གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ཨ་ལགས་བོན་བརྒྱ་རིན་པོ་ཆེའི་གདུང་ཞུགས་མཆོད་འབུལ་ཉིན་མཉམ་མེད་ཚོགས་འཁོར་རྒྱས་འབུལ་ཞུས་གནང་བ།

གཤེན་གྱི་འབྱུང་ལྡན་༣༠༡བོད་ས་ཁྱི་ལོའི་སྟོན་ཟླ་དང་པོ་གྲོ་བཞིན་ཟླ་བའི་དམར་ཕྱོགས་བཟང་བ་དང་པོའི་ཉིན་ཏེ། ཕྱི་ལོ་༢༠༡༨ཟླ་༨ཚེས་༢༨ཉིན་གྱི་ཞོགས་པར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཟུང་ཐོག འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧མཁས་གྲུབ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཞུ་བཞིན་པའི་དུས་ཚེས་ཁྱད་པར་ཅན་དང་བསྟུན་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུས་གནང་།

དེ་ཡང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག གདན་ས་སྨན་རིའི་གླིང་གི་བླ་སྤྲུལ་དགེ་བཤེས་རྣམས་ཆེད་ཕེབས་ཀྱིས་བཤད་སྒྲུབ་སློབ་གཉེར་པ་ཡོངས་ནས་གདུང་སེམས་དད་འདུན་དྲག་པོའི་ངང་ནས་རྒྱལ་བ་མཉམ་མེད་བླ་མ་ཆེན་མོའི་ཚོགས་འཁོར་རྒྱས་འབུལ་གནང་།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་གྲྭ་ཚང་རིན་པོ་ཆེ་ལ་ཞོགས་ཇ་རྒྱས་འབུལ་དང་ཕྱག་འགྱེད་སྒོར་བརྒྱ་རེ་༡༠༠བསྩལ་གནང་ཡོད་པ་དང་།

དེ་བཞིན་སྨན་རིའི་གླིང་གི་སྣང་ཞིག་ཁང་ཚན་གྱི་སློབ་གཉེར་པ་ཁག་དང་དེ་མིན་སྨན་རིའི་གླིང་གི་འབྲེལ་ཡོད་སློབ་མ་ཁག་ཐུན་མོང་བཅས་ནས་བཤད་སྒྲུབ་གྲྭ་ཚང་ལ་ཉིན་གུང་བཞེས་ལག་རྒྱས་འབུལ་དང་ཕྱག་འགྱེད་སྒོར་བཞི་བརྒྱ་༤༠༠རེ་བཅས་འབུལ་ལམ་ཞུས་ཡོད་པ་བཅས་ཚོགས་བསགས་ཀྱི་མཆོད་སྤྲིན་བླ་མེད་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

སྨན་རིའི་མཁན་སློབ་རྣམས་དང་བཤད་སྒྲུབ་གྲྭ་ཚང་ལ་ཚོགས་རྫས་འདེགས་འབུལ་ཞུ་བཞིན་པ།

ཉིན་གུང་སྨན་རིའི་བཤད་སྒྲུབ་གྲྭ་ཚང་ལ་དམིགས་བསལ་གསོལ་ཚིགས་འདེགས་འབུལ་ཞུས་པ

མར་མེ་རྒྱལ་མཚན་ཁང་དུ་མཆོད་མེ་རྒྱུན་ཆད་མེད་པར་སྒྲོན་འབུལ་ཞུས་པ།