མོན་ཡུལ་ནས་གསར་རྙེད་བྱུང་བའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས་ཞིག་དཔེ་དེབ་དཔར་བསྐྲུན་གནང་བ།

དཔེ་སྐྲུན་གསལ་བཤད།

དེ་ཡང་ཉེ་ལམ་ཕྱི་ལོ་༢༠༡༨ ཟླ་ ༥ པའི་ནང་ཝཱ་ཎའི་སློབ་དཔོན་དགེ་བཤེས་རྣམ་དག་གཙུག་ཕུད་དང་ཕྲན་དགེ་བཤེས་ཤེ་ཙུ་རྒྱ་མཚོ་གཉིས་མོན་ཡུལ་དུ་སྤྲོ་འཆམ་ཆེད་ཕྱིན་པ་ཡིན། མོན་ཡུལ་དུ་སླེབས་སྐབས་སྣོད་བཅུད་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཆ་ནས་བོད་རོང་ཕྱོགས་ཀྱི་ས་ཆ་ཞིག་ཏུ་སླེབས་པའི་ཚོར་སྣང་རང་བཞིན་གྱིས་སྟེར་བ་ཞིག་འདུག ཡུལ་དེའི་ཁོར་ཡུག་ནི་ནམ་ཟླ་དུས་བཞིའི་ཁྱད་མེད་པར་རྣམ་ཀུན་ལྗང་མདོག་ཏུ་གནས་པར་བཤད། ཡུལ་མིའི་འཚོ་ཐབས་ནི་ཞིང་འབྲོག་གཉིས་ཀའི་ཐོན་སྐྱེད་ཡོད་པ་ལས་གཙོ་བོར་སོ་ནམ་ཞིང་ལས་ལ་བརྟེན་པའི་ཡུལ་གྲུ་ཞིག་ཏུ་སྣང། དེང་སྐབས་ཀྱི་ན་གཞོན་ཕལ་ཆེ་བ་ལ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་འདུག་ལ། སློབ་མཐར་ཕྱིན་པའི་གཞོན་སྐྱེས་མང་པོ་ཞིག་གིས་གཞུང་སྒེར་ཅི་རིགས་སུ་དེང་རབས་སྤྱི་ཚོགས་ཀྱི་ལས་དོན་གཉེར་བཞིན་པ་ནི་ཅུང་དགའ་འོས་པའི་གནས་སུ་མཆིས། ཡུལ་འདི་སྔོན་དུས་སུ་བོད་ཀྱི་ཁྱབ་ཁོངས་ཡིན་པར་མ་ཟད་ཆོས་ལུགས་ཀྱང་གནའ་དུས་སུ་བོན་ལུགས་ཁོ་ན་ཡིན་པར་བཤད། རྗེས་སུ་ཆོས་བརྒྱུད་གཞན་ཁག་རིམ་པས་དར་ཁྱབ་བྱུང་ཡོད་འདུག།

སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ང་དགུའི་སྔོན་བོད་ས་གནས་སྲིད་གཞུང་ལ་ཁྲལ་འབུལ་དགོས་རབས་ཀྱི་ལོ་རྒྱུས་ཡུལ་མི་རྒས་རབས་རྣམས་ཀྱིས་བཤད་ཀྱིན་འདུག དེང་སྐབས་ས་ཁུལ་དེ་ཉིད་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་སུ་འདུས་ཡོད་འདུག ད་ལྟའི་ཆར་ཡུལ་དེར་ཕ་མེས་ཀྱི་ཆོས་ལུགས་བོན་ཆོས་བྱེད་མཁན་ནི་རེ་འགའ་ཙམ་ལས་མི་སྣང། བོན་ཆོས་བྱེད་མཁན་དག་ལ་མིང་དུ་ཨ་ཡ་ཞེས་འབོད་ཀྱིན་འདུག དེ་ནས་རྒན་ལགས་དང་ངེད་གཉིས་མོན་རྟ་ཝང་ནས་བོད་མཚོ་སྣའི་ས་མཚམས་བར་གྱི་ས་གནས་མང་པོར་རི་གང་གཟར་དང་། ནགས་གང་འཐུག སྤང་གང་མཛེས། ཆུ་གང་འབབ་ཀྱི་གནས་སུ་སྤྲོ་འཆམ་འགྲོ་བའི་སྐབས་གྲོང་གསེབ་འགར་བོན་ལུགས་འཛིན་པའི་གྲོང་སྡེ་རེ་ཟུང་ཡོད་པར་ཤེས་རྟོགས་བྱུང་ཞིང་། རིམ་བཞིན་ཕྱོགས་གང་ལ་ཡོད་མེད་དྲིས་སྐབས་ཨ་ཡའམ་བོན་ཆོས་བྱེད་མཁན་ཡིན་ཟེར་བའི་མི་རེ་ཟུང་དང་ཐུག་འཕྲད་བྱུང་། དེ་དག་གི་ཁྲོད་ནས་སྤྱི་ལོ་ ༡༩༩༨ ལོར་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་མོན་ཡུལ་ཕེབས་སྐབས་ཐུག་འཕྲད་བྱུང་མྱོང་བའི་ཨ་ཡ་ཀུན་གྲགས་ཟེར་བའི་བོན་སྔགས་ཤིག་གི་ཁྱིམ་དུ་སོང་སྟེ། ཁོང་ལ་ངེད་གཉིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་༸གཡུང་དྲུང་བོན་གྱི་གདན་ས་སྨན་རི་དགོན་ཟེར་བ་དེ་ནས་ཡོང་བ་ཡིན་སྐོར་དང་། དགེ་བཤེས་རྣམ་དག་གཙུག་ཕུད་ལགས་སྔོན་མ་ཐེངས་གཅིག་ཁྱེད་དང་ཐུག་འཕྲད་བྱས་མྱོང་ཚུལ། ད་ལན་དགེ་བཤེས་ལགས་ཀྱི་དབྱར་ཁའི་གུང་གསེང་དང་བསྟུན་ནས་ཕྲན་གཉིས་མོན་ཡུལ་དུ་སྤྲོ་འཆམ་ཆེད་ཡོང་ཚུལ་སོགས་ངོ་སྤྲོད་བསྡུས་ཙམ་གྱི་ཞོར་དུ་ཁོང་ལ་བོན་ཆོས་གང་འདྲ་བྱེད་ཀྱིན་ཡོད་མེད་དང་།

བོན་དཔེ་ཡོད་མེད་སོགས་ཀྱི་སྐོར་ལ་ཡང་བཀའ་འདྲི་ཞུས་པར། དང་པོ་ཁོང་ཅུང་ཡིད་མ་ཆེས་པ་ལྟ་བུའི་ངང་བོན་དཔེ་པོད་ཆུང་ཞིག་བསྟན་ནས་དཔེ་ཆ་འདི་རེད་ཟེར། དཔེ་ཆའི་ནང་དུ་སྐྱབས་འགྲོ་དང་། གསོལ་འདེབས། ཚོགས་འཁོར། སྐོང་བ། ཡུལ་ལྷ་གསོལ་ཐབས། བཙན་མཆོད་ཐབས། བསྟོད་ཚོགས་འདྲ་མིན་སོགས་སྔར་མཇལ་མྱོང་མེད་པའི་དཔེ་རྙིང་ཤ་སྟག་ཏུ་འདུག་པས་ཡིད་དགའ་སྤྲོའི་ངང་ད་དུང་དཔེ་ཆ་གཞན་པ་ཡོད་མེད་སྐོར་སྐད་ཆ་དྲིས་སྐབས། ཁོང་གིས་ད་དུང་གཞན་ཞིག་ཡོད་ཀྱང་འདི་དང་དཔེ་གསར་རྙིང་ཙམ་རེད་ཟེར་ནས་ངེད་གཉིས་ཁང་པའི་ཐོག་བརྩེགས་ཀྱི་མཆོད་ཁང་དུ་ཁྲིད་སོང་། མཆོད་ཁྲིའི་སྟེང་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་འདག་སྐུ་རྙིང་པ་ཁྲུ་གང་ཙམ་ཞིག་དང་། སྟག་ལ་མེ་འབར་ཡིན་ཟེར་བའི་ཞལ་གསུམ་ཕུར་དབྱིབས་སྤྱི་གཙུག་རྟ་དབུ་གཉིས་ཅན་དང་། མཆོད་ཁྲིའི་གཡོན་ཕྱོགས་སུ་ཆེས་རྙིང་ཉམས་ལྡན་པའི་གཤེན་ལྷ་འོད་དཀར་གྱི་ཐང་སྐུ་ཞིག་དང་། ད་དུང་སྟོན་པ་གཤེན་རབ་དང་། གཤེན་ལྷ་འོད་དཀར། སྟག་ལ་མེ་འབར། སྲིད་པ་རྒྱལ་མོ་སོགས་ཀྱི་རྟེན་གཏོར་ཡིན་ཟེར་བའི་མར་རྒྱན་གྱིས་ཧ་ཅང་མཛེས་པར་བརྒྱན་པའི་གཏོར་མ་ཡང་མང་པོ་བཤམ་འདུག དེ་བཞིན་བརྒྱད་སྟོང་པ་མི་རེས་ཐེག་ཙམ་གྱི་པོད་ཆེན་གཉིས་དང་། རིས་སུ་མ་ཆད་པའི་བླ་མ་མང་པོའི་སྐུ་པར་འབུད་ཤིང་སྤུངས་པ་ལྟར་བཤམས་འདུག ཕྲན་གྱིས་སྐབས་དེར་རྐུན་མ་གཉེར་ཚང་དུ་སླེབས་པ་ལྟ་བུའི་མཆོད་ཁང་ནང་གི་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་མིག་འགྲིམས་མང་ཙམ་བྱས་མཐར་ལྕམ་གསེབ་དུ་གླེགས་ཤིང་དུད་དྲེག་ཅན་གྱི་དཔེ་རྙིང་པོད་ཆུང་ཞིག་ཡོད་པ་མཐོང་མ་ཐག་ཏུ་འདི་ཅི་རེད་དང་། བལྟས་ན་འགྲིག་མིན་སོགས་ལུགས་མཐུན་གྱི་སྐད་ཆ་གང་ཡང་འདྲི་ལོང་མ་བྱུང་བར་མར་བླངས་ཏེ་ཐལ་རྡུལ་སྤྲུགས་པས། ཁོང་གིས་དེ་ཡང་བོན་དཔེ་རེད་ཟེར། དཔེ་ཐག་དཀྲོལ་ཏེ་མཇལ་སྐབས་དབུ་ཤོག་ཏུ་<<བོན་གྱི་གཡང་གཞུང་ནག་པོ་འགྲོ་ཤེས་ཞེས་བྱ་བ་བཞུགས་སོ་>>ཞེས་འཁོད་ཅིང་མཇལ་མྱོང་མེད་པའི་བོན་དཔེ་བྱིན་རླབས་ཆེ་མདོག་ཁ་པོ་ཞིག་འདུག དེ་ནས་ཁོང་ལ་དཔེ་ཆ་དེ་དག་པར་སློག་བརྒྱག་རྒྱུའི་ཆེད་གཡར་པོ་ཞུས་ཏེ་གནས་ཚང་དུ་མར་སོང་བ་ཡིན། ཕྱི་ཉིན་ཚོགས་རྫས་གང་མང་ཞིག་ཉོས་ནས་ཨ་ཡ་ཀུན་གྲགས་ཀྱི་མཆོད་ཁང་དུ་རྒན་ལགས་ངེད་གཉིས་ཀྱིས་སྲིད་རྒྱལ་གྱི་ཚོགས་བསྡུས་པ་ཞིག་ཕུལ། ཨ་ཡ་ཀུན་གྲགས་ཀྱིས་ཁོང་ཚང་གི་མི་རབས་གསུམ་གྱི་ཡར་སྔོན་ནས་ཡོད་རེད་ཟེར་བའི་གོས་ཆེན་སེར་པོའི་ཟླ་གམ་རྙིང་པ་ཞིག་དང་། རྒྱུ་དངུལ་ལས་གྲུབ་པའི་ནོར་བུའི་ཏོག་ཅན་གྱི་ཞྭ་དཀར་མོ་རྩེ་རྒྱལ་ཞིག་གསོལ་ནས་ཆུ་ཚོད་གཉིས་ལྷག་ཙམ་གྱི་རིང་ཚོགས་འཁོར་ཞིག་གསུངས་སོང་། འདོན་པའི་གདངས་དབྱངས་ནི་དེ་སྔོན་ཐོས་མ་མྱོང་བའི་ཧ་ཅང་སྙན་པོ་ཞིག་འདུག ཡ་མཚན་པ་ཞིག་ལ་གཏོར་མ་དང་ཚོགས་རྫས་རྣམས་མཆོད་ཁྲིའི་ཐོག་བཤམས་པ་ཙམ་ལས། ཚིག་བཤད་དང་བསྟུན་པའི་ཡར་མཆོད་མར་སྦྱིན་གང་ཡང་གནང་མ་སོང་། ཚོགས་འཁོར་གྲུབ་རྗེས་ཁོང་གིས་དཔེ་ཆ་རྙིང་པ་པོད་གཉིས་བསྟན་ནས། ཁ་སང་གཡར་བའི་དཔེ་ཆའི་མ་དཔེ་འདི་རེད་ཅེས་གསུངས་བྱུང་། དེ་ནས་ངེད་གཉིས་ཀྱིས་དཔེ་གཡར་ཞུས་པའི་དཔེ་ཆ་ཚང་མ་སྟབས་བདེའི་འཕྲུལ་པར་དུ་བཏབ་ནས་མ་དཔེ་རྣམས་བོར་བརླག་དང་སྐྱོན་ཆག་སོགས་གང་ཡང་མ་ཤོར་བར་ཨ་ཡ་ཀུན་གྲགས་ལགས་ལ་ཕར་ཕུལ་ནས་ཐུགས་རྗེ་ལེགས་གསོལ་ཞུས་པར་ཁོང་གིས་ཀྱང་ཐུགས་མཉེས་པོ་གནང་སོང་། དེ་ནས་གནས་སྐབས་མོན་ཡུལ་གྱི་སྤྲོ་འཆམ་གྲུབ་ནས་སྤྱི་ཟླ་ ༦ ཚེས་༧ ཉིན་རང་དགོན་འཕགས་ཡུལ་སྨན་རིའི་གླིང་དུ་འབྱོར་མཚམས།

༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཆོག་མཇལ་ཞུས་སྐབས་རིན་པོ་ཆེ་མཆོག་ལ་གོང་གསལ་ཡིག་རྙིང་དེ་དག་གི་ཁྲོད་ནས་བོན་དཔེ་རྙིང་པ་ཁག་ཅིག་སྤྱན་འབུལ་ཞུས་ཏེ། རྒན་ལགས་དང་ངེད་གཉིས་མོན་ཡུལ་དུ་སྤྲོ་འཆམ་ཕྱིན་པས་ད་སྔོན་མཇལ་མྱོང་མེད་པའི་བོན་དཔེ་རྙིང་པ་འདི་བཞིན་རྙེད་སོན་བྱུང་ཚུལ་སྙན་གསན་ཞུས་སྐབས། རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་“སྔོན་མ་མོན་ཡུལ་དེ་ཕལ་ཆེར་བོན་ཆོས་དར་སའི་ལུང་པ་ཞིག་ཡིན་སྟབས་ང་ཚོ་ལ་མེད་པའི་དཔེ་དཀོན་ཡོད་ཐག་ཆོད་རེད། ཁྱེད་རང་གཉིས་ཀྱིས་གང་རྙེད་པའི་དཔེ་ཆ་དེ་དག་དཔར་བརྒྱབ་ན་འགྲིག་གི་རེད། འགྲོ་སོང་ལས་ཁུངས་ནས་ཐོངས་”ཞེས་བཀའ་གསུང་སྤྱིར་ཕེབས་བྱུང་བ་བཞིན་ད་ལན་ངེད་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་མོན་ཡུལ་ནས་རྙེད་པའི་དཔེ་ཚོགས་རྣམས་བདམས་བསྒྲིགས་ཀྱིས། ༸སྐྱབས་རྗེ་ཞིང་གཤེགས་དམ་པ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་ལོ་འཁོར་དགོངས་རྫོགས་ཆེན་མོ་དང་བསྟུན་ཏེ་༸སྐྱབས་རྗེ་དམ་པའི་བཀའ་དྲིན་རྗེས་དྲན་དུ་<<མོན་ཡུལ་ནས་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས་>>ཞེས་པའི་དཔེ་དེབ་འདི་བཞིན་དཔར་སྐྲུན་བྱས་པ་ལགས། གཞན་ཡང་གོ་སྐབས་འདིའི་བརྒྱུད་ནས་མོན་ཡུལ་གྱི་ཨ་ཡ་བོན་པོ་ཀུན་གྲགས་ལགས་ཀྱིས་རྩ་ཆེའི་དཔེ་རྙིང་འདི་བཞིན་གཅེས་ཉར་དང་ང་ཚོར་གཡར་པོ་གནང་བ་དང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ནས་དཔེ་སྒྲིག་ལས་རོགས་དང་དཔེ་རྙིང་ཁག་དང་ཞིབ་བསྡུར་གྱིས་གླེང་བརྗོད་བྲིས་གནང་བ་བཅས་ལ་ངེད་རྒྱུན་ལས་ཐུན་མོང་གིས་ཐུགས་རྗེ་ཆེ་ཞུ་བ་དང་བཅས།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་ཟུང་དྲུང་ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོས་སྤྱི་ལོ་༢༠༡༨ ཟླ་༨ ཚེས་༤ཉིན་ཟུང་དྲུང་ལས་ཁང་དུ་བྲིས།

དཀར་ཆག

 

  1. བོན་གྱི་གཡང་གཞུང་ནག་པོ་འགྲོ་ཤེས་བཞུགས་སོ།
  2. གཡང་གི་བླན་ཐབས་བཞུགས་སོ།
  3. དཔལ་རབས་བཞུགས་སོ།
  4. གཡང་ཨའི་ཕི་ཕི་མོའི་གཡང་ཁུག་བཞུགས་སོ།
  5. གཡང་གི་དབང་སྐུར་མུ་ཏིག་ཕྲེང་བ་བཞུགས་སོ།
  6. བོན་གྱི་སྐྱབས་ཡུལ་བསྐྱེད་རིམ་བཞུགས་སོ།
  7. བོན་གྱི་གསོལ་འདེབས་བཞུགས་སོ།
  8. བོན་གྱི་མཐོལ་བཤགས་ལེགས་པ་གཅིག་བཞུགས་སོ།
  9. གཤེན་ལྷ་འོད་དཀར་བཞུགས་སོ།
  10. གཡུང་དྲུང་བོན་གྱི་ཚོགས་མཆོད་བཞུགས་སོ།
  11. གཡུང་དྲུང་སྤྱི་བསྐངས་བཞུགས་སོ།
  12. སྟོན་པ་ཡབ་ཡུམ་སྲས་གསུམ་གྱི་བསྟོད་པ་བཞུགས་སོ།
  13. ཡི་དམ་བདེར་གཤེགས་གཙོ་བོ་བཞིའི་བསྟོད་པ་བཞུགས་སོ།
  14. ཇོ་བོ་གསས་ཆེན་རིགས་ལྔའི་བསྟོད་པ་བཞུགས་སོ།
  15. བོན་འཁྲོས་པའི་ལྷ་སྟག་ལ་མེ་འབར་གྱི་བསྟོད་པ་བཞུགས་སོ།
  16. ལྷ་གཞུང་གཏེར་མ་ཡིད་བཞིན་ནོར་བུ་བཞུགས་སོ།
  17. སྲིད་རྒྱལ་སྐང་གསོལ།
  18. སྤོས་རབས་ལེགས་པ་གཅིག་བཞུགས།
  19. རིག་འཛིན་རྩ་རྒྱུད་བླ་མ་བཞུགས་སོ།
  20. སྙན་འབེབས་སྙན་ལ་ཡིད་འཕྲོགས་བཞུགས།
  21. དགྲ་ལྷ་རྟ་ཐུགས་དཀར་པོ་བཞུགས།
  22. སྨན་མོའི་བསྟོད་པ་ལེགས་པ་གཅིག་བཞུགས།
  23. བཙན་ཆེན་སྡེ་བཞིའི་མཆོད་ཐབས་བཞུགས།
  24. ཡུལ་ལྷའི་གསོལ་མཆོད་བཞུགས།
  25. ཇོ་བོ་རྩ་རི་བ་དང་རྩི་འབྲིང་མ་རྐྱེན་མཁར་གསུམ་གྱི་བསྟོད་པ་བཞུགས།
  26. བསྟན་བཅོས་དང་གཤེགས་སོ་བཞུགས་སོ།
  27. མཆོས་བསྟོད་དང་བཀྲ་ཤིས་བཞུགས་སོ།

2,993 total views, 8 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།