གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་.མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

ཞང་ཞུང་རིག་གནས་ནི་ཀྲུང་གོའི་བོད་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་རྙིང་བ་དེ་ཡིན་ལ། མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱས་པའི་མེས་པོ་དག་གི་ཤེས་རབ་ཀྱི་ཉིང་བཅུད་ཀྱང་ཡིན། རིག་གཞུང་འདི་ཡིས་བོད་ལྗོངས་གནའ་བོའི་ལོ་རྒྱུས་རིག་གནས་ཀྱི་“རྩ་བ་” དང་“རྣམ་ཤེས”མཚོན་ཀྱིན་ཡོད་ལ། གངས་ལྗོངས་མཐོ་སྒང་གིས་མིའི་རིགས་ལ་བཞག་པའི་ཆེས་རྩ་ཆེ་བའི་ཤུལ་བཞག་རིག་གནས་ཡིན་ལ་བསམ་པའི་རྒྱུ་ནོར་ཡང་ཡིན། ཉེ་བའི་ལོ་འགའི་རིང་ཞང་ཞུང་རྒྱལ་ཁབ་དང་དེའི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་རིམ་བཞིན་ཞིབ་འཇུག་པ་དག་གིས་དོ་ཁུར་བྱ་ཡུལ་དུ་གྱུར་ཅིང་། ཞང་ཞུང་དང་དེའི་རིག་གནས་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་ལས་རིམ་ཀྱང་སྔར་ལས་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད།
སྤྱི་ཟླ་༦པའི་ཚེས་༡༦ཉིན་ནས་ཉིན་གསུམ་རིང་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ལྷ་ས.མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པ་དང་། པེ་ཅིན་དང་ཡུན་ནན། སི་ཁྲོན། མཚོ་སྔོན། ཀན་སུའུ། བོད་ལྗོངས་དང་ཕྱི་རྒྱལ་ནས་ཕེབས་པའི་མཁས་པ་དག་ལྷ་སར་འཛོམས་ནས། མཉམ་རུབ་ཀྱིས་ཞང་ཞུང་རིག་གནས་ཞིབ་འཇུག་དང་། སྲུང་སྐྱོབ། དར་སྤེལ་བཅས་ཀྱིས་གནའ་བོའི་ཤེས་རིག་གི་དཔལ་ཡོན་འདི་འཛམ་གླིང་སྐྱེ་བོ་ཀུན་ལ་སྔར་ལས་ཤེས་རྟོགས་ཐུབ་ཆེད་དམིགས་ནས་འཚོགས་པ་ཞིག་ཡིན་འདུག་ལ། རྒྱུན་རིང་ཞིང་འོད་སྟོང་ལྡན་པའི་“གནའ་བོའི་ཞང་ཞུང་རིག་གནས་”ཀྱི་ལོ་རྒྱུས་ལ་རྒྱུས་ལོན་དང་། ཐུན་མོང་མ་ཡིན་པའི་ཀྲུང་ཧྭ་རིག་གནས་ཀྱི་གཟི་ཉམས་བསྔོགས་འདོན་བྱས་པའང་ཡིན། ད་དུང་འཛམ་གླིང་སྐྱེ་བོ་ཀུན་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་སོགས་སྣེ་སྟོན་བྱས་ཡོད།
རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་ལ། ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་ཏང་གི་སྙན་ཞུ་བཅུ་དགུ་པའི་ནང་དུའང་ “རིག་གནས་ཀྱི་གདེང་ཚོད་སྲ་བརྟན་དུ་བཏངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་སྐུལ་འདེད་གཏོང་དགོས།”ཞེས་གསལ་སྟོན་བྱས་ཡོད་ལ། གནང་བོའི་ཞང་ཞུང་ཡིན་ནའང་འདྲ་རིག་གནས་ཡིན་ནའང་འདྲ། ཆོས་ལུགས་ཡིན་ནའང་འདྲ་གང་ཡིན་ཀྱང་རྗེས་རབས་པ་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། མཐའ་བཞིའི་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་ལའང་ཤུགས་རྐྱེན་ཐེབས་ཡོད། དུས་ད་ལྟ་ཙམ་ལའང་འཛམ་གླིང་ཡུལ་གྲུ་ཁག་གི་རིག་གནས་དང་། སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་ཁྱབ་ཁོངས་སུ་གནའ་བོའི་ཞང་ཞུང་ཤེས་རིག་གི་མཚོན་རྟགས་མང་དག་ཅིག་རྙེད་བཞིན་ཡོད་པ་རེད།
དཔྱད་གླེང་ཚོགས་འདུ་འདིའི་སྟེང་དུ་ཕེབས་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་གྱིས་ལོ་རྒྱུས་ཡིག་ཚགས་ཁྲོད་ཀྱི་ཞང་ཞུང་འགྲེལ་བརྗོད་གཏིང་ཟབ་གནང་དོན། མིག་སྔའི་རིག་གཞུང་ཞིབ་འཇུག་གི་ལྟ་ཕྱོགས་ནས་བལྟས་ཚེ། ཞང་ཞུང་དང་དེའི་ཤེས་རིག་ཞིབ་འཇུག་གི་ཐད་ནས་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ལ། ད་ལྟའི་ཆར་ཡང་མུ་མཐུད་ནས་འགྲོ་བཞིན་ཡོད་ལ། ཞིབ་འཇུག་གི་ལམ་ཁའང་སྔར་ལས་རྒྱ་ཆེར་འགྲོ་བཞིན་པ་རེད། དཔེར་ན་ཞང་ཞུང་གི་ས་ཁོངས། ཆོས་ལུགས། སྐད་རིགས་སོགས་མཚོ་བོད་མཐོ་སྒང་ནས་གནའ་ནས་ད་བར་དུ་ཟམ་མ་ཆད་པར་བརྒྱུད་ཡོང་བའི་ལོ་རྒྱུས་སོགས་ནང་དོན་ཕུན་སུམ་ཚོགས་པ་ཡོད་པ་རེད། ཁྱབ་ཁོངས་གང་གི་ཞིབ་འཇུག་སྔར་ལས་རྒྱ་ཆེ་བ་དང་གཏིང་ཟབ་པའི་དུས་དང་བསྟུན་ནས་རིག་གཞུང་འདི་ལ་ཞིབ་འཇུག་གི་སྤྲོ་བ་ཡོད་པའི་མིའང་རྒྱལ་ཁབ་ཕྱི་ནང་དང་། དེའི་མི་རིགས་ཁྲོད་དུ་མང་བོ་ཐོན་བཞིན་ཡོད་པ་རེད། ངས་བསམ་པར་གོང་གི་ཞིབ་འཇུག་གི་ཁ་ཕྱོགས་ནས་བཤད་ན་ཡིག་ཚགས་ཁྲོད་ཞང་ཞུང་ཞེས་པ་ཅི་འདྲ་ཞིག་ཡིན་པའི་སྒྲུབ་བྱེད་དེ་ཧ་ཅང་གལ་ཆེན་གྱི་དོན་དག་ཅིག་དང་། ལྷག་པར་དུ་བོད་རྒྱ་གཉིས་ཀྱི་ཡིག་ཚགས་ཁྲོད་ཚུད་པའི་དཔྱད་གཞིའི་ཡིག་ཆ་དག་འགངས་ཆེན་དུ་བསམ་ཡོད། སྐད་ཡིག་འདི་གཉིས་ཁྲོད་ཀྱི་ཡིག་ཚགས་ནང་དོན་ཧ་ཅང་གལ་ཆེན་དང་ཕུན་སུམ་ཚོགས་པ་ཡོད་པས། ཞང་ཞུང་ཞིབ་འཇུག་གི་ཐད་ནས་བཤད་ནའང་། མ་འོངས་པར་བོད་རང་གི་ཡིག་ཚགས་རྨང་གཞིའི་སྟེང་མཐའ་འཁོར་གྱི་མི་རིགས་དང་དེའི་རིག་གནས་ཁྲོད་ཀྱི་འབྲེལ་ཡོད་ཞང་ཞུང་གི་ཤེས་བྱ་སྐུལ་འདེད་བཏངས་ཚེ་ཞིབ་འཇུག་གི་གྲུབ་འབྲས་ཅུང་ཙམ་ཆ་ཚང་བ་ཞིག་ཡོང་ཐུབ་པ་རེད་ཅེས་གསུངས་པ་དང་།
ཚེ་རིང་ཐར་ནས་བཤད་རྒྱུར་སྔོན་ལྷ་སར་རྒྱལ་ནང་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོགས་པ་ནི། ཐེངས་འདིའི་ཚོགས་འདུ་དང་མ་འོངས་པའི་ཞང་ཞུང་དཔྱད་གླེང་ཚོགས་འདུའི་ཐད་ཕན་ཐོགས་ངེས་ཅན་ཐོན་ཡོད་ལ། ལྷག་པར་དུ་ཐེངས་འདིའི་ཚོགས་འདུ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཞིག་ཡིན་པ་དང་། མཁས་པ་ཚོར་ཆ་བཞག་ནས་བཤད་ནའང་ངས་བསམ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཚོགས་འདུའི་ངོ་བོ་ནས་བལྟས་ནའང་རྒྱལ་ཕྱི་ནང་གཉིས་ཀའི་མཁས་པ་དང་སྡེ་ཚན་སྣ་འཛོམས་ཅན་ཡིན་པས་འདི་ནི་ཧ་ཅང་ཡིད་དགའ་དགོས་པའི་སྣང་ཚུལ་ཞིག་ཏུ་མཐོང་བཞིན་ཡོད། ངའི་རེ་བར་མ་འོངས་པར་རིག་གཞུང་ལས་རིགས་དང་ཞང་ཞུང་ལས་རིགས་ཞིབ་འཇུག་གི་ཐད་ནས་རྒྱལ་སྤྱིའི་རིག་ཚན་སྣ་མང་ཅན་དང་རྒྱལ་ཁབ་མི་འདྲ་བའི་མཁས་པ་མང་པོ་མཉམ་རུབ་སྒོས། རིག་གཞུང་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་ཁ་ཕྱོགས་རྒྱལ་སྤྱིའི་རང་བཞིན་ཅན་དུ་བཏངས་ནས། མཚོ་བོད་མཐོ་སྒང་གི་ཆེས་སྔ་བའི་གནའ་བོའི་ལོ་རྒྱུས་དང་ཤེས་རིག་ཞིབ་འཇུག་གཏིང་ཟབ་དང་། “རྒྱུད་གཅིག་ལམ་གཅིག་”གི་སྲོལ་རྒྱུན་རིག་གཞུང་གི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ། ཞང་ཞུང་ཤེས་རིག་གིས་ཨེ་ཤ་ཡ་དབུས་མར་ཤུགས་རྐྱེན་ཐེབས་ཚུལ་དང་། ཡང་ན་གཞན་གྱིས་ཤུགས་རྐྱེན་ཐེབས་པ་ཡིན་པའི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་དུ་བྱས་ནས། གངས་ལྗོངས་མཐོ་སྒང་གི་སྲོལ་རྒྱུན་ལོ་རྒྱུས་ཀྱི་རིག་གཞུང་དང་ཞང་ཞུང་ཤེས་རིག་བར་གྱི་འབྲེལ་བར་ཞིབ་འཇུག་མཐིལ་ཕྱིན་བྱས་ཚེ། ད་གཟོད་ང་ཚོས་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་དང་ཤེས་རིག་འཛམ་བུ་གླིང་གི་མི་རྣམས་ལ་གསལ་སྟོན་བྱེད་པར་ཕན་ཐོགས་ངེས་ཅན་ཡོང་ཐུབ་པ་རེད་ཅེས་གསུངས་ཡོད་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཉིན་གསུམ་རིང་གི་ཚོགས་འདུའི་ཁྲོད། ཞིབ་འཇུག་པ་དང་ཆེད་མཁས་པ་དག་གིས་ “རྒྱུད་གཅིག་ལམ་གཅིག་”དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་སྤྱད་ནས། སྐད་རིགས་དང་ཡི་གེ། གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ། ལོ་རྒྱུས་དང་ཡིག་ཚགས། ཆོས་ལུགས་དང་ཤེས་རིག བོད་སྨན་དང་སྐར་རྩིས་སོགས་ཕྱོགས་ཀུན་ནས་སྐུལ་འདེད་དང་། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཉམས་མྱོང་སྤེལ་རེས་བྱེད་པ་བཅས་སོ།
ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཁྱོན་བསྡོམས་རིག་གཞུང་དཔྱད་རྩོམ་༥༠ལྷག་བསྡུ་རུབ་བྱས་འདུག་ལ། དེ་ཡང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚགས། བྲག་བརྐོས་རི་མོ། གདོད་མའི་བོན་ཆོས། གནའ་བོའི་བོད་ཀྱི་ཡི་གེ། ཞང་ཞུང་སྐད་རིགས། འདས་ཆོག ཞང་ཞུང་ཤོན་སོགས་ཞིབ་འཇུག་གི་གྲུབ་འབྲས་ཡོད་པ་ཤ་སྟག་ཡིན་འདུག་ལ། ད་དུང་ཞང་ཞུང་རིག་གཞུང་དང་འབྲེལ་བའི་རྩ་ཆེ་བའི་དངོས་རྫས་མང་དག་ཅིག་ཀྱང་འགྲེམ་སྟོན་བྱས་ཡོད་པ་རེད།
རྩོམ་གྱི་ཡོང་ཁུངས་ཀྲུང་གོའི་བོད་ལྗོངས་དྲ་བ། གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་ཁང་ནས་ཐད་ཀར་བོད་བསྒྱུར་བྱས།