གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་བསྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོའི་ཉིན་ཐ་མ།

ཕྱི་ལོ་༢༠༡༨ཟླ་༩ཚེས༧ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩།༣༠ཐོག ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག  དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག  བོད་མི་སྒྲིག་འཛུགས་ཀྱི་ཆོས་རིགས་དྲུང་ཆེ་དང་ཆོས་རྒྱུད་ཁག་གི་སྐུ་ཚབ་རྣམ་པ། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ། གཡུང་དྲུང་བོན་གྱི་ཆོས་ཚོགས་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན།  གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ཆོལ་ཁའི་འཐུས་མི་རྣམ་པ། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བོན་གཞིས་ཌོ་ལན་ཇི་ཉིན་སློབ་ཀྱི་སློབ་སྤྱི་དང་།  གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་དབུ་འཛིན་སོགས་གཙོས་པའི་སེར་སྐྱ་མི་མང་ལྷན་རྒྱས་བསྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་ཆེན་མོའི་ཚོགས་རར་བཞུགས་གདན་འཁོད་མཚམས་སུ་མཛད་སྒོ་གཙོ་སྐྱོང་པ་ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོ་དང་དགེ་བཤེས་ཚེ་དབང་དངོས་གྲུབ་རྣམ་གཉིས་ཀྱིས་བོད་སྐད་དང་དབྱིན་སྐད་ཟུང་ནས་མཛད་སྒོའི་དབུ་འཛུགས་ཀྱི་གཙོ་སྐྱོང་གནང་བ་དང་།

༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་སྐུ་མགྲོན་དང་མི་མང་ཡོངས་ལ་བྱོན་པ་ལེགས་ཀྱི་ཕེབས་བསུའི་གསུང་བཤད་དང་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གསར་བསྐོས་ཐད་ངོ་སྤྲོད་མདོར་བསྡུས་དང་གལ་ཆེན་གྱི་བྱ་བཞག་དེ་རྣམས་ལམ་ལྷོང་ཡོང་བར་རྒྱ་ཆེའི་བོན་འབངས་ཡོངས་ཀྱི་རྒྱབ་སྐྱོར་རོགས་རམ་ཚད་མེད་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་།

དེ་ནས་སམ་བྷོ་ཊ་བོན་གཞིས་ཉིན་སློབ་ཟློས་གར་གྱིས་རྟེན་འབྲེལ་གྱི་ཐོག་མར་དབུ་འབྱེད་པའི་༼བཀྲ་ཤིས་ཞོགས་པ་༽ཞེས་པའི་ཞབས་བྲོ་ཞིག་གཟིགས་འབུལ་ཞུས། 

དེ་ནས་༧དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བརྟན་འཕེལ་མཆོག་གིས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་གསར་བསྐོས་ཐད་ལམ་ལུགས་གཞིར་བཟུང་ཐོག མཚན་བྱང་བསྡུ་རུབ་གནང་ཡ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ལྷ་སྲུང་རྣམས་ལ་བདེན་པ་བདར་ཡ་བཀའ་གྲོས་གནང་ཡ་སོགས་ཚད་དང་ལྡན་པ་ཡིད་སྨོན་བྱེད་ཡའི་གནས་སུ་ཆགས་ཚུལ་སོགས་ཀྱི་བསྔགས་བརྗོད་གནང་བ་དང་། དེ་བཞིན་སྤྱིར་ན་འཛམ་བུ་གླིང་གི་ཆོས་ལུགས་ཐམས་ཅད་དང་སྒོས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྣམས་ནང་ཕན་ཚུན་འཆམ་མཐུན་དང་དམ་ཚིགས་རྡོག་རྩ་གཅིག་སྒྲིལ་དགོས་ཚུལ་སོགས་ཀྱི་བཀའ་སློབ་ཟབ་གནད་ཁེལ་བ་གནང་བ་དང་།

དེ་ནས་༧དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཆོས་སྲིད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་དེར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣ཞིང་གཤེགས་མཆོག་དང་ཡོངས་འཛིན་རིན་པོ་ཆེ་ལ་སོགས་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ངལ་ཚད་མེད་གནང་ནས་བོན་གྱི་ཆོས་རྒྱུད་མི་ཉམས་སླར་གསོ་བྱེད་པ་དང་སྲ་བརྟན་དུ་གནས་ཐུབ་པར་བྱུང་བ་རྣམས་ཁོང་རྣམས་ཀྱི་བཀའ་དྲིན་ཡིན་ཚུལ་དང་དམ་པ་ཁོང་སྐུ་གཤེགས་ཚེ་མི་ཐོག་རྒན་པ་རྣམས་རིམ་བཞིན་ཕེབས་འགྲོ་དུས་ང་ཚོར་ལས་འགན་ཆེན་པོ་ཕྲག་ཏུ་བབ་ཡོང་བའི་མྱོང་ཚོར་དང་སེམས་ཕམ་ཆེན་པོ་བྱུང་ཚུལ་སོགས་དང་མཐར་དོན་དུ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་བདམས་ཐོན་སྐབས། སྲོལ་རྒྱུན་ལམ་ལུགས་དང་མཐུན་པ་རྒྱལ་རབས་ལོ་རྒྱུས་དང་མཐུན་པ་ཧ་ལས་པའི་གཟི་བརྗིད་ཆེན་པོ་ཡིན་ཚུལ་སོགས་ཀྱི་བསྔགས་བརྗོད་གནང་བ་དང་།

དེ་རྗེས་སམ་བྷོ་ཊ་བོན་གཞིས་ཉིན་སློབ་ཟློས་གར་གྱིས་རྔ་དང་རོལ་མོ་གླིང་བུ་སོགས་ཀྱི་སྒྲ་དང་བཅས་སེང་འཆམ་ཞིག་འཁྲབ་སྟོན་ཕུལ་བ་དང་།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གིས་༧སྐྱབས་རྗེ་ཞིང་གཤེགས་པའི་ལོ་འཁོར་དགོངས་རྫོགས་མཆོད་འབུལ་དང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པའི་བསྐལ་བཟང་དགྱེས་སྟོན་སོགས་ཀྱི་དད་ལྡན་སྦྱིན་བདག་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་ཞལ་ཐང་རེ་བསྩལ་གནང་།

དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་༼མོན་ཡུལ་ནས་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས་༽དཔེ་དེབ་ཞིག་དབུ་འབྱེད་གནང་བ་དང་།

དེ་རྗེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་གྱི་མཚན་གནས་བདག་གི་ཐོག་ཏུ་བབས་པར་འབྲེལ་ཡོད་ཀྱི་བླ་ཆེན་དང་སྐྱེས་ཆེན་བོན་འབངས་ཡོངས་ཀྱིས་ཡིད་ཆེས་དང་ཆ་འཇོག་གནང་བ་ལ་ཐུགས་རྗེ་ཆེ་ཞེས་གསུང་བ་དང་སྦྲགས། དེ་སྔ་ཡིན་ནའང་རྣམ་པ་ཚོས་རྒྱབ་སྐྱོར་དང་ཡིད་ཆེས་ཚད་མཐོར་གནང་བ་དང་མུ་མཐུད་ནས་རྒྱབ་སྐྱོར་དང་ལམ་སྟོན་གནང་བའི་འབོད་བསྐུལ་དང་དེ་བཞིན་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་འཕེལ་གཏོང་བ་དང་ཉམས་པ་སླར་གསོ་བྱེད་པར་ང་གཅིག་པོའི་འགྲུབ་ཐུབ་པ་ཞིག་མ་རེད་དེ། རྣམ་པ་ཚང་མས་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་མཐུ་དཔུང་སྡོང་གྲོགས་གནང་ན་འགྲིག་འགྲོ་ཡི་རེད་བསམ་གྱི་ཡོད་ཞེས་གསུང་བ་དང་། མཐར་དོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་པ་གཉིས་གཙོས་ཁོང་རྣམས་ལ་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་ཡོད་པ་རེད་དེ་མཛད་སྒོ་འདི་དག་གལ་ཆེན་དོན་ཆེན་ཞིག་དུ་བརྩིས་ནས་མཛད་སྒོ་འདིའི་ཆ་ཚང་བཞུགས་པ་ལ་ཐུགས་རྗེ་ཆེ་གསུང་བ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་། བཀའ་སློབ་རྣམས་༧བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་ལགས་ནས་དབྱིན་སྐད་ཐོག་སྦྲགས་ལེན་གྱི་བསྒྱུར་གནང་བ་དང་།

དེ་ནས་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་གིས་མཛད་སྒོ་འདི་ལ་ཆེད་ཕེབས་གནང་བའི་སྐུ་མགྲོན་དང་སྐུ་མགྲོན་མ་ཡིན་པའི་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཀྱི་གསུང་ནས་མཛད་སྒོ་གཙོ་སྐྱོང་བས་སྔ་དྲོའི་མཛད་རིམ་མཇུག་སྡུད། ཉིན་གུང་ཕྱག་ཚོད་༡༢།༣༠ཐོག་སེར་སྐྱ་མི་མང་ཡོངས་ལ་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཉིན་གུང་གི་གསོལ་ཚིགས་ཞལ་ལག་རྒྱས་འབུལ་གནང་བ་དང་། ཕྱི་དྲོའི་ཕྱག་ཚོད་༥པའི་ཐོག་བོན་ཕྲུག་བདེ་དོན་གྱི་རྩེད་ཐང་དུ་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་བྲོ་གླུ་གཞས་གསུམ་གཟིགས་མོ་གནང་བ་སོགས་མཛད་སྒོ་ཆེན་མོ་རྒྱལ་ཁའི་ངང་མཇུག་གྲུབ་པར་སོགས་ཀྱི་གནས་བསྡུས་སོ།