གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་པ།

དེ་ཡང་སྔར་སྲོལ་བཞིན་བོད་ཟླ་༠༨ པའི་ཚེས་༠༡ ནས་༠༨ བར་ཉིན་བདུན་གྱི་རིང་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་ལོ་ལྟར་འཚོགས་སྲོལ་ཡོད་པ་བཞིན།

ད་ལན་ཡང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་དཔོན་གསས་བླ་མ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་ཁྱིམ་སྤང་རབ་བྱུང་སེམས་དཔའ་འདུལ་འཛིན་པ་བརྒྱ་ཕྲག་ལས་བརྒལ་བ་རྒྱལ་བ་གོང་མའི་ཕྱག་སྲོལ་ཇི་བཞིན་བོད་ཟླ་༨པའི་ཚེས་༡ནས་དབུ་བཙུགས་ཏེ་༧གདན་ས་འདིར་འཚོགས་ཡོད་པ་རེད། དེ་ཡང་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྫོགས་པའི་སངས་རྒྱས་དེ་ཉིད་ཡང་ཕྱི་རབས་སེམས་ཅན་རྣམས་ལ་དཔེ་བསྟན་ཕྱིར་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལ་གཟིགས་ནས་། རྒྱལ་སྲིད་འཁོར་དང་ཟང་ཟིང་རྣམས་སྤངས་ནས་གཅིག་པུ་རབ་བྱུང་དང་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དག་པ་དྲང་སྲོང་གི་བསྙེན་རྫོགས་མཛད་ཅིང་དཀའ་ཐུབ་རྣམ་གསུམ་གྱི་ལུང་ནོད་ནས་བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་ལོ་དགུ་མཛད་ཅིང་ཉིན་རེ་ཟས་འབྲི་རྡོག་རེ་དང་ཆུ་ཐིགས་པ་རེ་གསོལ་ནས་དཀའ་ཐུབ་རྣམ་གསུམ་མཐར་ཕྱིན་པར་མཛད་པ་དང་།  མཛད་པ་དེ་ཡང་<གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས་> རང་རྒྱུད་ཆེ་བའི་དྲེགས་པ་གཞོམ་ནས། གཞན་རྒྱུད་ཉོན་མོངས་ཀྱི་ཟུག་རྔུ་སངས་པ་དང་།  རང་ལུས་ཕུང་པོའི་སྟོབས་ཤེད་སྨད་ནས་། གཞན་དག་ལང་ཚོའི་སྒྱུ་མ་བསྒྱུར་བ་དང་། རང་ཉིད་དཀའ་ཐུབ་ཀྱི་སྙིང་རུས་བསྐྱེད་ནས།  གཞན་དག་དྲང་པོའི་ལམ་ལ་འཛུད་པ་དང་།  རང་ཉིད་འདུ་འཛིའི་གཡེང་བ་སྤངས་ནས།  གཞན་དག་ཐར་པ་ལ་སྤྲོ་བ་བསྐྱེད་པ་དང་།  རང་ཉིད་ལྷག་པའི་ཚུལ་ཁྲིམས་བསྲུངས་ནས།  གཞན་དག་འགྲོ་བ་དང་བ་འདྲེན་པའི་ཕྱིར་དུ་ཡིན་གསུངས་པས།  དེ་དང་ཚུལ་མཐུན་པའི་དཀའ་ཐུབ་ཆེན་མོའི་རིང་ལ་རང་རྒྱུད་ཀྱི་ཆེ་དྲེགས་དང་། ཕུང་པོའི་སྟོབས་ཤེད་དང་། དཀའ་ཐུབ་སྙིང་རུས་དང་། འདུ་འཛིའི་གཡེང་བ་དང་། ལྷག་པའི་ཚུལ་ཁྲིམས་སོགས་བསྲུང་བ་རྣམས་སྤྱིར་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་སྦྱང་ཚོགས་གཉིས་རྫོགས་ཕྱིར་ཡིན་ཞིང་། ཁྱད་པར་དུ་གཞན་རྒྱུད་ཀྱི་ཉོན་མོངས་སངས་པ་དང་། དྲང་པོའི་ལམ་ལ་འཛུད་པ་དང་། ཐར་པ་ལ་སྤྲོ་བ་བསྐྱེད་པ་དང་། དང་བ་འདྲེན་པ་སོགས་ཀྱི་ཕྱིར་དུ་དང་། གཞུང་ལས། བསྟན་པའི་སྲོག་ཤིང་འདུལ་བ་ཡིན། འདུལ་བའི་སྲོག་ཤིང་དཀའ་ཐུབ་ཡིན། གསུང་པ་བཞིན་འདུལ་བ་པ་རྣམས་ཀྱིས་དཀའ་ཐུབ་ཉམས་སུ་ལེན་པ་ནི་གནད་ཞིག་ཏུ་འཛིན་ནས། <གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས་>རབ་དཀའ་བ་མཐར་ཕྱིན་ཉམས་སུ་ལེན་པ་ནི། ཚེའི་དུས་ལ་བཟུང་སྟེ་ཉམས་སུ་བླང་བ་ནི། སྐྱེ་བ་དེ་ཉིད་ནས་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ།  འབྲིང་ནི་ཚད་འཛིན་ལོ་གསུམ་དུ་ཉམས་སུ་བླང་ན་དཀའ་བ་ཐུབ་པའི་ཚད་ལས་ཕྱིན་ཏེ་སྐྱེ་བ་དེ་ཉིད་ནས་འཁོར་བ་ལ་ཕྱིར་མི་ལྡོག་པར་དག་པ་གོང་འཕེལ་དུ་ས་ལམ་རིམ་གྱིས་བགྲོད་དོ། ཐ་མ་ནི་ཟླ་བ་དྲུག་དང་ཞག་བཞི་བཅུ་རྩ་དགུ་དང་ཞག་བདུན་དང་ལྔ་གསུམ་དང་དུས་ཆེན་གྱི་སྡེ་རྣམས་སུ་ཉམས་སུ་བླངས་ན། བསྐལ་པ་མ་འོངས་པའི་དུས་སུ། ནད་མུག་མཚོན་གསུམ་གྱི་བསྐལ་པ་ལས་ཐར་བ་དང་སྦྱིན་པ་རབ་ཏུ་གཏོང་བ་དང་ཚུལ་ཁྲིམས་རབ་ཏུ་བསྲུང་བ་དང་དགེ་བའི་དེད་དཔོན་ཆེན་པོ་འགྱུར་རོ། ཞེས་གསུངས་པས།  སྐབས་འདིར་ཐ་མའི་དབང་དུ་བྱས་ནས་ཞག་བདུན་གྱི་རིང་དུ་གཙང་མ་གཙུག་ཕུད་དང་དག་པ་དྲང་སྲོང་གི་ཁྲིམས་རྣམས་མིག་ལྟར་གཅེས་ཤིང་གཞུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཐོས་བསམ་སྒོམ་སྒྲུབ་སོགས་མདོར་ན་བོན་སྤྱོད་བཅུ་གསུམ་གྱི་སྒོ་ནས་ཉམས་ལེན་དང་མི་འབྲལ་བར་དུས་དེའི་རིང་དཀར་ཟས་ཁོ་ན་གསོལ་རྒྱུ་ལས་དམར་ཟས་ལ་སོགས་རྩ་སྤོང་དང་དེ་ཡང་གུང་ཚིགས་གསོལ་རྒྱུ་ཙམ་ལས་ཕྱི་དྲོའི་ཁ་ཟས་སྤོང་པ་དང་རྣམ་གཡེང་ལེ་ལོའི་དབང་དུ་མ་སོང་བར་དགོན་པའི་ཁོར་ཡུག་ལས་ཕྱི་ལོག་སོགས་གང་བྱུང་དུ་མི་ཕེབས་པར་བག་ཡོད་དང་སེམས་ལ་སྤྲོ་བ་དང་དད་པའི་སྒོ་ནས་ཞོགས་པའི་ཕྱག་ཚོད་ལྔ་པའི་ཐོག་སྒྲུབ་ཁང་ལྷ་མཆོད་ཀྱིས་གྷན་དྷེ་བརྡུང་ཟིན་རྗེས་མཆོད་དཔོན་གྱིས་དུང་ཚིགས་བཅུ་གསུམ་གཏོང་མཐར།

འདུལ་འཛིན་སེམས་དཔའི་སྡེ་རྣམས་འདུལ་ཁང་ཆེན་མོའི་སྟོན་པའི་སྐུ་བརྙན་དྲུང་དུ་གཙོ་ལ་འཁོར་གྱི་བསྐོར་བའི་ཚུལ་དུ་འཁོད་ནས། <གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས།> འོག་ན་པད་ཤུན་གདེང་བའི་གདན་ནི་བཏིངས།  སྐུ་ལ་དག་པའི་ན་བཟའ་རིགས་དྲུག་གསོལ་ནས་ནམ་ལངས་སུ་གཙང་ཞིང་དག་པའི་སྐུ་ཁྲུས་ནི་མཛད།  ཉི་མའི་རྩེ་ལ་བདེ་གཤེགས་པའི་མཚན་ཕྱག་ནི་འཚལ།   ཉི་མ་དྲོས་ལ་ཁ་ཟས་ཀྱི་བྱ་བ་ནི་མཛད་གསུངས་པས།

གཤེན་གྱི་འདུལ་འཛིན་པ་རྣམས་གདེང་བའི་གདན་ལ་བཞུགས་ཅིང་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་ན་བཟའ་རྨད་གོས་ལ་སོགས་སྐུ་ལ་གསོལ་ནས་དབུ་མཛད་ཀྱིས་གཤེན་གྱི་དགེ་སྤྱོད་ཆོ་གའི་དབུ་འཛུགས་ནས་རིམ་བཞིན་ཁྲུས་ཀྱི་ཚིག་བཤད་གསུངས་པ་དང་ཁྲུས་བྱ་བ་དང་༧སྐྱབས་རྗེ་དཔོན་གསས་བླ་མ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དུས་གསུམ་སངས་རྒྱས་ཀྱི་མཚན་ཕྱག་རེ་གསུང་པ་དང་འདུལ་མང་རྣམས་ཀྱིས་མཚན་ཕྱག་རེ་བརྗོད་ནས་ཕྱག་རེ་འཚལ་བ་སོགས་རྗེས་ཟློས་གནང་ནས་འདུལ་ཆོག་གི་ལྟུང་བཤགས་སོགས་གསུང་གནང་། ཚོགས་གྲལ་དུ་འཁོད་ནས་རྣམ་རྒྱལ་ཕྱག་བཤགས་གཤེན་རབ་སྤང་རྟོགས་སོགས་གསུངས་ནས་དགེ་སྤྱོད་ཀྱི་མདོ་ཆོག་ལས་ས་ཆོག་ནས་བཤགས་པ་ཡན་གསུངས་གྲུབ་རྗེས།  དེ་ནས་ཉི་མ་དྲོས་ལ་སླེབས་དུས་ཞོགས་ཟས་ལ་རོལ་བ་དང་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྐབས་བབ་ཀྱི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་སོགས་ཀྱི་དཔེ་ཁྲིད་བཀའ་དྲིན་བསྩལ། དེ་ནས་<གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས་>ཉི་མ་ཤར་ནས་དྲོས་ཆེན་དུ་མ་ཕྱིན་བར་དུ་བདེ་བར་གཤེགས་པ་རྣམས་དབྱིངས་ནས་སྤྱན་དྲོང་ཞིང་། མར་མེ་དང་མེ་ཏོག་དང་ཞལ་ཟས་དང་བདུག་སྤོས་དང་ལྷ་རྫས་ཀྱི་དྲི་ཆབ་དང་རོལ་མོ་དང་སྒྲ་སྙན་དང་མཆོད་བརྗོད་དང་བསྟོད་ཚིག་གིས་མཆོད་པ་འབུལ་ལོ་གསུངས་པ་ལྟར་དགེ་སྤྱོད་ཀྱི་མདོ་ཆོག་དང་པང་ཀོང་སོགས་ནས་མཆོད་པ་དང་སྐུ་བསྟོད་སོགས་ཀྱི་ཚིག་བཤད་བརྗོད་ནས་རང་གཞན་སྒྲིབ་གཉིས་སྦྱང་ཞིང་ཚོགས་གཉིས་བསགས་ཕྱིར་དུས་གསུམ་བདེ་གཤེགས་རྣམས་ལ་རྣམ་ལྔ་སོགས་ཇི་སྙེད་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པར་བཤམས་ནས་དངོས་འབྱོར་ཡིད་སྤྲུལ་གྱིས་མཆོད་པ་རྒྱ་ཆེར་ཕུལ།  <གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས་>དེ་ནས་ཁ་ཟས་མཛད་དེ་ཉིན་ཕྱེད་དུ་མ་ཕྱིན་བར་དུ་བདེ་བར་གཤེགས་པ་སྐུ་གདུང་དང་སཱཙྪ་དང་མཆོད་གཏོར་གྱི་ཆོ་ག་མཛད་དོ། ཅེས་གསུངས་པས།  མཆོད་གཏོར་གྱི་སྔོན་འགྲོ་བོན་སྤྱོད་རྣམས་གྲུབ་རྗེས་རང་གཞན་གྱི་རྒྱུད་ཀྱི་སྒྲིབ་གཉིས་སྦྱང་ཞིང་བུ་ལོན་ལན་ཆགས་སོགས་གསོབ་ཕྱིར་གསེར་དངུལ་ཟངས་ལྕགས་སོགས་གང་རིགས་ཀྱི་གཏོར་གཞོང་ནང་དུ་བདུད་རྩིའི་ཁྲུས་ཆབ་རྣམས་ལེགས་པར་བཤམས་ཤིང་མཆོད་གཏོར་རྩིས་མགོ་བདུན་པ་དང་བདུད་རྩི་ཆུ་རྒྱུན་ལན་ཆགས་གཏོར་མ་སོགས་ཀྱི་ཚིག་བཤད་གསུངས་ནས་སྲིད་ཞི་དང་ཡོན་ཏན་ལན་ཆགས་སྙིང་རྗེའི་མགྲོན་རྣམས་ལ་འཁོར་གསུམ་དམིགས་མེད་ཀྱི་སྦྱིན་པ་རྒྱ་ཆེར་འབུལ་ཞིང་བསྔོ་བ་སྨོན་ལམ་སོགས་གནང་།

དེ་ནས་ཉིན་གུང་གསོལ་ཚིགས་ཀྱི་དུས་སུ་འདུལ་བའི་གཞུང་བཞིན་གཙང་གཙུག་པ་རྣམས་ཀྱིས་དྲང་སྲོང་པ་རྣམས་ལ་གསོལ་ཟས་འདྲེན་ནས་དཀོན་མཆོག་རྗེས་སུ་དྲན་པའི་མདོ་དང་ཟས་མཆོད་གཤེན་ལྷ་འོད་དཀར་སོགས་བརྗོད་ནས་དཀོན་མཆོག་སོགས་ལ་ཡར་མཆོད་ཀྱི་ཟས་ཕུད་དཀར་ཧྲུག་འབུལ་བ་དང་། དཀར་གསུམ་གྱི་ཟས་སྣ་ཕུན་སུམ་ཚོགས་པའི་ཞལ་ལག་མཆོད་གྲུབ་རྗེས་མར་སྦྱིན་ཟས་ལྷག་གི་ལན་ཆགས་བཅའ་ནས་ལྷག་བསྔོ་སོགས་བརྗོད་ལ་རིགས་དྲུག་རྣམས་ལ་སྦྱིན་པ་བཏང་།

དེ་ནས་འདུལ་ཁང་སྒོ་འབྱོར་དུ་ཞལ་ཡར་གྱུ་ནས་དགེ་སྤྱོད་ཀྱི་མདོ་ཆོག་ལྟར་བསྐོར་བའི་ཡན་ལག་གསུང་རྗེས་ཨ་དཀར་སོགས་དབྱངས་རྟ་ལ་བསྐྱོན་ནས་འདུལ་ཁང་དང་སྐུ་གདུང་སོགས་ལ་ཞབས་རྗེན་གྱིས་བསྐོར་བ་ལན་གསུམ་ཕེབས་ནས་ཨ་དཀར་གྱི་འཛབ་བསྟོད་སོགས་གསུང་། དེ་ནས་<གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས་>ཉི་མ་ཕྱེད་ནས་དགོང་མོ་རུ་མ་ཕྱིན་གྱི་བར་དུ་གདན་གཅིག་ཏུ་བཞུགས་ཏེ་བདེ་བར་གཤེགས་པའི་ཐུགས་འཛབ་སྙིང་པོ་རྣམ་གསུམ་རིམ་པར་བཟླའོ།  ཞེས་གསུངས་པས། ཕྱི་དྲོའི་དུས་མ་ཟིན་གྱི་བར་དུ་སྙིང་པོ་རྣམ་གསུམ་བཟླ་བ་དང་ཁ་འདོན་དགེ་སྦྱོར་སོགས་གནང་།  ཕྱི་དྲོའི་ཕྱག་ཚོད་༥།༣༠ནས་ཕྱག་ཚོད་གཅིག་གི་རིང་ལ་མདོ་སྔགས་སེམས་གསུམ་གྱི་ཚིག་དོན་རྣམས་འཆད་ར་ཐོས་བསམ་དགའ་ཚལ་གླིང་དུ་རྩོད་སྦྱང་གནང་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་།  དེ་ནས་<གཤེན་གྱི་དཀའ་ཐུབ་ཀྱི་མདོ་ལས་>དགོང་མོ་ནས་སྲོད་དུ་མ་ཕྱིན་གྱི་བར་དུ་འབྱུང་པོ་དང་ལན་ཆགས་གླུད་ཀྱི་གཏོར་མ་གཏོང་ཞིང་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བོ།  ཅེས་གསུངས་པས།

འདུལ་མང་རྣམས་འདུལ་ཁང་ཆེན་མོའི་སྒོ་འབྱོར་ནས་ཞལ་མར་གྱུ་ནས་གཤེན་གྱི་དགེ་སྤྱོད་མདོ་ཆོག་ལྟར་ལན་ཆགས་གླུད་ཀྱི་ཚིག་བཤད་དང་མདོ་ཟློག་གསུང་ནས་གླུད་དང་ཉུ་ལེ་བཀར་བ་དང་ཞལ་ཡར་གྱུ་ནས་ཞི་གྱུར་དང་སྨོན་ལམ་སོགས་གདབ།  ཚོགས་གྲལ་དུ་འཁོད་ནས་རྣམ་རྒྱལ་ནོར་བུའི་སྨོན་ལམ་དང་གཏོར་མའི་སྨོན་ལམ་ས་བཅུ་སྨོན་ལམ་སོགས་རྣམ་པ་གསུམ་གསུང་གྲུབ་རྗེས། དཔོན་གསས་བླ་མ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསྔོ་བ་བདེ་ལེགས་ཀུན་འབྱུང་མ་གསུང་ཞིང་མཆོད་འབྲེལ་བྱུང་བའི་རྒྱུ་སྦྱོར་ཡོན་གྱི་བདག་པོ་བདག་མོ་དང་ཚེ་འདས་རྣམས་ཀྱི་མིང་བྱང་རེ་རེ་བཞིན་ཀློག་ནས་འདུལ་མང་དང་བཅས་པས་བསྔོ་བ་སྨོན་ལམ་གནང་ནས་འོ་མ་གསོལ།

དེ་ནས་མཚན་མོའི་ཕྱག་ཚོད་༡༠ པ་མ་ཟིན་གྱི་བར་དུ་གྲྭ་ཤག་སོགས་སུ་ཕེབས་མི་ཆོག་པར་ལ་ལས་སྟོང་ཉིད་ལ་སོགས་གནས་ལུགས་ཀྱི་དོན་སྒོམ་པ་དང་། ལ་ལས་ཁ་འདོན་དགེ་སྦྱོར་བྱེད་པ་དང་། ལ་ལས་དཔེ་ཆ་བློ་འཛིན་བྱེད་པ་དང་། ལ་ལས་དཔེ་གཟིགས་གནང་བ་དང་། ལ་ལས་འཆད་ཉན་བྱེད་པ་དང་།  ལ་ལས་ཕྱག་འཚལ་བ་དང་། ལ་ལས་སྐོར་བ་བྱེད་པ་དང་། ལ་ལས་སྟོན་པའི་རྣམ་ཐར་ཀློག་པ་མདོར་ན་བོན་སྤྱོད་བཅུ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་སོགས་ཉིན་བཞིན་ནན་འཁོར་རོ།  དཀའ་ཐུབ་ཆེན་མོའི་རིང་དུ་རྒྱུན་ལྡན་དང་མི་འདྲ་བར་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་ལ་སོགས་ལྷག་ཏུ་གཅེས་ཤིང་རྣམ་གཡེང་ལེ་ལོ་ལ་སོགས་ཀྱི་དབང་དུ་མ་ཤོར་བར་མཚན་བཅས་དང་མཚན་མེད་ཀྱི་དགེ་བ་སོགས་ལ་འབད་འབུངས་དམིགས་བསལ་གནང་ཞིང་སེམས་ལ་དང་བ་དང་མོས་པ་དང་སྤྲོ་བ་སོགས་ལྡན་པས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ཞིང་གཤེགས་པ་མཆོག་གིས་དཀའ་ཐུབ་ཟེར་ན་འདུལ་བ་པའི་ལོ་གསར་ཡིན་ཞེས་སོགས་གསུངས་མྱོང་ཡང་ཡོད།  ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོའི་གནས་ཚུལ་ཙམ་དུ་ཁྱུངཿཁྲི་རྒྱལ་པས་བསྡུས་པའོ།