གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་དང་། སྣང་ཞིག་དགོན་དུ་མཚན་ཉིད་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རྟེན་འབྲེལ་མཛད་སྒོ་ལྷན་དུ་སྤེལ་པ།

བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་བོད་ཟླ་༨ཚེས་༡༠(2018.9.19)ཉིན། མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་རྟེན་འབྲེལ་མཛད་སྒོ་སྤེལ་པ་དང་ལྷན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གསུམ་པ་སོགས་གཟབ་རྒྱས་སུ་འཚོགས་པ། ཟླ་༨ཚེས་༡༠ཉིན་གྱི་ཞོགས་པ་ཆུ་ཚོད་༨སྟེང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ལྷན་རྒྱས། རྔ་བ་རྫོང་ཐོག་ནས་སྣང་ཞིག་དགོན་ཆེན་བར་དུ་བླ་གྲྭ་དང་ཚོགས་མང་གིས་སེར་ཕྲེང་དང་། ལྷ་སྡེའི་མང་ཚོགས་ཀྱིས་རླངས་འཁོར་དང་མི་བསུ་རྟ་བསུ་རྒྱ་ཆེན་དུ་བྱས་པ།

སྣང་དགོན་ཚོགས་ཆེན་འདུ་ཁང་མདུན་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་རྣམ་གཉིས་ནས་སྲིད་པའི་བརྡ་དར་སྒྲེང་བ་དང་ཚོགས་མང་གིས་བསྟན་རྒྱས་སྨོན་ལམ་གསུང་བ། (སྤྱིའི་མདོ་འཛིན་པ་ལྷ་བུ་བློ་བཟང་)སྣང་ཞིག་སྐྱབས་མགོན་རིན་པོ་ཆེས། མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མཛད་སྒོའི་གསུང་བཤད་གནང་བ།

ཁྱད་པར་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་བླ་སྤྲུལ་མཁན་གསུམ་ཚོགས་འདུའི་་ལས་སྣ་གཙོས་པའི་གྲྭ་ཚང་ཡོངས་རྫོགས་མཛད་སྒོ་དང་ཚོགས་འདུ་འདི་ལ་དངོས་སུ་ཕེབས་པར་མ་ཟད། སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དང་གདོང་ལི་ལུང་རྟོགས་བསྟན་པ་རབ་རྒྱས། ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ཚོགས་འདུ་ལས་སྣ་སློབ་གླིང་གི་དགེ་རྒན་རྣམ་པ་གཙོས་པས། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང་སྒོས་སུ་སྣང་ཞིག་དགོན་པ་དང་སྐྱབས་མགོན་ཁོང་གི་སྐུ་ཚེ་བསྐལ་བར་བརྟན་པ་དང་མཛད་ཕྲིན་སྲིད་མཐར་ཁྱབ་པའི་རྟགས་དང་རྟེན་འབྲེལ་དེ་ལ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་དམངས་སྒོར་སོགས་ཀྱི་མཆོད་པ་རྒྱ་ཆེན་འབུལ་བ་བྱས་སོ།།

དཔོན་སློབ་རིམ་བྱོན་གདན་འདྲེན་བྱས་ཏེ་གཟེངས་རྟགས་ཕུལ་བ། དེ་བཞིན་དུ་སྤྲུལ་སྐུ་དང་དགེ་རྒན་རྣམ་པར་དྲན་རྟེན་གཟེངས་རྟགས་ཕུལ་བ། དགེ་བཤེས་རྣམ་པར་དྲན་རྟེན་བཟང་རྟགས་ཕུལ་བ། (རིག་པའི་མེ་ལྕེ་དང་གདོང་སྐལ་བཟང་བསམ་གཏན་གཉིས་ནས་སོ་སོར་མདོ་འཛིན་པ་བྱས།) དཔོན་སློབ་ཚུལ་ཁྲིམས་གཡུང་དྲུང་བློ་གསལ་གྱིས། སྣང་དགོན་དཔོན་སློབ་རིམ་བྱོན་དང་འབྲེལ་བའི་གསུང་བཤད་གནང་བ། དགེ་བཤེས་དཔའ་ཀི་བསམ་གཏན་གྱིས། སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་དབུ་བརྙེས་པའི་ལོ་རྒྱུས་གསུང་བཤད་གནང་བ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས། བོན་གྱི་གྲུབ་མཐའི་སྐུ་ཚབ་མཛད་དེ་གསུང་བཤད་གནང་བ།

རྙིང་མའི་སྐུ་ཚབ་པ་མཁན་ཆེན་རིག་དར་དང་། བཀའ་བརྒྱུད་པའི་སྐུ་ཚབ་མཁན་ཆེན་ཉི་མ་རྒྱལ་མཚན། ས་སྐྱ་བའི་སྐུ་ཚབ་ཁྲི་ཆེན་བསོད་ནམས་རྒྱ་མཚོ། ཇོ་ནང་བའི་སྐུ་ཚབ་དགེ་བཤེས་དངོས་གྲུབ་དཔལ། དགེ་ལུགས་པའི་སྐུ་ཚབ་དགེ་བཤེས་དཀོན་མཆོག་རྒྱ་མཚོའམ་ཆོས་སྐུ་སོགས་གྲུབ་མཐའ་སོ་སོའི་སྐུ་ཚབ་ཀྱིས་གསུང་བཤད་གལ་ཆེན་གནང་བ། ཀྲུའུ་རེན་དཀོམ་གོ་ནས་ཚོགས་འདུའི་སྒྲིག་ལམ་དང་འབྲེལ་བའི་གསུང་བཤད་གནང་བ།

ཉིན་གུང་ཆུ་ཚོད་༡༢:༣༠སྟེང་མདོ་འཛིན་པ་ལྷ་བུ་བློ་བཟང་གིས། མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་རྟེན་འབྲེལ་མཛད་སྒོ་མཇུག་བསྡུ་བའི་གསུང་བཤད་གནང་བ་དང་དྲན་རྟེན་མཉམ་པར་བླངས།  ཕྱི་དྲོའི་ཆུ་ཚོད་གཉིས་པའི་སྟེང་།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་གིས།ཐེངས་འདིའི་ཚོགས་ཆེན་གསུམ་ལ་ཞུགས་པའི་རྒྱུན་ལས་དང་འཐུས་མི་རྣམས་ཀྱི་མིང་ཐོ་བཀོད།གྲྭ་ཚང་བྱིངས་ནས་སྔགས་རྫོགས་ཀྱི་རྩོད་པ་མཛད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་གཙོའི་ཚོགས་འདུ་འཚོགས། ཚོགས་གཙོ་དང་མཚན་འཛིན་ཚོགས་གཙོ། ཚོགས་གཞོན་རྣམས་ནས། བསྟན་འགྲོའི་དོན་ལ་བཅངས་པའི་གྲོས་གཞི་གལ་ཆེན་མང་དུ་བཏོན། དགོང་མོའི་ཆུ་ཚོད་༦:༣༠སྟེང་། དགེ་བའི་བཤེས་གཉེན་རྣམས་འཚོགས་ནས་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་བཀོད་སྒྲིག་ཐད་ཀྱི་བགྲོ་གླེང་མཛད་པ་སྟེ་ཉིན་དང་པོའི་གནས་ཚུལ་རགས་བསྡུས་ཙམ་ཞིག་སྙན་བཟང་བསོད་ནམས་གཡུང་དྲུང་གིས་བྲིས།

རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག

 

1,319 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།