སློབ་གླིང་དེ་གའི་དགེ་རྒན་ཆེན་མོ་གཡང་དཔལ་འཛོམས་ལགས་ནས་རྒྱ་ཡིག་ཏུ་བསྒྱུར་ནས་བཀོད་འདུག་ལ། དེ་ཡང་དཔྱད་བརྗོད་འདིའི་ནང་དུ་བྲག་བརྐོས་རི་མོ་དང་ལྕགས་བརྐོས་ཡི་གེ་སོགས་༣༤འགྲེལ་བརྗོད་བྱས་འདུག་ལ། དེ་དག་ཀྱང་ས་གནས་མ་འདྲ་བ་དང་བྲག་ཕུག་མ་འདྲ་བ་ཁག་ནས་ཡིན་འདུག་ལ། དུས་རབས་ཀྱང་མི་འདྲ་ནས་ཡིན་པར་བརྗོད་བཞིན་འདུག
ད་བར་བོད་ལྗོངས་ས་ཁུལ་དུ་རྙེད་སོན་བྱུང་བའི་བྲག་བརྐོས་རི་མོ་མང་དག་ཅིག་མཚོ་བོད་མཐོ་སྒང་གི་མཚོ་ཆེན་གཉིས་པ་རུ་འབོད་སྲོལ་ཡོད་པའི་གནམ་མཚོའི་རི་མོ་དང་འབྲེལ་བ་ཤུགས་ཆེན་ཡོད་པར་བརྗོད་འདུག་ལ། དཔྱད་རྩོམ་འདིའི་ཞིབ་འཇུག་གི་ཁྱབ་ཁོངས་བོད་ཀྱི་གནའ་བོའི་བོན་ལུགས་ཀྱི་བྲག་བརྐོས་རི་མོ་དང་འབྲེལ་ཡོད་ལ། གནམ་མཚོའི་བོན་གྱི་བྲག་བརྐོས་རི་མོ་ནི་བོན་གྱི་སྔ་མོའི་དུས་(གསེར་ཆས་དུས་རབས་ནས་དུས་རབས་བཅུ་པའི་བར)དང་། བོད་བརྒྱུད་ནང་བསྟན་གྱིས་ཤུགས་རྐྱེན་ཐེབས་རྗེས་སུ་ཡིན་འདུག་ལ། གནའ་བོའི་སྒྱུ་རྩལ་གྱི་ཉམས་དོད་པོའི་རི་མོ་འདི་དག་སྡེ་ཚན་གཉིས་ཀྱིས་གྲུབ་འདུག་ལ། དེ་ཡང་ལྕགས་བརྐོས་ཡི་གེ་དང་དངོས་ཡོད་རི་མོའི་རྣམ་པ་ཅན་གཉིས་ཡིན་འདུག དེ་ཡང་འདི་དག་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆའི་ཡོངས་ཁུངས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་ཆགས་ཡོད་སྐོར་བརྗོད་བཞིན་འདུག
བྲག་བརྐོས་རི་མོ་དེ་དག་ནི་གནམ་མཚོའི་ཕྱོགས་དྲུག་གི་ས་གནས་བྲག་ཕུག་དང་བྲག་ངོས་མ་འདྲ་ཁག་ནས་རྙེད་འདུག་ལ། དེ་ཡང་དེའི་ཁྲོད་ཀྱི་རི་མོ་འགའ་ཤས་ཤིག་དེ་དང་བར་ཐག་ངེས་ཅན་ལྡན་པའི་ས་ནས་རྙེད་པ་ཡིན་འདུག དེ་ཡང་སྤྱིར་བཏངས་མ་ཡིན་པའི་བྲག་བརྐོས་རི་མོའི་སྒྱུ་རྩལ་དེ་དག་དུས་ཡུན་ངེས་ཅན་ཞིག་ཏུ་རྙེད་སོན་མ་བྱུང་བའང་རྒྱུ་མཚན་འདི་ཡིན་སྐོར་བརྗོད་འདུག བྲག་བརྐོས་རི་མོ་འདི་དག་ཁྲོད་དུ་ངེས་ཟིན་ཐུབ་པའི་རི་མོ་གསལ་ཅན་༤༥༠ལྷག་དང་། ད་དུང་ལྕགས་བརྐོས་ཡི་གེ་དང་གཡུང་དྲུང་གི་རི་མོ་སོགས་ཀྱང་འབོར་ཆེན་ཡོད་འདུག དེ་ཡང་ཆུང་དྲག་པའི་རི་མོ་དང་ཆ་མི་ཚང་བའི་བྲག་བརྐོས་རི་མོ། གང་ཡིན་དབྱེ་འབྱེད་དཀའ་བའི་ཐིག་རིས། ཁྲ་ཐིག་དང་བྲིས་རྟགས་སོགས་ཡོངས་གཟུགས་རིས་༢༠༠༠ལྷག་ཅིག་འདུག་ལ། བྱང་ཐང་གི་འབྲོག་པའི་རིག་གནས་སྒྱུ་རྩལ་ལ་རྒྱུས་ལོན་དང་གསལ་འབྱེད་བྱེད་པར་རིན་ཐང་ངེས་ཅན་ལྡན་ཡོད་སྐོར་བརྗོད་འདུག
རྙེད་སོན་བྱུང་བའི་བྲག་བརྐོས་རི་མོའི་སྒྱུ་རྩལ་ཁྲོད་ཀྱི་རི་མོ་མང་དག་ཅིག་ནི་རྔོན་པ་དང་ཕྱུགས་འཚོ་བའི་རྣམ་པ། གར། བོན་གྱི་ཆོས་པ། དམག་འཁྲུག་དང་གཡུལ་འགྱེད་ཀྱི་རྣམ་པ། ཁྱད་དུ་འཕགས་པའི་མཚོན་རྟགས་བཅས་ཀྱིས་གྲུབ་འདུག
ཐེངས་འདིར་རྙེད་སོན་བྱུང་བའི་ལྕགས་བརྐོས་ཡི་གེ་དང་ལྷ། རང་བྱུང་ལས་བརྒལ་བའི་རི་མོའི་རྣམ་པ་དེ་དག་ཨོ་གླིང་དང་ཡ་གླིང་གི་རྩ་ཐང་རིག་གནས་ཀྱི་བརྗོད་གཞིའི་གྲུབ་ཆ་དང་ཕྱོགས་ཀུན་ནས་མཚུངས་པར་བརྗོད་འདུག་ལ། འོན་ཀྱང་གནམ་མཚོའི་བྲག་བརྐོས་རི་མོ་འདི་དག་ཐུན་མོང་མ་ཡིན་པའི་བྱང་ཐང་རི་མོའི་ལུགས་ཀྱི་ཁྱབ་ཁོངས་ཡིན་པར་འགྲེལ་བརྗོད་བྱས་འདུག
དེ་ཡང་ཀླུ་ཁང་ཕུག་གི་ངོས་སྙོམས་པའི་བྲག་ངོས་སུ་བོན་གྱི་ཡི་གེ་དང་མཚོན་རྟགས་རྙེད་ཡོད་འདུག་ལ། དེ་ཡང་དུས་རབས་༧–༡༣བར་གྱི་ཡི་གེ་དང་མཚོན་རྟགས་སུ་ཁུངས་གཏུག་བྱས་ཆོག་ལ། དེ་ཡང་དུས་རབས་མི་འདྲ་བར་བཙག་གིས་བྲིས་པས་ད་ལྟའི་ཆར་ཧ་ཅང་གི་མགོ་རྙོག་པོ་ཡིན་འདུག
དེ་ཡང་བཀྲ་ཤིས་རྟགས་བརྒྱད་ཕུག་ཏུ་ཧ་ཅང་མཐོང་དཀོན་པའི་ཡི་གེ་ཞིག་རྙེད་སོན་བྱུང་བ་དང་། དེའི་ཁྲོད་དུ་བོད་ཡིག་གི་ཡིག་གཟུགས་དང་འབྲེལ་བ་ཡོད་པའི་ཡིག་རྟགས་བཅུ་འདུག་ལ། འོན་ཀྱང་ཡིག་རྟགས་དེ་དག་གི་བཟོ་བཅོས་ནི་ཀུན་གྱིས་ཁས་ལེན་ཐུབ་པའི་ཡིག་གཟུགས་ཀྱི་ཚད་གཞི་ལས་བརྒལ་འདུག གཅིག་བྱས་ན་འདི་དག་སྔོན་གྱི་མིང་མི་ཐོགས་པའི་ཡི་གེ་འབྲི་སྟངས་ཤིག་གམ། ཞང་ཞུང་སྨར་ཡིག་གང་རུང་དུ་ཚོད་དཔག་བྱས་ཆོག་པར་བརྗོད་འདུག

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་འཕྲིན་སྟེགས་ལས་རགས་བསྡུགས་ཤིག་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་ཁང་གིས་བོད་བསྒྱུར་བྱས།