གཡུང་དྲུང་བོན་གྱི་དྲྭ་རྒྱ།

གངས་ཅན་མཁས་གྲུབ་བྱེ་བའི་གཙུག་རྒྱན་༧རྗེ་བཙུན་བོན་བརྒྱ་སྨྲ་བའི་སེང་ཆེན་གྱི་རྟོགས་བརྗོད་དང་འབྲེལ་ནས་བཀའ་དྲིན་རྗེས་སུ་དྲན་པ་སྲིད་པའི་འཕར་ཆེན་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།

 

(1935-2018)

མར་ནང་དགེ་བཤེས་ཁྲི་གཡུང་དྲུང་།

དང་པོ། འཁྲུངས་རབས་ཀྱི་ལེའུ།

དོན་དམ་བདེ་ཆེན་དབྱིངས་ཀྱི་ངང་ལ་གཡོ་མེད་བོན་སྐུ་ཀུན་ཏུ་བཟང་། །

ཀུན་རྫོབ་སྣང་བཅས་དོན་གྱི་ངོ་བོར་སྣ་ཚོགས་སྤྲུལ་བའི་སྐུ་རུ་བཞེངས། །

ཐོག་མར་ཞང་བོད་གྲུབ་པའི་ཁྱུ་མཆོག་རིག་འཛིན་གསས་མཁར་སྟོང་གི་བདག །

ཞང་ཞུང་མཁས་པ་མི་བཞིའི་གཙོ་བོ་སྟོང་རྒྱུང་མཐུ་བོ་ཆེ་རུ་སྤྲུལ། །

 

སྟོད་ཕྱོགས་ཁྱུང་ལུང་དངུལ་གྱི་མཁར་ལ་ཚེ་ལ་དབང་བའི་རིག་པ་འཛིན། །

སྨད་ཕྱོགས་རྒྱལ་མོ་རོང་གི་ས་རུ་ལོ་ཆེན་བེེ་རོ་ཙཱ་ན་གྲགས། །

རྣམ་འདྲེན་རྒྱལ་བ་གཉིས་པའི་རྒྱལ་ཚབ་མཁས་གྲུབ་རིན་ཆེན་རྒྱལ་བའི་མཚན། །

གྱེར་པོ་བསྟན་དང་འགྲོ་བའི་དོན་ལ་རིང་ནས་ཉི་ཟླའི་སྣང་བརྙན་ཅན། །

 

གེ་སར་ཕྲོམ་གྱི་རྒྱལ་ཁམས་དབུས་ན་རྩེ་ཞིག་ཆོས་རྗེ་རྒྱལ་བའི་ཞབས། །

དུས་ཀྱི་སྙིགས་མ་ལྔ་བརྒྱའི་མགོན་ལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཞབས། །

མདོ་སྨད་ཕུར་ཐོགས་སྟོང་གི་བླ་རུ་གསང་ཆེན་འགྱུར་མེད་ལས་རབ་རྩལ། །

རྒྱལ་སྲས་དམ་པའི་སྒྱུ་འཕྲུལ་ཟློས་གར་ཆུ་མིག་སྟོང་ལ་ཟླ་གཟུགས་བཞིན། །

 

གྲངས་མེད་སྔོན་ནས་ཚོགས་ཀྱི་བསོད་ནམས་ཉེར་ལེན་ཟབ་མོའི་རྒྱུ་ལ་དྲངས། །

ཡེ་ཤེས་ཚོགས་ཀྱི་ས་ལམ་རིང་མོ་ཚེ་རབས་གོང་ནས་ཐུགས་ལ་སྦྱར། །

དགོངས་བཞིན་འགྲོ་བའི་དོན་དུ་གཟེས་ནས་དལ་འབྱོར་མཚན་དཔེ་མེ་ཏོག་བཞད། །

གངས་ལྗོངས་རིག་པ་སྨྲ་བའི་སེང་ཆེན་ཐམས་ཅད་མཁྱེན་གྱུར་བོན་བརྒྱ་རྗེ། །

 

ཞང་ཞུང་རྒན་པོའི་ཡང་མེས་ཏིག་པོ་མཁའ་འགྱིང་གཉན་གྱི་ཟློས་གར་ལས། །

གྲུབ་ཆེན་ཁྱུང་དཀར་ཐོག་ལ་འབར་ཞེས་ལོ་རྒྱུས་རིག་པའི་མཛད་རྗེས་ཅན། །

གང་གི་གདུང་རུས་གསེར་གྱི་མེ་ཏོག་མདོ་སྨད་གསེར་མོའི་ལྗོངས་སུ་དགོངས། །

འཁྲུལ་མེད་གདུང་ལས་མངོན་དུ་བལྟམས་པ་བོན་བརྒྱ་དགེ་ལེགས་རྒྱ་མཚོར་འདུད། །

 

ཐུགས་སྣང་སྐྱིད་པའི་དབྱིངས་ཀྱི་ཀློང་ན་གཞོན་ནུའི་རོལ་རྩེད་མཛད་པའི་དུས། །

ཡབ་ཡུམ་ཟུང་གི་གཅེས་པའིནོར་བུ་གང་གཟབ་འཚར་ལོངས་བསྐྱེད་པ་དང་། །

མཚན་དཔེ་མེ་ཏོག་རིམ་གྱིས་སྨིན་ཏེ་དགུང་གྲངས་འབྱུང་བར་ཕེབས་པའི་སྐབས། །

མི་མངོན་དག་པ་བདེ་ཆེན་ཞིང་ནས་བཀའ་དང་ལུང་གི་བརྡ་ལན་བྱུང་། །

 

རིས་མེད་གྲུབ་མཐའི་སྐྱེས་ཆེན་རྣམས་ཀྱི་མགྲིན་ངག་གཅིག་གིས་བྱིན་རྫས་བསྩལ། །

གསང་ཆེན་བོན་མང་ཕུར་ཐོགས་སྟོང་གི་གནད་ཀྱིས་བསྐུལ་བའི་འཕྲིན་ལས་ཟབ། །

མ་བདུད་བཙན་དང་སྟག་རི་རོང་གི་ཆོ་འཕྲུལ་ཟབ་མོའི་ལུང་བསྟན་བཙན། །

སྐུ་འཕྲེང་སྔ་མའི་སྤྲུལ་བའི་མཚན་གྱི་རྟགས་སྒྲིལ་དང་པོ་ཁྱེད་ལ་བབས། །

ཞེས་ལོ་རྒྱུས་བརྒྱུད་རིམ་དང་འབྲེལ་བའི་ཚིགས་སུ་བཅད་པས་སྣ་དྲངས་ཏེ་སྐབས་སུ་ཞུ་བར་བྱ་བ་ནི་གངས་ལྗོངས་མཁས་པའི་གཙུག་རྒྱན་དམ་པ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་༸རྗེ་བོན་བརྒྱ་སྨྲ་བའི་སེང་གེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བའི་བཀའ་དྲིན་རྗེས་སུ་དྲན་པར་བྱ་བ་ལ། ཐོག་མར་དམ་པ་ཁོང་གི་སྐྱེས་རབས་ཐོག་མ་ནི་ཞང་ཞུང་མཁས་པ་མི་བཞིའི་གཙོ་བོ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་དང་བླ་མ་ཚེ་དབང་རིག་འཛིན། ལོ་ཆེན་བེེ་རོ་ཙཱ་ན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་སོགས་ཀྱི་སྐྱེས་འཕྲེང་ཡིན་པ་ནི་ལུང་བསྟན་ལོ་རྒྱུས་དང་རང་རྣམ་ཁག་ལས་གསལ་བ་ལྟར་ཡིན་ལ། དྲིན་ཅན་རྩ་བའི་བླ་མ་སྐྱབས་རྗེ་དམ་པ་ཁོང་ནི་ཡུལ་གངས་ཅན་མདོ་གམ་སྨད་ཀྱི་ཆར་གཏོགས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་སུ་གྲགས་པ་གེ་སར་ཕྲོམ་གྱི་རྒྱལ་ཁམས་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་བྱང་ཨཀྟ་རོང་ཞེས་པ་རེབ་གོང་གསེར་མོ་ལྗོངས་སུ་ཡར་ནང་བོན་སྡེ་ཁག་གསུམ་གྱི་ནང་ཚན་འབའ་ཚ་ཞེས་པ་དེང་སང་མག་གསར་ཞེས་སུ་འབོད་པ་གྲོང་ཚོ་ཆུང་ཆུང་དེར་ཁྱུང་དཀར་གྲུབ་ཆེན་བསྟན་པ་དར་རྒྱས་ཀྱི་རུས་རྒྱུད་དུ་གཏོགས་པ་ཡབ་རྡོ་རྗེ་ཐར་དང་ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་རྒྱལ་བ་གཤེན་གྱི་འབྱུང་ལྡན་(༣༠༡)བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་གི་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྐུ་མཆོག་མངོན་པར་བལྟམས་པའི་བཀྲ་ཤིས་ཀྱི་ལྟས་བཟང་བྱུང་།

དགུང་གྲངས་ལྔ་པར་ཕེབས་སྟེང་ནས་བྱང་སྟོན་གྲུབ་དབང་བོན་བརྒྱ་ནམ་མཁའ་རྒྱལ་མཚན་(1902-1959)མཆོག་དང༌། རྟོགས་ལྡན་དམ་པ་ཏྲེ་ཚང་སྤྲུལ་སྐུ། སྔགས་རྙིང་མའི་མདོ་མཁྱེན་བརྩེ་གྲུབ་དབང་རིན་པོ་ཆེ། སྟོན་ཁྱུང་ཞབས་དྲུང་གཡུང་དྲུང་དབང་རྒྱལ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མས་མ་གྲོས་དགོངས་པ་གཅིག་མཐུན་གྱི་བཞེད་པ་གཅིག་ཏུ་གྲུབ་སྟེ། རྩེ་དབུས་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་(1795-)ཀྱི་ཐུགས་སྤྲུལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་(1874-1934)ཀྱི་ཡང་སྤྲུལ་དུ་རྟགས་སྒྲིལ་མཛད་ནས་ངོས་འཛིན་བྱུང༌བ་ནི་བསྟན་དོན་མཛད་པའི་རྟེན་འབྲེལ་གྱི་དབུ་ཁྱུད་ཐོག་མ་ཡིན་ནོ། །

 

གཉིས་པ། སློབ་གཉེར་གྱི་ལེའུ།

དཀར་ནག་འབྲུ་འདེད་ཀློག་པ་འཁོར་ལོས་ཐོས་པ་རྒྱ་མཚོའི་འཇིངས་ལ་བྱིངས། །

གུས་རྟག་བརྩོན་པ་ལྷུར་གྱིས་བཞེས་ཏེ་བསམ་པ་ནོར་བུའི་གཏེར་ལ་དབང་། །

དཔྱད་འཇོག་རིག་པ་རྩལ་གྱིས་སྤྲུགས་བཞིན་སྒོམ་པ་ཤེལ་གྱི་ཏིང་འཛིན་འཐོབ། །

སློབ་པ་ལམ་གྱི་རི་ཡི་སྤོ་ལ་ངལ་གྱིས་འགྱིངས་པའི་སྙན་པ་ཅན། །

 

ཁྱུང་དཀར་ཚང་གི་གདུང་ལ་འཁྲུངས་པའི་རྒྱལ་སྲས་རིག་པའི་དཔའ་བོ་གང༌། །

ཚོགས་ཆེན་བསགས་པའི་ཉེར་ལེན་ཟབ་མོས་སྐྱེས་སྦྱངས་རིག་པ་ཁོང་ནས་སད། །

མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་གདམས་ངག་བདུད་རྩི་ངོམ་མེད་བཞེས། །

ཆུང་ཆུང་སྐུ་ན་ཕྲ་བའི་དུས་ནས་མཁས་པའི་ཁྲི་ལ་ཟོལ་གྱིས་ཕེབས། །

 

སུམ་ལྡན་སྐྱང་སྟོན་རྒྱལ་བའི་དྲུང་ནས་གཙུག་ཕུད་གཙང་མའི་ཚུལ་ཁྲིམས་ཞུས། །

གསང་རྒྱུད་གྲུབ་ཆེན་མུ་ལའི་ཞལ་ནས་དབང་ལུང་བུམ་པ་གང་བྱོ་མཛད། །

མདོ་སྨད་བྱང་རྒྱུད་ས་ཡི་ཐིག་ལེར་གཤེན་བསྟན་འཛིན་པའི་འཁུར་ཆེན་བཞེས། །

གཡུང་དྲུང་བཤད་སྒྲུབ་བསྟན་པའི་མེ་རོ་སླར་ཡང་གསོ་བར་བསྐལ་པ་བཟང་། །

 

དག་སྦྱངས་སྨིན་པའི་ཐབས་སུ་དམིགས་ཏེ་སྔོན་འགྲོ་འབུམ་དགུའི་བསགས་སྦྱངས་ཞུས། །

འགྲོ་བ་འདྲེན་པའི་གནད་དུ་དགོངས་ཏེ་འཕོ་སྦྱང་དངོས་གཞིའི་ཉམས་ལེན་མཛད། །

རྩ་རླུང་ཐིག་གསུམ་དགུ་ཕྲུགས་རྩལ་སྦྱངས་ལྷན་སྐྱེས་སྐུ་གསུམ་མངོན་དུ་ལྡིང་། །

འཁོར་བའི་བོན་ལ་འདམ་དུ་གཟིགས་ནས་བཅུད་ལེན་སྒྲུབ་པ་གནད་དུ་སྨིན། །

 

ཁྲེགས་ཆོད་རིག་པ་རྩལ་དུ་སྤྲུགས་ནས་ཐོད་རྒལ་སྣང་བཞིའི་ཉམས་ལེན་གནང་། །

ཉིན་སྣང་མཚན་སྣང་མཐིལ་དུ་མཛད་དེ་ཀ་དག་ལྷུན་གྲུབ་བོན་སྐུར་ཤར། །

མུན་ཁྲིད་ཨར་གཏད་ཀློང་དུ་ཕྱིན་ནས་གནས་ལུགས་རྗེན་པ་ཉམས་སུ་སྣང་། །

སོ་བྱང་སྔགས་ཀྱི་བསླབ་ཁྲིམས་ཀུན་ཐོབ་གཞན་ཕན་ཀུན་བཟང་རྒྱ་མཚོའི་དཔལ། །

 

སྒྲ་སྦྱོར་སྙན་ངག་རིག་པའི་རྩལ་གྱིས་དབྱངས་ཅན་ངག་ལ་ཅོ་འདྲི་བྱེད། །

གནམ་རིག་དཀར་ནག་རྩིས་རིག་ཕུལ་ཕྱིན་སྣོད་བཅུད་བདེ་སྡུག་རི་མོར་བཀོད། །

ལྷ་རིས་ཡིག་རིགས་སྒྱུ་རྩལ་ལ་སོགས་ཐུན་མོང་ཤེས་བྱ་དཔྱིས་སུ་ཕྱིན། །

ངག་གི་དཔལ་ལ་རང་དབང་འཐོབ་པ་དབྱངས་ལྡན་དགྱེས་པའི་བློ་གྲོས་གྲགས། །

ཞེས་པ་དགུང་གྲངས་དྲུག་པ་བཞེས་སྟེང་ནས་རིམ་བཞིན་དུ་རྩ་བའི་བླ་མ་བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་(1902-1959)གྱི་དྲུང་དུ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་ཚེག་འདེད་དང་འབྲི་ཀློག་ཐམས་ཅད་ཚེགས་མེད་དུ་མཁྱེན་རྟོགས་བྱུང༌ཞིང་གཡུང་དྲུང་བོན་གྱི་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་ཞུས་ཤིང་སྔོན་འགྲོ་བསགས་སྦྱང་གི་རིམ་པ་ཉམས་སུ་བླངས། ཞོར་དུ་ཞང་བོད་བརྡ་སྤྲོད་རིག་པའི་གཞུང་ལུགས་སུམ་རྟགས་དག་གསུམ་བཅས་ལ་ཡང་སྦྱངས་པ་དཔྱིས་ཕྱིན་དང༌། དེ་མིན་རྩ་རྒྱུད་གསང་བ་བསེན་ཐུབ་དང༌། གསང་སྔགས་དོན་རྒྱུད་ཆེན་མོ། ཀུན་བཟང་ཉམས་ལེན་ལྔ་སྐོར། ཡི་དམ་དབལ་གསས་ཀྱི་འགྲེལ་བ། གསང་སྔགས་བསྐྱེད་རྫོགས། ཟབ་མོ་གཅོད་གདམས། གསང་སྔགས་སེམས་རྒྱུད་སྡེ་ཁྲིད་སོགས་སྨིན་བྱེད་ཀྱི་དབང་དང༌གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་ལུང༌། སྙན་བརྒྱུད་ཀྱི་མན་ངག་སོགས་རྒྱུད་སྡེ་སྒྲུབ་སྐོར་མང་པོའི་ལུང་ལ་གསན་བསམ་གནང་།

དགུང་གྲངས་བཅུ་དྲུག་བཞེས་སྐབས་རྩ་བའི་བླ་མ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་མཆོག་(1922-1957)གི་ཞབས་ཞུར་འབྲངས་ནས། སྐྱང་སྤྲུལ་ཆེན་པོ་ནམ་མཁའ་རྒྱལ་མཚན་(1770-1833)གྱི་གདན་ས་ཁྱད་པར་ཅན་མདའ་ཆེན་དཀར་མོ་རི་ཁྲོད་དུ་ཕེབས། དགོན་དེར་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་(1904-1960)དང་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་(1922-1957)རིན་པོ་ཆེ་རྣམ་གཉིས་བླ་མར་ཚུལ་བཞིན་དུ་བསྟེན་ཏེ་སྒྲུབ་གྲྭར་ཞུགས་ཤིང་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ཁྲིད་དང༌། མདོ་ཆོག་ཆོ་ག་བཅུ་གཉིས། མ་རྒྱུད་དབང་བཞི། ཡི་དམ་གེ་ཁོད་མེ་རི། ཞི་བ་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་ངོ་མཚར་རྒྱས་པ་སོགས་ཀྱི་ཁྲིད་ལུང་དང་དབང་བཞིའི་གདམས་པ་མང་དུ་གསན། སྔོན་འགྲོ་བསགས་སྦྱངས་དང་བྱང་སེམས་མཆོད་པ་རྒྱ་ཆེར་སྤེལ་བ་དང་འབྲེལ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཚུལ་བཞིན་དུ་ཞུས་ཏེ་མཚན་ལ་‘‘གཞན་ཕན་ཀུན་བཟང་བློ་གྲོས་རྒྱ་མཚོ་ཞེས་གསོལ་ཞིང་འཕོ་ཁྲིད་དངོས་གཞིའི་ཉམས་ལེན་དང༌བསྙེན་སྒྲུབ། རུ་ཤན་དང་རྩ་རླུང༌། མེ་ཏོག་བཅུད་ལེན། ཁྲེགས་ཆོད་ཐོད་བརྒལ། སྣང་བཞིའི་ཉམས་ལེན། ཉིན་སྣང་མཚན་སྣང༌། མུན་ཁྲིད་ཨར་གཏད་ཀྱི་གདམས་པ་སོགས་སྦྱངས་བ་ཕུལ་ཏུ་སོན་ཏེ་ལོ་གསུམ་གྱི་སྒྲུབ་པ་མཐར་ཕྱིན་མཛད། བླ་མ་སྐྱང་སྤྲུལ་རྣམ་གཉིས་ཀྱི་དྲུང་དུ་ཞང་བོད་ཐུན་མོང་གི་རིག་གནས་སྒྲ་དང་སྙན་ངག རྩིས་དཀར་ནག ལྷ་རིས་བཅས་ལ་ཡང་སྦྱངས་པ་མངོན་དུ་གྲུབ་ནས་རྗེ་བླ་མས་ཐུགས་རབ་ཏུ་མཉེས་ཏེ་སྙན་ཚིག་གི་ལམ་ནས་བསྟོད་བསྔགས་དང་འབྲེལ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ལ་“ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་”ཞེས་གསོལ་ཏེ་ལྔ་རིག་མཁས་པའི་ཁྲི་ལ་མངའ་གསོལ་མཛད་ཅིང་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་རྩེ་ལ་གཡོ་བ་བྱུང་།

 

གསུམ་པ། དཀའ་སྡུག་གི་ལེའུ།

དང་པོར་རྒྱ་གར་བན་དེ་ཞིག་གིས་དབྱེན་དང་ཕྲ་མའི་རུ་མ་བསླངས། །

གྲི་གུམ་རྒྱལ་པོས་ལོག་པ་སྒྲུབ་པས་སྤྱི་བོའི་གཙུག་གི་དམུ་ཐག་ཆད། །

རྒྱལ་ཕྲན་ལོ་ངམ་བློན་ཆེན་གང་གི་ཐབས་ཀྱིས་ལྔ་པའི་ལམ་དུ་སྤྱུགས། །

སྔོན་བྱུང་ལོ་རྒྱུས་གླེགས་བམ་གསེབ་ན་བོན་གྱི་ཕམ་ཉེས་འདི་ནས་བསླངས། །

 

བར་དུ་བཙན་པོ་ཁྲི་ལྡེ་གཙོ་མཛད་མཁན་སློབ་རྣམ་གཉིས་ཆོ་འཕྲུལ་མཛད། །

སྲིད་པར་ཆགས་པའི་ཁ་བའི་རི་བོ་དྲི་བཞོན་བུ་མོའི་ཞལ་དུ་གཏོར། །

གྲོགས་ངན་མཐའ་དག་རྐྱེན་དུ་ལངས་ཏེ་བྱ་རུ་བཙན་པོའི་རྩ་རྒྱུད་བརླགས། །

ལོག་འཇལ་དྲིན་གྱི་ཆོ་ག་འདི་ནས་བོད་ཁམས་རི་ལ་ལས་ལན་འཁོར། །

 

ལས་དང་ལམ་གྱི་འཁོར་ཕྱོགས་སྐྱེན་པས་དྲག་རླུང་འཚུབ་ནག་ཤར་ནས་ལྡང་། །

ལྷ་མེད་སྨྲ་བའི་བཤད་ཡམ་བཙན་པོ་གསར་བརྗེ་རིག་པ་ཐོད་ཀྱིས་སླེབས། །

མཐོན་པོ་བླ་མའི་བླ་བྲང་ནང་གི་དཀོར་མཛོད་གཏེར་ཁ་བཙན་གྱིས་བསྔོགས། །

ཉི་མ་ལྷ་སའི་སྐུ་དྲག་ཁང་ལ་མེ་སྒྱོགས་ཐོག་གིས་བརྡ་ལན་བཏང་། །

 

ཤར་གྱི་རླུང་འཚུབ་འཁྲིགས་པའི་ཁྲོད་ནས་ངལ་བ་སྣ་ཚོགས་གདོང་ལེན་མཛད། །

བསྟན་པའི་དོན་འཁུར་ཕྲག་ཏུ་བཞེས་ཏེ་བོན་བསྟན་གསེར་གྱི་འཁོར་ལོ་བསྐོར། །

ཡོན་ཏན་མཛོད་ལ་ནང་བྱན་ཆུབ་པས་མཁས་པའི་སྙན་པ་མཁའ་ལ་འཕུར། །

སྐལ་ལྡན་བུ་སློབ་སྟོང་གི་ཁྲོད་ན་རྒྱལ་སྲས་སེམས་དཔའི་བརྟུལ་ཞུགས་འཆང༌། །

 

སྤྱི་མཐུན་ལས་ཀྱི་ཁ་ལོ་བཙན་པོས་ཁ་ཆར་བུ་ཡུག་རིམ་གྱིས་ལྡང་། །

ཞི་བདེ་ལྷ་ཡི་ཞིང་གི་དཔལ་ལ་རླུང་དམར་འཚུབ་མའི་རླབས་ནག་འཕྱོ། །

གནམ་དང་ས་ཡི་བཅོས་བསྒྱུར་ཞེས་པའི་དྲན་འཕྲུལ་རིག་པའི་འཁོར་ལོ་བསྐོར། །

དམ་པ་ཁྱོད་ནི་ཁྲི་མུན་ཀློང་ན་རྒྱལ་སྲས་དཔའ་བོའི་སྤྱོད་པ་འཆང་། །

 

མི་སྲུན་གདུག་པའི་ཆོ་འཕྲུལ་དེ་ཡིས་ལྷ་སྐུ་རྟེན་གསུམ་གདན་དུ་བཏིང་། །

སྐྱབས་ཀྱི་ཡུལ་གྱུར་ངང་སེར་ཕལ་ཆེར་འཁོར་བ་ནག་པོའི་འདམ་ལ་གཡུག །

ཕྱག་ཕྲེང་ཐོགས་པའི་རིགས་མཐུན་ཁག་ལ་བདུད་སྲིན་འགོང་བོས་སྙིང་ཁམས་དཀྲུགས། །

རླབས་ཆེན་སྤྲུལ་བའི་སྐུ་ལོ་ཁྱེད་ཉིད་ས་གསེར་འོད་མདངས་མཁའ་ཁྱབ་བཞིན། །

 

མུ་གེའི་ནག་པོའི་དུས་རབས་དེ་ལ་ཕལ་ཆེར་དྲན་མེད་ནད་ཀྱིས་གཟེར། །

རིག་གསར་དམར་པོའི་བར་སྐབས་དེ་ལ་ཁག་གཅིག་སྲིན་པོའི་སྐུ་རུ་བཞེངས། །

དབང་མེད་འཇིགས་རུང་སྤུ་གྲིའི་སོ་ཁར་ལ་ལའི་གློ་སྙིང་ཁ་རུ་ལུད། །

གང་ཁྱེད་ཤེས་བྱར་ཧུར་གྱིས་མཛད་བཞིན་མ་འོངས་དགོངས་དམིགས་རྒྱང་དུ་བཤེར། །

དགུང་གྲངས་ཉེར་གསུམ་ཕེབས་སྟེང་(1958)སྤྱི་མཐུན་གྱི་ལས་དབང་ཞིག་གིས་བསྟན་པ་སྤྱི་ལ་གོད་ཆག་ང་ཡ་བ་བྱུང་བའི་བཅོས་བསྒྱུར་ཆེན་མོའི་སྐབས་སུ་དམ་པ་ཁོང་ཡང་སྤྱི་ཁྲིམས་ལྟར་མ་ཉེས་ཁ་གཡོག་ཅིག་གིས་ཁྲི་མུན་དུ་ཕེབས་དགོས་བྱུང་ནས་ཡུན་རིང་ལ་སྐུ་ངལ་སྣ་ཚོགས་བསྐྱོན་དགོས་བྱུང་ནའང༌། ཁྲི་མུན་དུ་ཡང་སྔོན་འགྲོ་འབུམ་དགུ་ཚར་གྲངས་བཅུ་གྲངས་ཙམ་བསགས་ཐུབ་པ་བྱུང༌ཞེས་ཁོང་གི་ཞལ་རྒྱུན་ལས་ཐོས། དེ་མིན་མདོ་སྨད་དགེ་ལྡན་པའི་བླ་ཆེན་ཐར་ཤུལ་ལཱ་མོ་ཡོངས་འཛིན་རིན་པོ་ཆེ་དང༌། ལབ་བསོད་ནམས་རྩེ་མོ་རིན་པོ་ཆེ། གྲུབ་དབང་སེམས་དཔའ་རིན་པོ་ཆེ་སོགས་དང་ལྷན་བཞུགས་ཀྱིས་དམ་པ་དེ་དག་ལ་དག་སྣང་རྣམ་པར་དག་པས་ཕན་ཚུན་ལ་ཡོན་ཏན་བརྗེ་རེས་མཛད་པ་ཡང་གསུངས།

སྐབས་མཚམས་ཤིག་ནས་སྐུ་སྲོག་ལ་མ་འཛེམས་པར་རྒྱལ་ཁབ་ཀྱི་ལས་བྱེད་པ་གཅིག་གི་ཚེ་སྲོག་བསྐྱབས་པ་ལ་གོང་རིམ་ནས་ཞིབ་དཔྱོད་མཐར་སྐྱེལ་གནང་སྟེ་དམ་པ་ཁོང་ལ་གཟེངས་བསྟོད་ཀྱིས་གནས་སྐབས་སུ་རང་དབང་གུ་ཡངས་ཀྱི་གོ་སྐབས་ཀྱང་བྱུང་ནས་གསང་བའི་ངང་ཡུལ་ངེས་དུ་འགྲིམ་སྟེ་སྐུ་ཚེགས་མི་ཉུང་བ་གདོང་ལེན་མཛད་ཅིང་ཐུགས་སུན་ཅི་ཡང་མེད་པར་སྤོབས་པ་ཆེན་པོས་བཤེས་གཉེན་དུ་མའི་དྲུང་དུ་གཞུང་བཀའ་པོད་ལྔ་སོགས་ལ་ཐོས་བསམ་མཛད། ཞོར་དུ་འབྱུང་འགྱུར་གྱི་བསྟན་པའི་སོན་རྩར་གཟིགས་ནས་ཧ་ཅང་གསང་བའི་ངང་རང་ལུགས་ཀྱི་ལམ་རིམ་དང་འདོན་ཆོག་གཟུངས་གཞུག་སོགས་ཤིང་པར་དུ་བརྐོས་པ་དང༌། ཡི་དམ་གྱི་གཞུང་སོགས་གླེགས་བམ་མང་པོ་རང་གཞན་གཉིས་ཀར་ཕྱག་བྲིས་གནང་སྟེ་བསྟན་པའི་བྱ་བ་རླབས་ཆེན་མཛད་པར་གྲགས།

 

བཞི་པ། བསྟན་སྤེལ་གྱི་ལེའུ།

རྒྱལ་ཀུན་སྤྱི་གཟུགས་སྐྱང་སྤྲུལ་རྒྱལ་བའི་ལུང་བསྟན་ཟབ་མོའི་བཀའ་ཤོག་དང་། །

མེ་ཏོག་ཕོག་པའི་ཡི་དམ་ལྷ་ཡི་མཐུ་དང་སྟོབས་ཀྱི་བྱིན་ནུས་སོགས། །

རིང་ནས་བསྒྲུབ་པའི་མ་སྲིང་ཚོགས་ཀྱིས་རྐྱེན་ངན་བཟློག་པའི་སྡོངས་གྲོགས་ཀྱིས། །

རྩ་གསུམ་ལྷ་ཡི་མཐུ་དང་དཔུང་གིས་གསས་མཁར་བརྩིགས་པའི་རྟེན་འབྲེལ་ཤར། །

 

རེབ་སའི་གོང་གི་སྟོད་ཀྱི་ཆར་གནས་བོན་གྱི་གཞིས་བརྒྱ་ཆགས་པའི་ཡུལ། །

མཚན་གྱི་ཅོད་པན་སྲིད་ན་གྲགས་པའི་སྨན་གྱི་རི་བོའི་ཕང་བ་རུ། །

ལུང་རྟོགས་བསྟན་པའི་གསེར་གྱི་ཀ་ཆེན་བཤད་སྒྲུབ་ཟུང་གི་དར་ཆེན་སྒྲེང་། །

རིས་མེད་འགྲོ་རྣམས་བདེ་ལ་འགོད་པའི་སྨིན་གྲོལ་གླིང་ཞེས་སྙན་པ་འབར། །

 

ཀུན་གཟིགས་པཎ་ཆེན་བཅུ་པ་ཞེས་བྱ་ཨེར་ཏི་སྣང་བ་མཐའ་ཡས་གང་། །

དངོས་མཇལ་དགྱེས་བརྩེའི་བཀའ་མོལ་མཛད་ནས་དགོངས་རྩལ་རོལ་པ་གཅིག་ཏུ་བྱུང་། །

ཞང་བོད་མེས་པོའི་ཕ་ནོར་གང་ཞིག་འཛིན་སྐྱོང་སྤེལ་ལ་དགོངས་བཞེས་ཞེས། །

བྱིན་རྟེན་བཀའ་མཆིད་གཞལ་མེད་གང་ཞིག་སྤྱི་བོའི་རྒྱན་ཏུ་ཡང་ཡང་བསྩལ། །

 

ལྷད་ཀྱིས་མ་ཞུགས་གཡུང་དྲུང་བོན་ནོར་སྲིད་པར་ཆགས་པའི་གངས་རྒན་ཆེ། །

ཡབ་རྗེ་སངས་པོ་འབུམ་ཁྲི་ནས་བཟུང་དམུ་སྲས་རྣམ་འདྲེན་བརྒྱད་པ་གང་། །

ཞང་ཞུང་བྱར་ཐོགས་བཅོ་བརྒྱད་བར་དུ་མ་ཉམས་སྲིད་པའི་དར་ཆེན་བསླངས། །

སྒོ་ཕུགས་བར་གྱི་མཛད་རྗེས་རི་མོ་ཕྱི་རབས་བོན་གྱི་རྒྱན་ཏུ་སྤེལ། །

དེ་ལྟར་དགུང་གྲངས་ཞེ་དྲུག་(1980)བཞེས་སྟེང་ནས་བོན་སྐྱོང་ལྷ་སྲུང་གི་སྡོང་གྲོགས་ལུང་བསྟན་དང་དྲིན་ཅན་རྩ་བའི་བླ་མ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་མཆོག་གི་བཀའ་ལུང་ཟབ་མོར་བརྟེན་སླར་ཡང་སངས་རྒྱས་ཀྱི་བསྟན་པ་ཉི་མའི་འོད་མདངས་དྲོན་མོ་དོག་མོ་ས་ཡི་གཞི་རུ་འཕྲོ་བའི་རྟེན་འབྲེལ་ཤར་བ་ནས་༸ཀུན་གཟིགས་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་(1938-1989)ཡུལ་ཆེན་མོ་ཁྲི་གཤོག་རྒྱལ་མོ་ཞེས་པ་མཚོ་སྔོན་པོའི་ཕྱོགས་སུ་ཆིབས་བསྒྱུར་གནང་སྐབས་མཇལ་བཅར་ཞུས་ཏེ་གཡུང་དྲུང་བོན་གྱི་བསྟན་དོན་ལ་སྐྱབས་འཇུག་དགོངས་སྐོར་ཞུས་པར་པཎ་ཆེན་རིན་པོ་ཆེ་མཆོག་ནས་‘‘ཡུལ་མདོ་སྨད་ཀྱི་གཡུང་དྲུང་བོན་གྱི་བསྟན་པ་ལ་བདག་པོར་བགྱིསཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེའི་གཞི་ཟུང་’’ཞེས་ཚེ་དཔག་མེད་པའི་སྐུ་བརྙན་གཅིག་དང༌། ཕྱག་མདུད་བརྒྱ་དང་བརྒྱད། དམངས་སྒོར་སྟོང་ཕྲག་གཅིག་རྟེན་དངོས་བྱིན་རྫས་བཅས་ཀྱིས་ཐུགས་བརྩེ་ཚད་མེད་གནང༌ནས་རྟེན་འབྲེལ་ཁྱད་པར་ཅན་བྱུང་། དེ་ནས་བཟུང་སྔ་ཕྱིར་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གསེར་ཞལ་ལ་ཐེངས་བདུན་ཙམ་ལ་མཇལ་བཅར་ཞུས་ནས་(1981)ལོར་སྐུ་འཕྲེང་གོང་མ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཆོག་(1874-1934)གི་གདན་ས་རུ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུ་ཁང་གསར་བཞེངས་མཛད་ཅིང་གཡུང་དྲུང་བཤད་སྒྲུབ་བསྟན་པའི་སྡེ་ཆེན་བཙུགས་གནང་མཛད་ཅིང་ཐུགས་མཐུན་ཁྲིམས་གཙང་གི་གཞི་བཟུང་ནས་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་རྒྱུན་དང་དབང་ལུང་མན་ངག་གི་གདམས་པ་རྣམས་ཆུ་བོའི་རྒྱུན་བཞིན་བསྩལ་གནང་མཛད་པའི་བཀའ་དྲིན་བླ་མེད་བསྐྱངས།

དེ་བཞིན་མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་འདུས་སྡེ་ཆེན་མོ་ཁྱུང་མོ་འཕོ་བ་གྲོང་འཇུག་གི་གདན་ས་དང་པོ་ཁྲི་ཀ་ཁྱུང་མོ་དགོན་གཡུང་དྲུང་ཕུན་ཚོགས་གླིང་དུ་སླར་ཡང་བོན་གྱི་སྒོ་མོ་འབྱེད་པའི་རྟེན་འབྲེལ་མཛད་སྒོ་ལ་ཆེད་དུ་ཕེབས་གནང་སྟེ་བསྟན་པ་འཛིན་སྐྱོང་སྐོར་ལ་ཐུགས་འཁུར་ཆེ་བཞེས་དང་། ཁྱད་པར་དུ་(1994)ལོར་ཐུགས་འགན་ཆེད་བཞེས་ཀྱིས་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་ཁྱུང་མོ་སྤྲུལ་སྐུ་སྟོབས་ལྡན་དབང་ཕྱུག་མཆོག་བཀྲ་ཤིས་ཁྲི་བཞེངས་ཀྱི་རྟེན་འབྲེལ་མཛད། དེ་མིན་(1990)ལོ་ནས་རེབ་གོང་བོན་མང་ཕུར་ཐོགས་སྟོང་གི་འདུས་སྡེའི་ཡན་ལག་སྒྲུབ་སྡེ་ཉེར་གཅིག་སོགས་ལ་གསས་ཁང་ཆེན་མོ་བཅུ་གསུམ་སྔ་ཕྱིར་ཐུགས་བཀོད་གནང་སྟེ་གསར་བཞེངས་ལེགས་གྲུབ་མཛད་ཅིང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ཀྱི་བུ་སློབ་སྟོང་ཕྲག་མང་པོར་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་ལས་ཐ་ན་སྨན་རྩིས་རི་མོ་ལྷ་རིས་སོགས་དང་ཁྱད་པར་དུ་གསང་སྔགས་དབང་བཞི་རྒྱུད་ལུང་མན་ངག་གི་གདམས་པ་ངལ་མེད་དུ་བསྩལ་གནང་བའི་མཛད་པ་སོགས་སྐུ་ཚེ་གང་བོར་བསྐྱངས་པའི་བཀའ་དྲིན་བླ་ན་མ་མཆིས་སོ། །

 

ལྔ་པ། རྗེས་བཞག་གི་ལེའུ།

བཅུ་གསུམ་རིམ་པ་གནམ་གྱི་སྟེང་གི་སྲིད་པའི་ལྷ་རབས་མཆེད་བཞི་ལས། །

སྟོང་གསུམ་སྲིད་པར་ཁ་ལོ་བསྒྱུར་པའི་དྲེགས་ལྡན་མི་བོ་གསེར་རིའི་ཕྲེང་། །

ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ནས་བཟུང་བཙན་པོ་ལྷ་སྲས་དར་མའི་བར། །

འོད་གསལ་ལྷ་ཡི་རྒྱུད་དུ་མཆེད་པར་དྲན་དབང་སྟོང་གིས་མགྲིན་གཅིག་སྨྲ། །

 

སྟོབས་ལྡན་ཧོར་རྒྱལ་ཇིང་གྷིར་རྒྱལ་པོས་འཇིགས་རུང་ཁྲག་གི་མཚོ་མོར་བསྐྱིལ། །

ས་འབྲི་གཉིས་ཀའི་འཁྲུག་རྩོད་ཆེན་མོར་འབྲི་གུང་གླང་ལོག་སྐད་དུ་གྲགས། །

སྲིད་དབང་རྩོད་པའི་དམག་འཁྲུག་ཀུན་ལས་སྟག་ལོའི་སྡེ་གཟར་གྲགས་པ་ཅན། །

བོད་ཁམས་སིལ་བུའི་དུས་རབས་དེ་ལ་ལྟས་ངན་གདོན་གྱི་བསྟན་པ་དར། །

 

གྲུ་བཞིའི་རྡོ་ཁང་སྔོན་མོ་ཞེས་པས་ལོ་རྒྱུས་གསར་པའི་དབུ་ཁྱུད་བྲིས། །

བོན་སྐྱོང་བེར་རྒྱལ་དོན་ཡོད་སོགས་ལ་སྲོག་ཐོག་དམར་པོའི་འཇིགས་པ་སྤྲད། །

ལྟས་ངན་ཐབས་ཀྱི་གསང་ཇུས་བཙན་པོས་རྒྱལ་བ་བྲུ་ཡི་རུས་རྒྱུད་བརླགས། །

འདི་དང་འདི་འདྲའི་ལོ་རྒྱུས་ཁག་གིས་བོན་འབངས་སྙིང་ལ་ན་ཟུག་བསླངས། །

 

དེ་དང་དེ་འདྲའི་ལོ་རྒྱུས་རིང་མོར་ལུང་རིག་བདེན་པས་ར་སྤྲོད་མཛད། །

ཞང་ཞུང་རྒན་པོའི་མཁར་ཤུལ་ཁག་ལ་“ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་”བཙུགས། །

ཕྱོགས་ལྷུང་དུག་གི་སྨྲ་ལྕེ་ཅན་ལ་“ལྷག་བསམ་དུང་གི་སྒྲ་དབྱངས་”བསྒྲགས། །

ཤར་ནུབ་འཛམ་གླིང་ཡུལ་གྲུ་ཁག་ན་ཁྱེད་ཀྱི་མཛད་རྗེས་བླ་ན་མཐོ། །

 

འཕྲུལ་གྱི་ཡི་གེའི་བྱུང་ཁུངས་མདོ་ལ་ཞིབ་མོ་རྣམ་འཐག་གཏན་ཚིགས་བཀོད། །

རྒྱལ་རབས་བཙན་པོའི་ལོ་ཚིགས་གནད་ལ་ཐག་ཆོད་སྒྲོན་མེ་འོད་སྣང་སྤར། །

ཆོས་དང་སྲིད་གཉིས་ཟུང་འབྲེལ་སྐོར་ལ་སྔར་མེད་རིག་པའི་བརྒལ་བརྟག་མཛད། །

རྒྱལ་སྤྱིའི་རིག་པའི་གྲོས་ཚོགས་ཁྲོད་ན་རྣམ་དཔྱོད་རིག་པའི་འཕྲུལ་འཁོར་བསྐོར། །

 

ཟབ་གསལ་མྱུར་བའི་རྣམ་དཔྱོད་ཕྲ་མོས་“བསྟན་རྩིས་མུན་སེལ་སྒྲོན་མེ་”སྤར། །

གཙུག་ལག་རིག་པ་སྡེ་སྣོད་གཞུང་ལ་དོགས་གཅོད་རིག་ལམ་གསར་དུ་བསྐྲུན། །

ཞང་བོད་གནའ་བོའི་ཡིག་རིགས་སྣ་ཚོགས་མ་འཁྲུལ་རི་མོའི་གླེགས་བམ་མཛད། །

རྒྱལ་གཤེན་བསྟན་པའི་གསལ་བྱེད་གང་ཞིག་མཛད་རྗེས་རྡོ་བརྐོས་སྙིང་ལ་ལྕི། །

 

འཕར་ཆེན་དུང་གི་སྒྲ་དབྱངས་སྙན་མོས་ལོག་ལྟའི་སྙིང་ལ་ན་ཟུག་བསླངས། །

འཛམ་གླིང་རིག་པའི་ཁྱུ་ཚོགས་ཁྲོད་ན་གཡུ་རལ་གསིག་པའི་གངས་སེང་བཞིན། །

དོན་ལྡན་རིག་པའི་གད་རྒྱངས་ཤིག་གིས་ཝ་སྐྱེས་སྟོང་གི་ཀླད་པ་འགེམས། །

གངས་ལྗོངས་གེ་སར་ཕྲོམ་གྱི་ཡུལ་ན་བོན་གྱི་གཙུག་རྒྱན་བོན་བརྒྱ་བ། །

 

དཔོན་གསས་བསྟེན་པ་གང་ཞིག་མཁས་པ་དེ་ཉིད་དེ་དང་དབྱེར་མེད་ཅེས། །

བསླུ་མེད་རྒྱལ་བའི་བཀའ་ལུང་ཁག་ན་བདེན་པའི་གསེར་སྦྱངས་བཙོ་མ་བཞིན། །

གཞུང་ལུགས་རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་རྣམ་དཔྱོད་རིག་པའི་དབལ་འབར་བ། །

གང་ཉིད་བསྟེན་པའི་དཔྱོད་ལྡན་ཚོགས་ཀྱིས་ཡངས་པའི་ཁམས་འདི་དོག་པོར་མཛད། །

 

མདོ་སྔགས་བོན་ལ་རླབས་ཀྱིས་ཆོད་པ་བརྒྱ་བའི་མགོན་པོ་གཉིས་པ་བཞིན། །

དགེ་ལེགས་སྐལ་ལྡན་འགྲོ་བའི་ངོ་ལ་བསམ་བཞིན་སྤྲུལ་བའི་གར་མཛད་པ། །

ལྷུན་གྲུབ་ཟད་མེད་རིག་པའི་གཏེར་ལ་ནང་བྱན་ཆུབ་པའི་རྣལ་འབྱོར་བ། །

རབ་འབྱམས་རྒྱ་མཚོའི་ཞིང་གི་དཔལ་ན་ཁྱེད་ཉིད་ཀུན་ལས་ཁྱད་དུ་གཟེངས། །

དགུང་གྲངས་རེ་ལྔའི་སྟེང་ནས་སྔ་ཕྱིར་ཧོ་ལན་ཌི་(Netherland)དང་དབྱིན་ཇི་(England)རྒྱལ་ཁབ། དེ་བཞིན་འཇར་མེ་ནིའི་རྒྱལ་ཁབ་(Germany)བཅས་སུ་གདན་ཞུ་མགྲོན་འབོད་གནང་དོན་ལྟར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པ་བཅུ་གཅིག་པ་བཅས་སུ་ཕེབས་ནས་<<བོན་དང་འབྲེལ་བར་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚིགས་དང་དོན་དངོས་འགར་ཞིབ་མོར་དཔྱད་པ་>> དང་། <<གངས་ཅན་བོད་དུ་ཐོག་མར་སངས་རྒྱས་ཀྱི་ཆོས་ལུགས་གང་དར་བ་དང་ཁྱད་པར་དུ་རྫོགས་པ་ཆེན་པོ་དར་བའི་ལོ་རྒྱུས་རགས་ཙམ་དཔྱད་པ།>> <<ཆོས་སྲིད་ཟུང་འབྲེལ་དང་འདྲེས་མའི་འགལ་འབྲེལ་ཕན་གནོད་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ་>>ཞེས་པ་བཅས་ཀྱི་སྐོར་ནས་གཏམ་བཤད་སྒྲོག་སྦྱོང་མཛད་དེ་ཕྱི་ནང་མཁས་པ་དུ་མའི་ཁྲོད་ནས་ཁྱད་དུ་འཕགས་པའི་སྙན་པ་བྱུང་།

གསུང་རྩོམ་གླེགས་བམ་གྱི་སྐོར་ལ་ཡང་<<སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འབྱུང་ཆེན་མོ་ཤེལ་གྱི་རྒྱང་མཐོང༌>>གླེགས་བམ་གསུམ་དང་། <<རིས་མེད་ཀྱི་བསྟན་རྩིས་མུན་སེལ་སྒྲོན་མེ།>> <<ལམ་རིམ་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང༌།>> <<ཡང་དག་དོན་གྱི་ཉམས་ལེན་དང་འབྲེལ་བ་ཀུན་མཁྱེན་ཞལ་གྱི་བདུད་རྩི། >><<བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན།>> <<ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང༌།>> <<ལམ་རིམ་དམིགས་ཁྲིད་ཉུང་བསྡུས་ཐམས་ཅད་མཁྱེན་པའི་ལམ་བཟང༌།>> <<ལས་དང་པོ་བ་ལ་ཉེར་མཁོ་མན་ངག་གཅེས་བསྡུས་བློ་སྦྱོང་ཉམས་མགུར།>> <<སེམས་དང་སེམས་འབྱུང་གི་རྣམ་བཞག་བློ་གསལ་ཡིད་ཀྱི་མུན་སེལ།>> <<སྡེ་སྣོད་རིན་པོ་ཆེ་མཛོད་ཀྱི་ས་བཅད་དང་གྲངས་འདྲེན་ཕྱོགས་བསྡུས།>> <<ཀ་རྩོམ་ཕྱོགས་བསྒྲིགས་དབྱངས་ཅན་བཞད་པའི་སྒྲ་དབྱངས།>> <<འཕྲིན་ཡིག་འགའ་ཕྱོགས་གཅིག་ཏུ་བཀོད་པ་བློ་གསལ་བྱིས་པ་དགའ་བའི་རྒྱན།>> <<ཞང་བོད་ཡིག་གཟུགས་དུ་མའི་མ་ཕྱི་བློ་ལྡན་དགའ་བའི་སྙིང་ནོར།>> <<དྲིས་ལན་ལྷག་བསམ་དུང་གི་སྒྲ་དབྱངས།>> <<དབལ་གསས་ལས་རིམ་གྱི་སྔགས་དོན་མཆན་འགྲེལ་བློ་གསར་མགུལ་རྒྱན།>> <<རྒྱལ་དབང་ཀུན་གྲོལ་ཆེན་མོའི་གསོལ་འདེབས་རབ་འབྱམས་རྒྱལ་བ་ཞེས་པའི་འགྲེལ་བ་ཀུན་གསལ་མེ་ལོང་།>> <<ལབ་ཙེ་དང་དཔའ་མཁར་སོགས་སྲིད་པའི་གསས་མཁར་གཉན་པོ་བཞེངས་པར་ཉེར་མཁོ་ཕྱོགས་བསྒྲིགས་>>སོགས་གཞན་ཡང་ཆོ་ག་ཁག་གི་ཟིན་བྲིས་དང་བསྟོད་ཚོགས་སོགས་ཕྱོགས་བསྒྲིགས་ཀྱིས་མི་འགྱངས་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་“བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོདཔལ་བཟང་པོའི་གསུང་འབུམ་”ཞེས་པ་གླེགས་བམ་པོད་ཆེན་བདུན་དུ་བྱས་ནས་དཔར་སྐྲུན་འགྲེམས་སྤེལ་གནང་འཆར་ཡོད་པ་ནི་རང་ཅག་སྐལ་ལྡན་བུ་སློབ་རྣམས་ཀྱི་སྙིང་གི་དཔྱིད་དུ་སྨིན་པར་ངེས་སོ། །

 

དྲུག་པ། དབྱིངས་གཤེགས་ཀྱི་ལེའུ།

དགེ་ལེགས་རླབས་ཆེན་འགྲོ་བ་འདུལ་བའི་འཕྲིན་ལས་ཀུན་ནས་མཐའ་རུ་ཕྱིན། །

ལྷུན་གྲུབ་རླབས་ཆེན་ཐུགས་དགོངས་ཟབ་མོ་ཡང་རྩེ་ཟབ་མོའི་ཀློང་དུ་འབྲེལ། །

སྐུ་ཚེ་ཧྲིལ་པོའི་མཛད་པ་མ་ལུས་མཐའ་ཡས་རྒྱ་མཚོའི་ཀླུང་དང་མཉམ། །

རྗེས་བཞག་མཛད་པ་ཀུན་ནས་གྲུབ་ཅིང་བསྟན་དོན་ལས་རྣམས་ཡོངས་སུ་གྲུབ། །

 

སྔ་རབས་དམ་པའི་སྐྱེས་ཆེན་ཐམས་ཅད་བདེ་ཆེན་དབྱིངས་སུ་གཤེགས་པའི་ཚུལ། །

ཚུར་མཐོང་སོ་སྐྱེས་བློ་ཡི་ངོ་ལ་མི་རྟག་ཚུལ་བསྟན་གདམས་པའི་ལུགས། །

དམ་པ་གང་ཡང་ཆ་ལུགས་ལྔ་ལྡན་ཐུགས་དམ་གཡོ་བ་མེད་པའི་ངང་། །

མི་མངོན་བདེ་ཆེན་དག་པའི་ཞིང་ལ་དགོངས་གཟིགས་གནང་བར་སྙིང་ནས་སྐྱོ། །

 

བརྩེ་ཆེན་བསྟན་པའི་ཉི་མ་གང་ཞིག་ཀླུ་དབང་རི་ལ་གཏན་གྱིས་ཕེབས། །

འཛམ་གླིང་གཤེན་བསྟན་རི་བོའི་ཕང་བར་དགུ་རིམ་མུན་ནག་ཡོངས་སུ་འཐིབས། །

བསྟན་པ་སྤྱི་ཡི་འཁུར་ཆེན་ཟབ་པའི་གནམ་འདེགས་ཀ་བ་ས་རུ་འགྱེལ། །

འགྲོ་ཀུན་ལུས་ཅན་མཚོ་ལས་སྒྲོལ་བྱེད་གསེར་གྱི་ཟམ་ཆེན་བཤིག་པར་གྱུར། །

 

དད་འབངས་སློབ་ཚོགས་སྟོང་གི་དགོད་སྒྲ་གློ་བུར་སྟོང་པའི་ཀློང་དུ་འཇགས། །

ཤིན་ཏུ་རེ་བའི་སེམས་པ་དམར་པོ་ས་དོང་དགུ་ཡི་སྦུབས་སུ་ལྷུང་། །

ཉམ་ཐག་ང་རོའི་སྨྲེ་སྔགས་མཐོན་པོས་བར་སྣང་ཁམས་ཀྱང་བཀང་བར་བྱས། །

འཛམ་གླིང་ཀུན་ཏུ་བོན་འབངས་ཐམས་ཅད་སྡུག་གི་མགོ་བོ་སྨད་པར་གྱུར། །

དེ་ལྟར་སྐུ་ཚེ་གང་བོར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་དང་བྱ་བ་ལས་ཀྱི་འཁོར་ལོ་གསུམ་གྱིས་བསྟན་དོན་རྒྱ་ཆེན་མཛད་ནས་ཕྱི་ནང་གསང་གསུམ་གྱི་འགྲོ་དོན་ཡོངས་སུ་མཐར་ཕྱིན་གྲུབ་པར་བྱས་ནས་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་བཞི་(༨༤)བཞེས་པ་བོད་ས་ཕོ་ཁྱི་ཡི་ལོ་སྟེ་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན་(16 Aug 2018)གྱི་དགོང་མོ་པེ་ཅིན་ཆུ་ཚོད་བཅུ་གཅིག་ཙམ་གྱི་སྟེང་གདུལ་བྱ་འདུལ་བའི་ཐབས་སུ་དམིགས་ཏེ་སངས་རྒྱས་ཀུན་ལ་སྐྱེ་འཆི་མི་མངའ་ཡང་མི་རྟག་པའི་ཚུལ་ཙམ་བསྟན་ཏེ་རེ་ཞིག་སྐུ་ལུས་ཆ་ལུགས་ལྔ་ལྡན་གྱི་ཀློང་ནས་ཐུགས་དམ་གཡོ་བ་མེད་པའི་ངང་དུ་དགོངས་པ་གཞི་ཡི་དབྱིངས་སུ་ཐིམས་ཚུལ་བསྟན་པ་ནི་ཡིད་སེམས་རབ་ཏུ་སྐྱོ་བས་གདུང་ཞིང་མྱ་ངན་གྱིས་ཤིན་ཏུ་མནར་བར་བྱས།

མདོར་ན་ད་ལྟའི་བར་དུ་དམ་པ་གང་གི་རང་གཤིས་ལ་ཐང་ལྷོད་མེད་པར་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དང་རེབ་གོང་བོན་མང་ཕུར་ཐོགས་སྟོང་གི་འདུས་སྡེ་ཆེན་མོ་གཡུང་དྲུང་བོན་གྱི་སྒྲུབ་སྡེ་ཉི་ཤུ་རྩ་གཅིག་གི་དབུ་བླ་དང་། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་སྒོས་སུ་མདོ་སྨད་བྱང་རྒྱུད་ཀྱི་གཡུང་དྲུང་བོན་གྱི་བསྟན་པ་ཐམས་ཅད་དུས་ཀྱི་གཉན་འཕྲང་གི་སྐབས་སུ་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པའི་མེ་རོ་གསོས་ཤིང་སླར་ཡང་རྒྱལ་བསྟན་རིན་པོ་ཆེ་ཉི་མ་བཞིན་དུ་གསལ་བར་མཛད་པ་འདི་ཡང་དམ་པ་ཁོང་གི་བཀའ་དྲིན་ཉག་གཅིག་ཏུ་གཏོགས་ཞེས་སྐད་གསེང་མཐོན་པོས་ཞུ་ཆོག་ལ་དུས་རྒྱུན་ཏུ་སྐུ་ངལ་ལ་འཛེམས་བག་མེད་པར་ཉིན་མཚན་ཀུན་ཏུ་ཐུན་སྒོམ་དང་སློབ་ཁྲིད་སོགས་རྒྱུན་ཆད་མེད་པར་གནང་ནས་འགྲོ་དོན་མཐའ་རུ་ཕྱིན་པར་མཛད་པ་ནི་སྐྱེས་བུ་དམ་པ་གང་གི་ཁྱད་དུ་འཕགས་པའི་ཐུན་མོང་མ་ཡིན་པའི་ཐུགས་གཤིས་བླ་ན་མེད་པ་རུ་འཁུམས་པར་སེམས་སོ། །

 

བདུན་པ། རྗེས་དྲན་གྱི་ལེའུ།

རིང་ནས་མ་རིག་རྨོངས་པའི་སེམས་ཅན་གང་ཟག་བླུན་པོ་ཁོ་བོ་ཡང་། །

ཚད་མིན་ཉོན་མོངས་ཐུན་གསུམ་སྨག་གིས་རིང་ནས་མནར་བའི་འཇིགས་པ་གང་། །

དམ་པ་གང་གི་མཁྱེན་བརྩེ་ནུས་པ་སྐྱ་རེངས་བུ་ལོའི་འཛུམ་དཀར་གྱིས། །

རྐང་འཐུང་འདབ་མ་རིག་པའི་ཚལ་ལ་ཉིན་མོར་བྱེད་དེ་སྙིང་ནས་དྲན། །

 

ཆུང་ཆུང་དུས་ནས་ཡི་གེ་བྲིས་གཟུགས་རེ་རེའི་འབྲི་སྟངས་བསླབ་པ་དང་། །

མིང་གཞིའི་ཡི་གེ་མཚམས་སྦྱོར་ལ་སོགས་ཐ་སྙད་རིག་པ་ཞིབ་ཁྲིད་དང་། །

སྙན་ངག་གཙང་གཤེན་མཁས་པའི་དགོངས་པ་ཁྲིད་རྒྱུན་ཟབ་མོ་གནང་བ་སོགས། །

བསམ་བཞིན་བཀའ་དྲིན་སྙིང་ནས་དྲན་གྱིན་མིག་གི་མཐའ་ལ་མཆི་མ་འཁྱིལ། །

 

སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་གཞུང་ལ་ཁྲིད་ལུང་ཟུང་གི་མན་ངག་དང་། །

བློ་སྦྱོང་བྱང་ཆུབ་ལམ་གྱི་རིམ་པའི་དོན་གནད་བཀྲོལ་བའི་གདམས་པ་སོགས། །

མཛོད་ཆེན་སྡེ་སྣོད་ཡིད་འབྱུང་གཏེར་གྱི་རིང་ནས་བརྒྱུད་པ་ཟབ་མོ་རྣམས། །

བྱིན་རླབས་གནད་ཀྱི་ཚན་ཁ་མ་ལུས་ཕངས་མེད་བསྩལ་པ་སྙིང་ནས་དྲན། །

 

ཡི་དམ་ཕྱི་ནང་གསང་བ་གསུམ་གྱི་དབང་རྒྱུན་བདུད་རྩིའི་ཐིགས་པ་དང་། །

བཀའ་དང་བཀའ་བརྟེན་གསུང་རབ་མང་པོའི་ལུང་རྒྱུད་ངལ་མེད་བསྩལ་པ་སོགས། །

ཟབ་མོ་གནད་ཀྱི་གདམས་དོན་རེ་རེ་ཀུན་སློང་དག་པས་ཁྲིད་སྟོན་གྱི། །

གཞན་ཕྱིར་ཐུགས་ནས་བརྩེ་བའི་བཀའ་དྲིན་བསམ་བརྗོད་ཚིག་གི་ཡུལ་ལས་འདས། །

 

རྒྱལ་ཀུན་སྤྱི་གཟུགས་གཡུང་དྲུང་སེམས་དཔའ་མི་ཡི་གར་རོལ་དམ་པ་གང་། །

ཕྱི་ནང་གསང་བ་བསམ་མི་ཁྱབ་པའི་རྨད་བྱུང་ཡོན་ཏན་ནོར་བུའི་གཏེར། །

ཚུར་མཐོང་ཙམ་གྱིས་གཞལ་བྱར་མིན་པ་བསླུ་མེད་རྒྱལ་བའི་གསུངས་ལས་ཐོས། །

བདག་འདྲའི་ངལ་བས་འཁུར་དུ་ལེན་པའང་མཁས་རྣམས་བཞད་པའི་གནས་སུ་དམིགས། །

 

འོན་ཏང་ལོ་ངོ་དུ་མའི་རིང་ལ་ཞབས་རྡུལ་བསྟེན་པའི་སྐལ་བཟང་བྱུང་། །

གསུང་གི་གདམས་ངག་གང་ལ་གང་འཚམས་རྣ་བས་ཐོས་པའི་ལས་འཕྲོ་བཟང་། །

ཐུགས་རྗེ་བྱིན་རླབས་སྙིང་ལ་དྲན་བཞིན་ཕྱིར་དྲན་ཀློང་ནས་དྲིན་གཟོ་ཕྱིར། །

དམ་པའི་འཕྲིན་ལས་ཆུ་ཐིགས་ཙམ་ཞིག་རྗེས་སུ་དྲན་པའང་འགན་དུ་འཁྲི། །

 

ཕ་རྒོད་དམ་པའི་ཞལ་དང་གྱེས་ནས་ངེས་མེད་མི་ཡུལ་ས་མཐར་འཁྱམས། །

ལོ་ཡི་འཁོར་ལོ་བཅུ་ཕྲག་གཉིས་ལ་ཤེས་བྱའི་གནས་ལ་འཇུག་ཁུལ་གྱིས། །

གསོ་བྱེད་སྨན་གྱི་རི་བོའི་ཕང་བར་རབ་འབྱམས་མིང་ཐོབ་སྐལ་བཟང་མོད། །

དྲིན་ཅན་བླ་མར་ཞལ་འཛོམས་མ་བྱུང་ཕངས་པའི་སེམས་པ་ཆུ་ལྟར་འཁྱགས། །

 

གཡོ་མེད་ཐུགས་དམ་བརྟན་པོའི་ངང་ནས་དགོངས་པ་གཞི་ལ་མཉམ་པར་བཞག །

མི་ཡི་འགྲོ་དོན་མཐའ་རུ་ཕྱིན་ནས་བདེ་ཆེན་དག་པའི་ཞིང་དུ་ཕེབས། །

གདུལ་བྱ་དྲངས་པའི་ཐབས་སུ་དམིགས་ཏེ་ངོ་མཚར་རྟགས་མཚན་སྣ་ཚོགས་བཞག །

ཁྱད་དུ་འཕགས་པའི་དགོངས་སྤྱོད་འདི་ཡིས་དད་པའི་མཆི་མ་ས་རུ་བྲུལ། །

 

ཐོག་མར་སྨྱུག་ཁ་གཅོད་གཏུབ་སོགས་ཀྱི་ཡོན་ཏན་གཞི་མ་བསླབ་པའི་ཚུལ། །

བར་དུ་རྒྱ་ཆེན་གཞུང་ལུགས་སྣ་ཚོགས་ཁྲིད་ལུང་ཇི་བཞིན་བསྩལ་པའི་ཚུལ། །

མཐའ་མར་བརྩེ་བའི་ངལ་བ་མེད་པར་སློབ་ཚོགས་རྗེས་སུ་བཟུང་བའི་ཚུལ། །

བཀའ་དྲིན་ཞིབ་ཏུ་སྙིང་ལ་དྲན་བཞིན་དྲིན་གྱི་ལན་ནི་འཁོར་ཐབས་བྲལ། །

 

སྤྱི་བོའི་རྒྱན་དང་སྙིང་གི་དཀྱིལ་དུ་བླ་མ་སྒོམ་པའི་བྱིན་རླབས་ཀྱིས། །

མི་མངོན་དག་པ་བདེ་ཆེན་ཞིང་ནས་ཕྱིར་ལ་སྤྱན་གྱིས་གཟིགས་ཙམ་མཛོད། །

བདག་སོགས་འཁོར་འཁྱམས་རྨོངས་པའི་བློ་ལ་ཉིན་བྱེད་ཟེར་གྱིས་ཁྱབ་མཛོད་ཅིག །

ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་ཐུགས་རྗེའི་ལྕགས་ཀྱུས་འདྲེན་གྱུར་ཅིག །

དེ་ཡང་ཐོག་མར་ལྷག་བསམ་རྣམ་པར་དག་པ་བཀའ་དྲིན་ཅན་རྒན་དམ་པ་སྦྲ་གསར་ཚངས་དབྱངས་རྒྱ་མཚོ་(1935-2012)མཆོག་གིས་ཕྲན་རང་ཉིད་ལ་འདོན་ཆོག་ཙམ་ཤེས་པས་མི་ཆོག་རིག་གནས་དང་གཞུང་ལུགས་ལ་ཡང་སློབ་སྦྱོང་བྱ་དགོས་ཞེས་ཁ་བརྡ་བསླབ་བྱ་མང་པོ་གནང་ནས་ཆེད་དུ་རེབ་གོང་ལ་ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཆོག་གི་དགོན་པར་རྒན་དམ་པ་ཁོང་རང་གིས་བསྐྱལ་ནས་སོང་བ་དྲན། དེ་ནི་ཕལ་ཆེར་ཕྱི་ལོ་(༡༩༩༢)ཙམ་རེད། རེབ་གོང་གྲོང་ཁྱེར་གྱི་ལྟེ་བ་རོང་བོ་གྲོང་བརྡལ་ལ་འབྱོར་ནས་ཨ་ལགས་རིན་པོ་ཆེ་ལ་དེ་གར་གཞུང་གི་གཟིམ་ཤག་ཅིག་ཡོད་པ་དེར་སོང་ནས་མཇལ་ཁ་ཞུས་ཤིང་དགོང་མོར་དེར་ཞག་སྡོད་བྱས་པ་ཡིན། རྒན་དམ་པ་ཨ་ཁུ་ཚངས་དབྱངས་དང་ཨ་ལགས་རིན་པོ་ཆེ་གཉིས་ཆུང་དུས་ཀྱི་གྲོགས་པོ་ཡིན་སྟབས་དགོང་མོར་ཕན་ཚུན་བཀའ་མོལ་གནང་ནས་རྒྱུན་རིང་བཞུགས་བྱུང་། ཕྱི་ཉིན་རོང་བོ་གྲོང་རྡལ་ནས་ཨ་ལགས་ཚང་གི་རླངས་འཁོར་དུ་བསྡད་ནས་ཆུ་ཚོད་གཅིག་ལྷག་ཙམ་ལ་སོང་རྗེས་འབའ་ཚའི་ལུང་པར་གཞིས་ཆགས་པའི་བོན་བརྒྱ་དགོན་པར་སླེབས། དེ་ནས་བོན་བརྒྱ་བླ་བྲང་དུ་འཁྲིད་གནང་སོང་བླ་བྲང་དེ་ནི་བཀོད་ཇུས་ཕུན་སུམ་ཚོགས་པ་ཕྱི་ནས་བལྟས་ན་ལྷ་སའི་པོ་ཏ་ལའི་བཟོ་དབྱིབས་ལྟ་བུ་ཞིག་ཏུ་མཐོང་།

ཉིན་ཤས་ནས་ཨ་ཁུ་ཁོང་ཕྱིར་ཕ་ཡུལ་དུ་ལོག ཕེབས་ཁར་ཁོ་བོ་ལ་སློབ་སྦྱོང་ལ་ནན་ཏན་བྱ་དགོས་ཞེས་བསླབ་བྱ་དང་ཨ་ལགས་ཚང་ལ་བཅོལ་གདམས་ནན་མོ་ཞུས་སོང་། ཁོ་བོ་རང་ཉིད་ཨ་ལགས་ཚང་གི་བླ་བྲང་དུ་བཞག་ནས་ཉིན་རེ་བཞིན་ཨ་ལགས་ཚང་གིས་ཐོག་མར་ཡིག་གཟུགས་འབྲི་སྟངས་སོགས་ནས་བསླབ་འགོ་བཙུགས་ཏེ་ཟླ་བ་དྲུག་ཙམ་ལ་ཡི་གེ་འབྲི་སྟངས་ཁོ་ན་བསླབ་གནང་། དེ་ནས་ནག་རྩིས་སྔོན་འགྲོ་དང་བརྡ་སྦྱོར་བློ་གསལ་མགུལ་རྒྱན་བཅས་ཀྱི་ཞལ་ཁྲིད་གནང་། ཞར་དུ་ཨ་ཁུ་འབྲུག་གྲགས་ཀྱི་མདུན་དུ་ཟུར་ཁྲིད་ལ་མངགས་བཅོལ་གནང་སོང་། སྐབས་མཚམས་ཤིག་ནས་ཨ་ལགས་ཚང་རང་གིས་ཚུལ་ཆེན་མཁས་པ་མའི་ལམ་རིམ་དང་སྔོན་འགྲོ་བཀའ་ལུང་རྒྱ་མཚོ། སྡེ་སྣོད་རིན་པོ་ཆེའི་མཛོད་སོགས་ཀྱི་ཁྲིད་རྒྱུན་རིམ་བཞིན་གནང་། དེ་དུས་དཔེ་ཁྲིད་ཞུ་མཁན་ཉག་རོང་དང་སྡེ་དགེ། རྔ་བ། ནག་ཆུ། ཆབ་མདོ། ཁྲི་ཀ་སོགས་ཕྱོགས་གང་སར་ནས་ཕེབས་པའི་སློབ་ཚོགས་ཤིན་ཏུ་མང་པོ་ཡོད།

དེ་ལྟར་སྔ་ཕྱིར་ལོ་ངོ་དྲུག་ཙམ་ལ་ཨ་ལགས་རིན་པོ་ཆེ་ཚང་གི་སྐུ་མདུན་ནས་བྱང་ཆུབ་ལམ་རིམ་དང་གྲུབ་མཐའ། སུམ་རྟགས་དག་གསུམ་ཆབ་ཤོག་ཕྱོགས་བསྒྲིགས་སོགས་ཀྱི་ཁྲིད་དང་ཞར་དུ་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་པོ་བཀའ་དྲིན་བསྩལ་གནང་བ་ཐོབ། དེ་ནས་ཁོ་བོས་ཀྱང་སྙན་ངག་རྩོམ་རྒྱུགས་སུ་ཀ་ཁ་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་ཁག་གཅིག་དང་“བོན་བརྒྱ་ཐམས་ཅད་མཁྱེན་པར་བསྟོད་པ་ཀུན་འཁོར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་”ཞེས་པ་བཅས་བྲིས་ནས་སྤྱན་འབུལ་ཞུས་སྐབས་བསྟོད་པའི་བསྔགས་བརྗོད་ཀྱང་ཡང་ཡང་གནང་མྱོང་། དམ་པ་ཁོང་ནི་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ལོ་རྒྱུས་བཅས་ཀྱིས་བསྡུས་པའི་སྡེ་སྣོད་གཞུང་ལུགས་ཀུན་ལ་གཞན་དྲིང་མི་འཇོག་པ། མཁྱེན་རྩལ་ཕུལ་དུ་སོན་པའི་སྨྲ་བའི་ཁྱུ་མཆོག་ཆེན་མོ་ངེས་པ་དོན་གྱི་མཁས་དབང་དམ་པ་གང་གིས་རྗེས་སུ་བཟུང་བའི་བཀའ་དྲིན་དང་ཐུགས་རྗེ་དྲིན་ལན་ནི་གང་གིས་ཀྱང་འཁོར་ཐབས་དང་གཞལ་མཐའ་བྲལ་བ་ཡིན།

དེ་བཞིན་གང་གི་རྟོག་བརྗོད་མཐའ་ཡས་རྒྱ་མཚོ་ལྟ་བུ་ལ་བློ་གྲོས་ཀྱི་རྩལ་ཤུགས་ཤིན་ཏུ་དབུལ་ཞིང་ཕོངས་པ་བདག་ལྟ་བུས་བརྗོད་པར་མི་ནུས་མོད། འོན་ཏང་རིང་ནས་དགེ་བའི་ཚོགས་བསགས་ཀྱི་མཐུ་དང་། དཔལ་ལྡན་བླ་མ་དམ་པ་གང་གིས་རྗེས་སུ་བཟུང་བའི་བཀའ་དྲིན་ཟབ་མོ་རྣམས་སྙིང་ལ་བསམ་བཞིན། གང་གི་གསང་གསུམ་བསམ་མི་ཁྱབ་པའི་ཆ་ཤས་ཙམ་ཞིག་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བྱས་པ་འདི་ཡང་སྨན་རིའི་དགེ་མིང་བ་མར་ནང་ཚང་ཁྲི་གཡུང་དྲུང་དུ་འབོད་པ་དེས་ཡུལ་ཆེན་མ་ཧཱ་བྷ་ར་ཏའི་བྱང་ཕྱོགས་ན་བརྗིད་པ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོ་(༢༠༡༨།༠༨།༢༨)སྟོན་ཟླ་དང་པོ་གྲོ་བཞིན་ཟླ་བའི་དམར་ཕྱོགས་བཟང་བ་དང་པོར་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་དུས་ཚེས་ཁྱད་པར་ཅན་ལ་མཇུག་གྲུབ་པར་བགྱིས་ཁུལ་ཙམ་འདིས་ཀྱང་རིས་མེད་ཀྱི་སྐྱེ་འགྲོ་སྲོག་གིས་བསྡུས་པ་ཀུན་ལ་སྐྱེས་ཆེན་དམ་པ་གང་གི་ཐུགས་རྗེའི་ལྕགས་ཀྱུས་ཉེར་བར་བཟུང་ཏེ་ཚེ་རབས་ཀུན་ཏུ་བླ་མས་རྗེས་སུ་འཛིན་པ་དང་ཐར་བ་བདེ་ཆེན་གྱི་དཔལ་ལ་འགོད་ཅིང་ཕན་བདེའི་དགའ་སྟོན་གྱི་སྣང་བ་ཟད་མེད་དུ་འཕེལ་བའི་རྒྱུར་གྱུར་ཅིག །མུ་ཙུག་སྨར་རོ།། །།