གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་༧སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་མཆོག་གིས་ཞབས་བརྟན་གསོལ་འདེབས་ཞིག་ཕུལ་བ།

བསྟན་པའི་ཟླ་བར་ཕུལ་བའི་ཤིས་བརྗོད་སྨྲ་སེང་དགྱེས་པའི་མཆོད་སྤྲིན།

ཤེས་རབ་ལྷ་མཆོག་སེང་ཆེན་རིགས་ལྔ་དང་།།
ཤེས་བྱའི་འབྱུང་གནས་ཕྱྭ་རྗེ་ཀེང་ཙེ་ཡི།།
ཐུགས་གསང་དྷི་དང་ཧྲི་ཡིག་ལས་བཞེངས་པའི།།
སངས་རྒྱས་མི་ཡི་རྣམ་རོལ་གང་དེར་འདུད།།

ངོ་བོ་སྟོང་པ་གསུམ་ལས་བོན་སྐུར་བཞེངས།།
རང་བཞིན་གསལ་བ་གསུམ་ལས་རྫོགས་སྐུར་བཞེངས།།
ཐུགས་རྗེ་རིག་པ་གསུམ་ལས་སྤྲུལ་སྐུར་བཞེངས།།
གྲོལ་ལམ་བོན་གྱི་སྐུ་གསུམ་ཁྱེད་ལ་འདུད།།

དེ་བཞིན་ཉིད་ལས་གསང་བ་བོན་སྐུར་གྲོལ།།
ཀུན་ཏུ་སྣང་ལས་གསང་ཆེན་རྫོགས་སྐུར་གྲོལ།།
སྤྲུལ་པ་རྒྱུ་ལས་གསང་མཆོག་སྤྲུལ་སྐུར་གྲོལ།།
བསྒྱུར་ལམ་སྔགས་ཀྱི་སྐུ་གསུམ་ཁྱེད་ལ་འདུད།

སྲིད་ཞི་མཉམ་ཉིད་སྦྱོར་བས་བོན་སྐུར་གྲུབ།།
ཞིང་དག་སྒོམ་པའི་སྦྱོར་བས་རྫོགས་སྐུར་གྲུབ།།
ཐབས་ལ་མཁས་པའི་སྦྱོར་བས་སྤྲུལ་སྐུར་གྲུབ།།
སྤང་ལམ་མདོ་ཡི་སྐུ་གསུམ་ཁྱེད་ལ་འདུད།།

རྒྱུད་པ་གསུམ་གྱི་མདོ་འཛིན་མཉམ་མེད་པའི།།
རྒྱལ་བའི་རྒྱལ་ཚབ་མར་ཞི་གསེར་གྱི་ཕྲེང་།།
ཁྲི་འཛིན་མཁན་རབས་རིམ་བྱོན་སོ་གསུམ་བར།།
བཤད་སྒྲུབ་ཟུང་གིས་བསྟན་མཆོག་ཉིན་མོར་བྱས།།

བསྐལ་སྟོང་སངས་རྒྱས་ཚོགས་རྣམས་རིམ་པར་བྱོན།།
རྒྱལ་དང་རྒྱལ་སྲས་ཚོགས་རྣམས་རིམ་པར་བྱོན།།
རྟ་བདུན་བསིལ་ཟེར་ཚོགས་རྣམས་རིམ་པར་བྱོན།།
འདི་རྣམས་ཤེས་བྱ་གཤིས་ཀྱི་གནས་བབས་ཡིན།།

འདིར་སྣང་ཟད་ནས་ཤེས་རིག་རང་འབྱུང་གི།།
རིག་པ་ཟང་ཐལ་རང་འབྱུང་གདོད་མའི་གཤིས།།
ཀ་དག་གཞོན་ནུ་བུམ་པའི་ཀློང་ཆེན་དེར།།
འབྱུང་བའི་ཕུགས་དང་གྲོལ་མཐའ་འདི་ཡི་ངང་།།

སྣང་བ་དང་པོ་བོན་ཉིད་མངོན་གསུམ་པ།།
སྣང་བ་གཉིས་པ་ཉམས་སྣང་གོང་འཕེལ་བ།།
སྣང་བ་གསུམ་པ་རིག་པ་ཚད་ཕེབས་པ།།
སྣང་བ་བཞི་པ་བོན་ཉིད་ཟད་པའི་མཆོག།

སྟོང་པ་འདི་ནི་མེད་དགག་མ་ཡིན་ཕྱིར།།
སྟོང་པའི་ཐུགས་ལ་རིག་པའི་སྲོག་མངའ་བས།།
གསལ་སྟོང་རིག་པ་འབྲེལ་བའི་རང་མདངས་ལས།།
འགྲོ་བའི་མགོན་དུ་ཁྲི་འཛིན་སོ་བཞི་བཞེངས།།

ལུང་དང་རྟོགས་པའི་ཆ་ཤས་རབ་རྫོགས་པའི།།
བསྟན་པའི་ཟླ་བ་མཁའ་ཀློང་དབྱིངས་སུ་བཞད།།
བཤད་སྒྲུབ་འཁོར་ལོ་ཟུང་གིས་རྒྱལ་བའི་བསྟན།།
བསྟན་འགྲོའི་མགོན་དུ་དར་ཞིང་རྒྱས་པར་སྨོན།།

སྐལ་བཟང་དགྱེས་སྟོན་ཆེན་མོ་ངོ་མཚར་ཆེ།།
དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན།།
སྙན་པའི་དུང་ཆེན་སྲིད་གསུམ་ཁྱོན་ཀུན་ལྡིར།།
གསང་གསུམ་འཕྲིན་ལས་དེ་བཞིན་རྒྱས་པར་ཤོག།

གནམ་ལ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས་བཟང་།།
ས་ལ་པད་མ་འདབ་བརྒྱད་རྟེན་འབྲེལ་བཟང་།།
བར་ན་སྐལ་ལྡན་བོན་འབངས་སྐལ་པ་བཟང་།།
བཟང་གསུམ་འཛོམས་པའི་དུས་འདི་ཨེ་མ་ཧོ།།

ཇི་སྲིད་གནམ་ལ་ཉི་ཟླའི་ཚོགས་རྣམས་ཀུན།།
བགྲོད་པ་མ་ཆད་གླིང་བཞི་གསལ་བའི་རྒྱན།།
དེ་བཞིན་བོན་འབངས་ཡོངས་ཀྱི་གཙུག་རྒྱན་དུ།།
མགོན་པོ་མཆོག་ཉིད་བཞུགས་པའི་ཞབས་བརྟན་གསོལ།།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ཆེན་པོ་མཆོག་རང་ཅག་བོན་འབངས་ཀུན་གྱི་མགོན་སྐྱབས་དཔུང་གཉེན་དམ་པར་བཞུགས་གསོལ་འདེབས་པའི་ཞབས་བརྟན་གསོལ་འདེབས་འདི་ནི།། མགོན་པོ་མཆོག་གི་སྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོར་དམིགས་ནས་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕུལ།།