༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་བརྒྱད་པས་དཔེ་དེབ་ཁག་དཔར་བསྐྲུན་འགྲེམ་སྤེལ་གནང་བ།

   དཔེ་སྐྲུན་གསལ་བཤད།

༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནི་བགྲང་བྱ་ཁྲི་ཕྲག་གི་ཡར་སྔོན་ནས་གཅེས་སུ་འོས་པའི་འཛམ་གླིང་ཡང་རྩེར་འཚོ་བའི་གངས་ལྗོངས་མི་རིགས་ཀྱི་བླ་སྲོག་དང་། ཞང་བོད་མཐོ་སྒང་གི་དབུ་རྩེ་ནས་མཆེད་པའི་ཐུན་མིན་རིག་པའི་གཞུང་ལུགས་ཀྱི་བོང་མཛོད་ཅིག་ཡིན་ལ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་༧རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གསུངས་པའི་བཀའ་སྡེ་སྣོད་ཀྱི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ངམ་མདོ་འབུམ་རྒྱུད་མཛོད་བཞི་རུ་བཞུགས་པ་འདི་རྣམས་ནི།  བྱུང་རབས་ཀྱི་ཆ་ནས་མི་ལོ་ཁྲི་ཕྲག་ལས་བརྒལ་བའི་ལོ་རྒྱུས་ལྡན་ཡོད་ཅིང༌།  རིན་ཐང་ཡང་གཞལ་དུ་མེད་པའི་མཐོ་སྒང་གི་ཕ་ནོར་ཉག་གཅིག་སྟེ།  སེམས་ཅན་གྱི་བདེ་སྐྱིད་ཀུན་གྱི་འབྱུང་གནས་མདོ་སྔགས་སེམས་གསུམ་གྱི་མ་ལག་ཡོངས་སུ་ཚང་བ་ཞིག་ཡིན།  འོན་ཀྱང་སྙིགས་མའི་དུས་འདིར་སེམས་ཅན་གྱི་ལས་བསོད་བྲི་ཞིང་དམན་པའི་དབང་གིས་ཉམས་ཉེས་ཤུགས་ཆེར་བྱུང་ཡོད་ནའང༌།  དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་ྋསྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་བོད་ཕྱི་ནང་དུ་བཞུགས་པའི་བླ་སྤྲུལ་སྐྱེས་ཆེན་བཤེས་གཉེན་དམ་པ་རྣམས་ཀྱིས།  འགྱེལ་ས་ནས་སློང༌།  ཉམས་ས་ནས་གསོ་བའི་ཐུགས་ཁུར་ཕྲག་ཏུ་བཞེས་ཏེ།  བཅུ་ཕྲག་རིག་པ་བརྡོལ་བའི་གཏེར་གནས།  དགོན་སྡེ་དང།  བཤད་གྲྭ།  སྒྲུབ་གྲྭ།  སློབ་གྲྭ་རྣམས་སླར་གསོ་དང་གསར་འཛུགས་ཀྱི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་རླབས་ཆེན་གྱི་བྱ་བཞག་མཛད་དེ། བོད་ཕྱི་ནང་གཉིས་སུ་བསྟན་པའི་མེ་རོ་སླར་གསོའི་མཛད་འཕྲིན་བླ་ན་མེད་པ་བསྐྱང་ཡོད།  ལྷག་པར་དུ་ཞིང་གཤེགས་དམ་པ་ྋཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས།  བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་དཔེ་རྙིང་གི་རིགས་རྣམས་དོ་སྣང་ཆེན་པོས་གཟིགས་དགོས་པར་མ་ཟད།  དཔེ་རྙིང་དང་དཔེ་དཀོན་གྱི་རིགས་རྣམས་པར་སྐྲུན་གནང་ཐུབ་ན་དགེ་མཚན་ཆེ་བའི་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་སོའི་རྒྱུན་ལས་རྣམ་པས།  གཙོ་བོར་བཤད་གྲྭའི་དགོས་མཁོར་དམིགས་ཏེ།  ༧གདན་ས་སྨན་རིའི་ཡིག་ཆ་ཁག་དང་།  དེ་འབྲེལ་བཀའ་དང་བཀའ་བརྟེན་གྱི་རིགས་ཀྱང་གང་འཚམ་ཞིག་པར་སྐྲུན་གནང་ཡོད།

ཡིན་ནའང་པར་སྐྲུན་ཞུས་ཟིན་པའི་གྲས་ནས་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་རྩ་རྒྱུད་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་དང་། ཐེག་པ་གོང་འོག་གི་རྣམ་འབྱེད་གལ་མདོ་དྲི་མེད་གསལ་སྒྲོན།  སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་གཞུང་སོགས་བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁང་ནས་རྫོགས་ཟིན་སྟབས།  འདི་གའི་བཤད་གྲྭའི་ཁྲིད་གཞུང་གི་དགོས་མཁོའི་ཆེད།  (གོང་བཀོད་སྔགས་འགྲེལ་དང་མཛོད་འགྲེལ་གལ་མདོ་བཅས་དེབ་གསུམ་བསྐྱར་པར་དང་།

དེ་བཞིན་དཔེ་རྙིང་དཔེ་དཀོན་གྱི་གྲས་ནས་འགྲོ་མགོན་བློ་གྲོས་ཀྱིས་མཛད་པའི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་འགྲེལ་བ་དང་།  སྙན་རྒྱུད་ཀུན་བཟང་ཨ་གསལ་གྱི་ཉམས་ལེན་ལྔ་སྐོར།  མན་ངག་གཅེས་པའི་གནད་དོན་བཞི་པ།  བར་དོ་གནད་དོན་བཞི་པ།  ཀློང་རྒྱས་རྩོད་སྤང་།  གཤེན་སྡེ་འདུས་པའི་བཀའ་ཡིག་བཅས་ཀྱི་དེབ་གཅིག་དང།

གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་ཁྲོ་བོ་དབང་ཆེན་གྱི་ལས་མཐའ་མཆོང་དགུའི་གསལ་འབྱེད་དང་། འ་ཞ་བདུད་བརྩི་རྒྱལ་མཚན་གྱིས་མཛད་པའི་ཀློང་རྒྱས་ཀྱི་འགྲེལ་བ་ལེགས་བཤད་ཉི་མའི་རྒྱན་གཉིས་ཀྱི་དེབ་གཅིག་བཅས། ) དཔེ་གཞུང་དེབ་ལྔ་པར་སྐྲུན་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང་ནའང་། བྱ་བ་འདི་འགྲུབ་པར་གཡས་སྐྱོར་གཡོན་སྐྱོར་རྒྱུ་ཚེགས་མཐུན་རྐྱེན་མང་པོ་ཞིག་ལ་བརྟེན་ནས་འགྲུབ་དགོས་པ་ལྟར།  བསྟན་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱི་དཔེ་ལྟར་མ་ཤེས་པ་ལ་ཤེས་པ་དང་།  ཤེས་པ་ལ་གསལ་བར་བྱེད་པའི་བཀའ་སློབ་ལམ་སྟོན་དང་།  གཞུང་བསྐྱར་པར་ཁག་གི་པར་རྩའི་མཐུན་སྦྱོར་དང་།  དེ་བྱིངས་གཞུང་རྣམས་ཀྱི་པར་རྩ་གློག་ཀླད་དུ་འཇུག་སྒྲིག་ཞུ་དག་སོགས་ཀྱི་རྒྱབ་སྐྱོར་རོགས་མགོན་གནང་མཁན་༧གདན་ས་སྨན་རིའི་གོང་འོག་ལྷན་རྒྱས་རྣམས་དང་།  ༧གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་གདན་རབས་བརྒྱད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་འགྲེལ་སོགས་དེབ་པར་སྐྲུན་གྱི་སྦྱིན་བདག་གནང་བ་པོ་བླ་མ་ཀུན་དགའ་རྒྱལ་མཚན་མཆོག་ནས་རྒྱ་སྒོར་(༡༡༠༠༠)དང་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་མཆོག་ནས་རྒྱ་སྒོར་(༡༠༠༠༠)དུང་རིའི་བླ་མ་བཤད་སྒྲུབ་རྒྱལ་མཚན་མཆོག་ནས་ཧིན་སྒོར་(༡༠༠༠༠༠)སེང་སྤྲུལ་རིག་འཛིན་ཉི་མ་མཆོག་ནས་རྒྱ་སྒོར་༨༥༠༠སྤྱང་རུ་སྐལ་བཟང་ཉི་མ་ནང་མི་ནས་རྒྱ་སྒོར་(༧༠༠༠)དེ་བཞིན་ཟུར་དུ་ཞལ་འདེབས་སུ་གཡང་དྲན་པ་མཚོ་ནས་ཧིན་སྒོར་(༣༠༠༠)དང་མངའ་རིས་སྨན་རྩིས་ཁང་གི་སྨན་པ་བསྟན་ཆོས་དབང་གསལ་གྱིས་ཧིན་སྒོར་(༦༠༠༠)དང་དུང་དཀར་ནམ་མཁའ་ནས་ཧིན་སྒོར་(༣༠༠༠)གནང་བ་བཅས། ཁྱེད་རྣམ་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རྣམ་དཀར་གྱི་བྱ་བ་འདི་མཐའ་གཙང་བྱུང་བ་ལགས་ན། བཀའ་དྲིན་བླ་ན་མེད་པར་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་གཞུང་འདི་རྣམས་ཞུ་དག་བྱས་པའི་བརྒྱུད་རིམ་ཟུར་ཙམ་ཞུས་ན།༧གདན་ས་སྨན་རིའི་བླ་བྲང་གཟིམ་ཆུང་གི་དཔེ་ཅན་ཁྲོ་བོ་དབང་ཆེན་གྱི་འགྲེལ་དང་།  ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཕྱག་དཔེ་ཅན་མན་ངག་གཅེས་པའི་གནད་དོན་བཞི་པ།  ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཀྱིས་པར་སྐྲུན་གནང་བའི་ཨ་གསལ་ཉམས་ལེན་ལྔ་སྐོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་བར་དོ་གནད་དོན་བཞི་པ། བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས་གྲས་ཀྱི་ཀློང་རྒྱས་རྩོད་སྤོང་། གཞན་གཤེན་སྡེ་འདུས་པའི་བཀའ་ཡིག་རིན་ཆེན་དབང་གི་རྒྱལ་པོ་གཡུང་དྲུང་འབར་བའི་གཟི་བྱིན་ཞེས་བྱ་བའི་གཞུང་རྣམས་ལ་དཔེ་གཞན་གྱི་མཐུན་རྐྱེན་མ་རག་སྟབས། མ་བུ་གཤིབ་བསྡུར་གྱི་དག་བཅོས་རྩམ་ལས་བྱ་ཐབས་གཞན་མ་བྱུང་ནའང་། ཡིག་ནོར་རམ་ཡང་ན་གོ་ནོར་བྱུང་བ་གང་ལྟར་ཞུ་དག་པས་དཔྱད་པའི་བསམ་ཚུལ་རྩམ་གུག་རྟགས་༼༽འདིའི་ནང་དུ་གཞག་ནས་དོ་ནན་རྩམ་བྱས་ཁུལ་ལགས་ནའང་།

ད་དུང་ཞུ་དག་གི་ཐད་ནས་མ་འདང་པའི་ཆ་དུ་མ་ཞིག་ཡོད་ངེས་པས་མཁྱེན་ལྡན་ཀློག་པ་པོའི་ཚོགས་ལ་བཟོད་གསོལ་ཞུ་རྒྱུ་དང་། རྣམ་དཀར་གྱི་ལས་ལ་ཅུང་ཟད་འབད་པའི་དགེ་འབྲས་བསླུ་བ་མེད་པའི་སྟོབས་ལ་བརྟེན་ནས།

༧ཞྭ་དཀར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་།  མཐའ་ཡས་པའི་སེམས་ཅན་ཐམས་ཅད་རིང་མིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་བཅས།

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་བརྒྱད་པའི་རྒྱུན་ལས་ཡིག་ཚང་ནས།

ཕྱི་ལོ་༢༠༡༨ཟླ་༠༦ཚེས་༢༠ཉིན།

 

655 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།