གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་གི་མཛད་རྣམ་མདོར་ཙམ་བརྗོད་པ།

དེ་ཡང་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ཆེན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤་པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་ནི། བོད་གངས་ཅན་ལྗོངས་ཀྱི་མདོ་སྨད་ས་ཡི་ཆར་དུ་གཏོགས་པ། རྒྱ་བོན་ཟིང་པ་མཐུ་ཆེན་ལ་སོགས་སྔོན་བྱོན་ཞང་བོད་རིག་འཛིན་གོང་མ་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས་ཆེན་བྱང་བྱ་དུར་སྔོན་མོ་དང་ཤར་དུང་རི་དཀར་པོའི་ཉེ་འདབས་སུ་ཆགས་པའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལུང་ཟིང་ཆུ་རུ་འབོད་པའི་ས་གནས་དེར། བཤད་སྒྲུབ་བསྟན་པའི་བསྟི་གནས་༧དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་འབངས་སུ་གཏོགས་པ། མ་ཡོན་སྡེ་བའི་ཕྱུག་ཕྲུག་ཚང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་དེར།  ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་ཆུ་ཕོ་བྱི་བའི་ལོ་སྟེ།  ཕྱི་ལོ་ ༡༩༧༢ཟླ་བ་ ༡༡ ཚེས་ ༢༩ ཉིན་སྐུ་བལྟམས་ཏེ་མཚན་ལ་ནོར་བུ་བསམ་འཕེལ་ཞེས་སུ་གསོལ། ཕྱི་ལོ་༡༩༧༧་ལོ་སྟེ། དགུང་ལོ་ལྔ་བཞེས་ནས་ས་གནས་སློབ་ཆུང་དུ་ཞུགས་ནས་འཛིན་རིམ་གཉིས་པའི་བར་སློབ་གྲྭར་ཕེབས། དགུང་ལོ་བརྒྱད་བཞེས་ཐོག་དགེ་བའི་བཤེས་གཉེན་ཆེན་མོ་སྒྲ་ཏོག་དཔལ་ཆེན་སྐྱབས་མཆོག་གི་མདུན་ནས་ཞང་བོད་ཤེས་རིག་གི་གཞི་མ་ཀ་ཁ་ནས་དབུ་བཟུང་ཏེ་བོན་སྤྱོད་སྐྱབས་འགྲོའི་ངག་འདོན་སོགས་ལ་སྦྱངས་པར་མཛད། ཕྱི་ལོ་༡༩༨༣་ལོར་དགུང་ལོ་བཅུ་གཅིག་བཞེས་སྐབས་༧དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་ཁྱུང་ཚ་བསྟན་པ་གོང་འཕེལ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཚེ་རིང་སྐྲ་ཕུད་ཞུས་ཏེ་མཚན་ལ་བཟོད་པ་བརྩོན་འགྲུས་ཞེས་གསོལ་ཞིང་སེམས་དཔའ་འདུས་པ་རྒྱ་མཚོའི་སྒྲིག་ཁོངས་སུ་ཐོག་མར་ཕེབས། དེ་བཞིན་མཁས་བཙུན་དམ་པ་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གི་མདུན་ནས་ཀྱང་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་ཞུས་ཤིང་། རིམ་བཞིན་སློབ་གཉེར་གྱི་མཛད་པ་བསྐྱངས་ཏེ་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་འདོན་ཕྱག་ལེན། གྱེར་རྡུང་དབྱངས་སོགས་ལ་སྦྱངས་པར་མཛད། དེ་བཞིན་དགོན་པའི་སྒྲིག་རྒྱུགས་ཀྱི་གོ་རིམ་ལྟར་དུང་པ་ཇ་འདྲེན་དང་།  མཆོད་དཔོན། འཆམ་པོ་བ་སོགས་ཀྱི་ཐུགས་འགན་དུ་མ་བཞེས། དགུང་གྲངས་བཅུ་བདུན་ལ་ཕེབས་པའི་སྐབས་༧དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་མཁན་པོ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་དང་སློབ་དཔོན་དམ་པ་སྐལ་བཟང་དར་རྒྱས་རྣམ་གཉིས་མཁན་སློབ་ཏུ་བཞུགས་པའི་དྲུང་དུ་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས་ཤིང་མཚན་ལ་ཚུལ་ཁྲིམས་ཉི་མ་ཞེས་སུ་གསོལ། ལོ་དེར་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གི་མདུན་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྐོར་ལ་སྦྱངས་པ་གནང་། ཕྱི་ལོ་༡༩༩༢་ལོར། དགུང་གྲངས་ཉི་ཤུ་བཞེས་ནས་༧དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་བཤད་གྲྭར་དངོས་སུ་འཛུལ་ཞུགས་གནང་ཏེ་སློབ་དཔོན་ཡེ་ཤེས་རྒྱལ་མཚན་མཆོག་གི་མདུན་ནས་ཐུན་མོང་སྡུད་གྲྭ་ནས་བཟུང་ཏེ། ཚད་མའི་གཞུང་ལུགས་དང་།  ས་དང་ལམ་གྱི་རྣམ་བཞགཟབ་མོ་ཤེར་ཕྱིན་གྱི་གཞུང་ལུགས་སོགས་ལ་གསན་བསམ་མཛད། ཕྱི་ལོ་༡༩༩༤་ལོར། དགུང་གྲངས་ཉེར་གཉིས་བཞེས་པའི་སྐབས་དེར། འཛམ་གླིང་དུས་ཀྱི་ཡོ་ལང་གི་སོ་མཚམས་སུ་བོན་འབངས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལྷ་སྐལ་དུ་བབ་པའི་བསྟན་པ་དང་འགྲོ་བའི་མགོན་དང་དཔུང་གཉེན་དུ་བྱོན་པ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ཉིད།  རྒྱ་གར་འཕགས་པའི་ཡུལ་ནས་ཁ་བ་གངས་ཅན་གྱི་ལྗོངས་སུ་ཆིབས་བསྒྱུར་བཀའ་དྲིན་ཐེངས་དང་པོར་བསྐྱངས་པའི་སྐབས།  གང་ཉིད་ཀྱིས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣་པའི་གསེར་ཞལ་ཐོག་མར་མཇལ་བའི་རྟེན་འབྲེལ་ཤར།  དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཞུས།  ཚུལ་མཚན་དུ་ཟླ་བ་དར་རྒྱས་དབང་པོ་ཞེས་སུ་གསོལ།  དེ་ནི་སྨན་རིའི་མཁན་ཆེན་ཉི་མའི་མཚན་ཅན་གྱི་རྗེས་སུ་ཟླ་བའི་མཚན་ཅན་གང་ཉིད་སྨན་རིའི་མཁན་ཆེན་སོ་བཞི་པར་ཕེབས་རྒྱུ་ཡིན་པ་ཉི་ཟླ་རེ་མོས་ཀྱི་དཔེ་བཞིན་རྟེན་འབྲེལ་མ་སྒྲིག་རང་འགྲིགས་སུ་གྱུར།  ཕྱི་ལོ་༡༩༩༦་ལོ་སྟེ་དགུང་ལོ་ཉེར་བཞིའི་སྟེང་༧དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དབུས་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས། སྔ་ཕྱིར་དགོན་པའི་མཚན་ཉིད་དགེ་སྐོས་དང་། ཚོགས་ཆེན་དགེ་སྐོས་སོགས་ཀྱི་ཐུགས་འགན་ཡང་གནང་། ཕྱི་ལོ་༡༩༩༧་ལོར། དགུང་གྲངས་ཉེར་ལྔ་བཞེས་པའི་ལོ་འཇུག་ཏུ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིིའི་གླིང་དུ་སློབ་གཉེར་ལ་ཕེབས་པའི་འདུན་པ་ཐུགས་ལ་འཁྲུངས་ཏེ་མཆེད་གྲོགས་ཐབས་མཁས་རྒྱ་མཚོ་དང་ལྷན་ཞབས་ཟུང་རྒྱ་གར་འཕགས་པའི་ཡུལ་ལ་ཕྱོགས་ཤིང་དཀའ་བརྒྱ་ཕྲག་བཞེས་ཀྱིས། ལོ་དེའི་ཕྱི་ཟླ་༡༠་ཚེས་༠༧་ཉིན། འཕགས་ཡུལ་བོན་གཞིས་ཐོབ་རྒྱལ་གསར་པ་རུ་༧སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོས་ཕྱི་ལོ་༡༩༧༠་ལོར་ཕྱག་བཏབས་པའི་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་མཁན་སློབ་ཟུང་གི་གསེར་ཞལ་མཇལ། ཇི་སྐད་དུ།  རབ་ཏུ་མ་བྱུང་གྲལ་ཏུ་མི་བཞུགས།  ཞེས་པ་གསུངས་པ་ལྟར་གདན་ས་སྨན་རིའི་སྔ་སྲོལ་ལྟར་གཙང་ཁྲིམས་ཀྱི་སྡོམ་པ་མནོས་ཤིང་བསླབ་གསུམ་འདུས་པ་རྒྱ་མཚོའི་ཚོགས་གྲལ་དུ་འཁོད།  ཕྱི་ཚེས་༡༠་ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་འཛུལ་ཞུགས་གནང་།  དུས་དེ་ནས་བཟུང་༧དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་གཙོ་བོར་གྱུར་བའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་བཏུགས་ཏེ།  གདན་ས་སྨན་རིའི་རྩ་བའི་ཡིག་ཆ་རྣམ་གསུམ་སྟེ། ༧གཡས་རུ་དབེན་ས་ཁའི་སྟོན་པ་བརྒྱད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་བཀའ་བརྟེན་ཁག་དང་། ༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འཕྲུལ་སྒྲོན་རྣམ་ལྔ་སོགས་དང་། ༧སྨན་རིའི་མཁན་རབས་ཉེར་གཉིས་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མཛད་པའི་བཀའ་བརྟེན་གསུང་རབ་རྣམས་གཞིར་བཟུང་ཏེ། ཞང་བོད་ཤེས་རིག་གི་དྭངས་མ་གཡུང་དྲུང་གི་བོན་རིན་པོ་ཆེ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་གཙོ་བོར་གྱུར་བའི་རྒྱལ་བའི་བཀའ་དང་བཀའ་བརྟེན་ཁག་དང་། ཐུན་མོང་རིག་པའི་གནས་ཀུན་ལ་སླར་ཡང་བགྲང་བྱ་བཅུ་བཞིའི་རིང་གསན་བསམ་ཚུལ་བཞིན་དཔྱིས་ཕྱིན་པར་མཛད་པའི་འབྲས་རྟགས་སུ། ཕྱི་ལོ་༢༠༡༢་ལོ་སྟེ་བོད་ཆུ་ཕོ་འབྲུག་གི་ལོར་དགུང་གྲངས་༣༩་སྟེང།  ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་དབུས་བཞུགས་ཐོག་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོ་པན་བཞེས་པར་མཛད། དེར་མ་ཟད་ཐོས་བསམ་སློབ་གཉེར་གྱི་ཞོར་དུའང་རིམ་བཞིན་བཤད་སྒྲུབ་འདུས་སྡེའི་གཉེར་པ་དང་། མཚན་ཉིད་དགེ་སྐོས།  ཚོགས་གཞོན།  ༧དཔལ་ལྡན་སྨན་རིའི་གྲྭ་ཚང་གི་གཉེར་ཆེན། ༧གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་གཉེར་པ། ༧སྨན་རི་ཚང་གི་ལས་གཉེར་སོགས་གནང་། སྐབས་བསྟུན་གྱིས་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་མཚན་ཉིད་དཔེ་ཁྲིད་དང་རིག་གནས་དཔེ་ཁྲིད་ཀྱང་གནང་། ཁྱད་པར་དུ་སུམ་ལྡན་རྩ་བའི་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣་པའི་ཞལ་སྔ་ནས། ཕྱི་ལོ་༢༠༠༤་ལོར་བོན་ནང་རྒྱུད་དང་གསང་རྒྱུད་ཀྱི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་དང་། ཕྱི་ལོ་༢༠༡༣་ལོར་བོན་ཕྱི་རྒྱུད་ཀྱི་དབང་ལུང་མན་ངག་དང་།  སླར་ཡང་ཡི་དམ་གསས་མཁར་མཆོག་ལྔའི་དབང་ལུང་སོགས་༧གདན་ས་སྨན་རིའི་མཁན་རབས་རིམ་བྱོན་ནས་བརྒྱུད་པ་ཟམ་མ་ཆད་པའི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་བཞེས་པར་མཛད། དེ་བཞིན་ཟབ་མོ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་ཞང་ཞུང་སྙན་བརྒྱུད་ལ་སོགས་བླ་མེད་སེམས་ཕྱོགས་ཀྱི་བཀའ་རྒྱུད་རྣམས་ཁྲིད་ལུང་མང་དུ་ཐོབ།  ལྷག་དོན་དུ་ཕྱི་ལོ་༢༠༡༢་ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་ནས་བཟུང་༧དཔོན་གསས་བླ་མའི་བཀའ་དགོངས་ལྟར་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྤྱི་གཉེར་ཆེན་མོ་དང་། ཕྱི་ལོ་༢༠༡༥་ལོ་ནས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས་ཏེ་ཕྱག་ལས་རྒྱ་ཆེར་གནང་། ཕྱི་ལོ་༢༠༡༧་ལོའི་ཟླ་༩་ཚེས་༡༤་ཉིན་སྟེ། བོན་འབངས་ཡོངས་ལ་ཆེས་གྱོང་གུད་གོད་ཆག་བྱུང་བ་ནི།  བོན་འབངས་ཡོངས་ཀྱི་སྙིང་ཁུང་ནས་ཤར་བའི་གསེར་གྱི་ཉི་མ་སྟེ།  བྱམས་དང་བརྩེ་བའི་བདག་ཉིད་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་བླ་ཆེན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་ཉིད་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་འབྱུང་ཕྱིར།  སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་ཤིན་ཏུ་ནས་ཡིད་སྐྱོ་བའི་གནས་ཚུལ་བྱུང་བའི་སྐབས་སུའང་།  ༧སྐྱབས་རྗེ་བདེ་བར་གཤེགས་པའི་སྐུ་གདུང་ཞུགས་འབུལ་གྱི་མཆོད་ཚོགས་རྒྱ་ཆེར་བསྒྲུབས་པའི་ཐུགས་འགན་གཙོར་བཞེས་མཛད། དེ་རྗེས་ཕྱི་ཟླ་༡༡་ནང་ནས་ ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མས་ཐུགས་འགན་གཙོ་བོར་བཞེས་ཏེ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གཙོས་པའི་བོད་ཕྱི་ནང་གཉིས་སུ་བཞུགས་པའི་༧ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་བླ་སྤྲུལ་ཆེ་ཁག་དང་གནད་ཡོད་མི་སྣ་མང་པོར་རིམ་པས་བཀའ་བསྡུར་ལྷུག་པོར་གནང་ཏེ། ༧གདན་ས་སྨན་རིའི་གླིང་དུ་སྔར་སྲོལ་བཞིན་དགེ་བའི་བཤེས་གཉེན་དྲུག་ཅུ་ལྷག་གི་མཚན་བྱང་བསྡུས་ཏེ།  ཕྱི་ལོ་༢༠༡༧་ཟླ་༡༢་ཚེས་༢༢་ཉིན་ནས་དབུ་འཛུགས་ཀྱིས་༧སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་བོན་སྐྱོང་དམ་ཅན་རྒྱ་མཚོར་ཚོགས་མཆོད་དང་སྔོན་འགྲོའི་སྒྲུབ་ཞག་བཟུང་སྟེ་ཕྱི་ཚེས་༢༧་ཉིན་སྔོན་འགྲོའི་རྟགས་བསྒྲིལ་དང་།  དེ་ནས་དངོས་གཞིའི་སྒྲུབ་པ་བཟུང་ཞིང་ཕྱི་ལོ་ ༢༠༡༨ཟླ་བ་༡་ཚེས་༡་གཟའ་ཟླ་བ་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་བསླུ་མེད་བོན་སྐྱོང་སྲུང་མ་དམ་བདར་གྱིས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་དབུས་པའི་དད་ལྡན་བོན་འབངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབས་པ་བཞིན།  དགེ་བའི་བཤེས་གཉེན་ཆེན་མོ་ཟིང་ཆུ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་ཉིད་ཞྭ་དཀར་རིང་ལུགས་འཛིན་པ་རྣམས་ལ་མེ་ཏོག་གང་ལ་བབ་པའི་ལྷ་སྐལ་བཞིན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པར་རྟགས་བསྒྲིལ་བབས་པའི་རྟེན་འབྲེལ་མཚན་མས་ས་སྟེང་ཁྱབ་པར་གྱུར།  དུས་དེ་ནས་བཟུང་༧རྒྱལ་བ་སྨན་རི་བའི་གསེར་ཁྲིར་མ་ཕེབས་པར་དུ་ཐུགས་དམ་གཙོ་བོ་ཡི་དམ་དབལ་ཕུར་ཆེན་མོའི་བསྙེན་སྒྲུབ་དང་མཉམ་མེད་བླ་མ་སྒྲུབ་པའི་ཚོགས་མཆོད་རྒྱ་ཆེར་ཕུལ་བར་མཛད། ཕྱི་ལོ་༢༠༡༨་ཟླ་༢་ཚེས་༢༠་དང་། བོད་ས་ཁྱི་ལོའི་ཟླ་༡་ཚེས་༥་སྟེ།  ༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་མཆོད་དུས་ཚེས་ཁྱད་པར་ཅན་གྱི་ཉིན།  ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་གཙོས་པའི་རྒྱལ་ཕྱི་ནང་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱིས་རྟེན་འབྲེལ་ལྷ་དར་དཀར་པོས་སྣེ་དྲངས་ཏེ་༧སྨན་རིའི་གཙུག་ལག་ཁང་གི་༧རྒྱལ་བ་སྨན་རི་བའི་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་ལ་མངའ་གསོལ་རྟེན་འབྲེལ་མཛད།  དེ་རྗེས་ཕྱི་ཟླ་༣་ཚེས་༢༡་ཉིན་བལ་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་འཚམས་འདྲིའི་མཇལ་འཕྲད་དང་། དེ་བཞིན་རྒྱ་བལ་ནང་བཞུགས་གནད་ཡོད་བླ་ཆེན་དཔོན་ཆེན་ཁག་ལ་མཇལ་འཕྲད་ཀྱིས་སྤྱི་སྒོས་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་བགྲོས་དང་གསུང་གླེང་ཞིབ་ལྷུག་མཛད། སླར་༧གདན་ས་སྨན་གྱི་རི་བོར་ཞབས་སོར་འཁོད་ཅིང་ཉིན་བཞིན་ཐུགས་དམ་ཉམས་ལེན་དང་བསྟན་པ་འཛིན་སྐྱོང་གི་ཐུགས་འགན་བླ་མེད་བཞེས་བཞིན་བཞུགས་མུས་ཡིན་པ་བཅས་མཛད་རྣམ་མདོར་བསྡུས་སུ་༧སྨན་རིའི་བླ་བྲང་གི་དྲུང་ཡིག་མིང་ཙམ་འཛིན་པ་ཚབ་ཚ་རིན་ཆེན་རྒྱལ་མཚན་གྱིས་ཕྱི་ལོ་༢༠༡༨་ཟླ་༥་ཚེས་༥་ཉིན་སྦྱར་བ་དགེའོ།