༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་གནང་བའི་ཐུགས་གསོའི་འཚམས་འཕྲིན།

 

དུས་འགྱུར་གྱི་རྗེས་སུ་བོད་ཕྱི་ནང་གཉིས་ཀར་རླུང་ལྟར་གྲགས་པ་རྫོགས་ཆེན་པ་ཆོས་རྒྱལ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་གནས་ཚུལ་གོ་ཐོས་བྱུང་བར་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང། དེ་ནི་ང་དང་ཁོང་གི་སློབ་མ་དང་ནང་མི་ལྟོས་བཅས་ཙམ་མ་ཡིན་པར། ཞང་བོད་ཀྱི་ཤེས་རིག་ལ་དོ་སྣང་ཅན་དང་ནང་སེམས་ཀྱི་ཞི་བདེ་ལ་དགའ་བའི་རྒྱལ་ཕྱི་ནང་གི་སྐྱེ་བོ་སྟོང་ཕྲག་མང་པོར་གྱོང་གུད་ཚབ་ཆེན་ཞིག་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད། ཁོང་གིས་རང་མི་རིགས་ལ་དགའ་ཞེན་ལྷག་བསམ་དྲི་མ་མེད་པར་བཅང་སྟེ་བོད་མི་རིགས་ཀྱི་ཤེས་རིག་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། དེ་ཡང་བོད་ཀྱི་གཏམ་དཔེར། གནའ་སྲིད་པ་ཆགས་པའི་གངས་དཀར་ལས། མདང་དེང་སང་ཆགས་པའི་བ་མོ་མིན། ཞེས་པ་ལྟར་མི་རིགས་རང་ཉིད་ཀྱི་ཤེས་རིག་རྣམས་མི་རིགས་རང་ཉིད་ཀྱིས་འབད་རྩོལ་ལྷུར་ལེན་གྱིས་བྱུང་སྟེ། བོད་མི་རིགས་ཀྱི་ཤེས་རིག་ཕུན་སུམ་ཚོགས་པ་འདི་དག་ལྷམ་དཔེ་ཞྭ་ལ་བཀབ་པ་ལྟར་མིན་པར་རང་ས་ནས་བྱུང་ཞིང་དར་བར་བསྒྲུབས་ཡོད། གཞན་ཡང་ཆོས་ལུགས་ག་གེ་མོའི་ཕྱོགས་ཞེན་གྱིས་མ་བཅིང་བར་ཆོས་ལུགས་རིས་མེད་ཀྱི་དག་སྣང་ཐུགས་ཀྱི་མཐིལ་དུ་བཞག་པས། ཁོང་གི་རྒྱལ་ཕྱི་ནང་གི་སློབ་མ་རྣམས་ཀྱང་ཆོས་ལུགས་ཀུན་ལ་དག་སྣང་ཆེ་བ་དང་བློ་སྒོ་ཡངས་པ་མཐོང་ཐོས་རིག་གསུམ་དུ་གྱུར་ཡོད། མ་ཟད་ཁོང་གིས་ཞང་བོད་ཀྱི་ལོ་རྒྱུས་བཤད་ཅིང་བྲིས་པ་རྣམས་ནི་དུས་རབས་ཉེར་གཅིག་པའི་ཚན་རིག་པའི་ཞིབ་འཇུག་དང་མཐུན་པས་བོད་ཕྱི་ནང་གཉིས་ཀྱི་མཁས་པ་ཚོས་ཚད་འཛིན་ཡང་དག་པར་ངོས་འཛིན་ཞུས་དང་ཞུ་བཞིན་པ་ཡིན། ལྷག་པར་དུ་དེང་གི་བོད་རིགས་གཞོན་སྐྱེས་བོད་དང་བོད་མི་རིགས་ལ་དགའ་ཞེན་ཆེ་བ་རྣམས་ཀྱིས་ཁོང་དང་ཁོང་གིས་བྲིས་པའི་བོད་ཀྱི་ལོ་རྒྱུས་ལ་གདེངས་འཇོག་ཆེན་པོ་བྱེད་བཞིན་ཡོད། གཞན་ཡང་ཁོང་ནས་འཇིགས་ཞུམ་གང་ཡང་མེད་པར་བློ་སྟོབས་ཆེན་པོས་ཞང་ཞུང་དང་བོན་ཅེས་པ་བོད་མི་ཕལ་ཆེ་བའི་རྣ་བར་གཟན་པའི་སྐབས་སུ་བོད་ཀྱི་ལོ་རྒྱུས་ཡང་དག་པར་ཤེས་དགོས་ཚེ། ཞང་ཞུང་དང་བོན་གྱི་སྐོར་ལ་དོ་སྣང་མ་བྱས་ན་ཡོང་ཐབས་མེད་པའི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ་ཁུངས་སྐྱེལ་གྱི་གཏམ་བཤད་དང་ཡིག་ཐོག་ཏུ་བྲིས་པ་སོགས་མཛད་རྗེས་བླ་ན་མེད་པར་བཞག་ཡོད། དེས་ན་ཁོང་ནི་བོད་མི་རིགས་ཀྱི་ཤེས་རིག་དར་སྤེལ་གཏོང་བའི་ཤིང་རྟ་ཆེན་མོ་དང། ཆོས་ལུགས་ཕན་ཚུན་དབར་ལ་དག་སྣང་འོད་ཀྱིས་ཁྱབ་པར་མཛད་པའི་གསལ་བྱེད་ཆེན་མོ། ཕྱི་ནང་མི་རིགས་སྟོང་ཕྲག་མང་པོ་ཐར་པའི་ལམ་དུ་འདྲེན་པའི་དེད་དཔོན་ཆེན་མོ་ཞིག་ཡིན་པས། ད་ལམ་སྐྱེས་བུ་ཁྱད་པར་ཅན་ཁོང་སྐུ་གཤེགས་པ་ནི་བོད་མི་རིགས་ཙམ་དུ་མ་ཟད། ཕྱི་ནང་མི་རིགས་སྟོང་ཕྲག་མང་པོར་གྱོང་གུད་ཆེན་པོ་ཞིག་བྱུང་ཡོད།

ཕྲན་ལྟ་བུར་ཁོང་དང་ལྷན་དུ་བདུན་ཕྲག་གཉིས་མ་ཟིན་ཙམ་ལྷན་དུ་བསྡད་དེ་བོན་ཆོས་དང་ཞང་བོད་ཀྱི་ཤེས་རིག་གི་སྐོར་ལ་བཀའ་མོལ་ཞིབ་ཕྲ་ཞུ་རྒྱུའི་བསྐལ་པ་བྱུང་བ་མ་ཟད། ཁོང་གིས་གཏམ་ནོར་བུའི་དོ་ཤལ་དང་གཟི་ཡི་འཕྲེང་བའི་དེབ་བཅས་ཐོག་མར་འབྲི་དགོས་པའི་དམིགས་ཡུལ་དང་། བྲིས་ཟིན་པའི་རྗེས་སུ་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ཇི་ལྟར་བྱུང་ཚུལ་གྱི་བློ་ཕམ་པའི་གནས་ཚུལ་ཞིབ་ཕྲའི་བཀའ་མོལ་ཉན་རྒྱུ་བྱུང་བ་ནི་དགའ་སྐྱོ་འདྲེས་མའི་ཚོར་བ་དེ་འདྲ་བྱུང་མྱོང་། མ་ཟད་ཁོང་གི་ཆོས་ཚོགས་ཁག་མང་པོས་ངོས་ལ་ཡང་ཡང་བོན་ཁྲིད་བྱེད་རྒྱུའི་གོ་སྐབས་གནང་བ་སོགས་སྒེར་ངོས་ནས་ཀྱང་བཀའ་དྲིན་ཆེན་པོ་ཞིག་ཡིན་པས། ད་ལམ་གྱི་གནས་ཚུལ་ཡིད་སྐྱོ་བ་དེ་གོ་དུས་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང་། ངོས་ཀྱིས་ཁོང་གི་སློབ་མ་ Donatella དང་ལྷན་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཀྱི་ལེའུ་ཚན་ཁག་ཅིག་དབྱིན་སྒྱུར་ཞུ་རོགས་ཀྱང་ཞུས་པའི་གོ་སྐབས་བྱུང་། གང་ལྟར་བོད་ཀྱི་གཏམ་དཔེར། ཨ་མ་ཚ་ནའང་ཚ་གོ་ཆོད། ཅེས་པ་ལྟར་མི་ཡུལ་འདིར་རླབས་ཆེན་གྱི་བྱས་རྗེས་བཞག་ནས་གཤེགས་པས། སླར་ཡང་ཞིང་འདིར་ཁྱེད་ཀྱི་ཡང་སྲིད་མྱུར་དུ་འབྱོན་ཏེ་སྔ་མའི་མཛད་པ་རྣམས་འཕྲོ་འཐུད་ཅིང་ལེགས་པར་སྐྱོང་བའི་གསོལ་འདེབས་སྨོན་ལམ་ཞུ་ཞུ།

སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མས་ཕུལ།

 

3,363 total views, 3 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།