གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོ་མཛད་སྒོའི་ཉིན་གཉིས་པ།


ཕྱི་ལོ་༢༠༡༨ཟླ་༩པའི་ཚེས་༤ཉིན་སྔ་དྲོའི་ཕྱག་ཚོད་༨པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུས་པའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་མང་རྣམས་འདུལ་ཁང་དང་སྐུ་གདུང་སོགས་ལ་སེར་འཕྲེང་བསྐོར་ནས་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་ཚོགས་གྲལ་འཁོད་པ་དང་ཆབས་ཅིག

༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པའི་སྐུ་ཐང་དང་སྐུ་བརྙན་རིན་པོ་ཆེ་མདུན་དུ་རིན་ཆེན་ལས་གྲུབ་པའི་རྣམ་ལྔ་རྣམ་བརྒྱད་རྟགས་བརྒྱད་ནོར་བདུན་མཎྜལ་སོགས་ཇི་སྙེད་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཞིག་བཤམས་ནས་སེར་སྐྱ་མི་མང་ཡོངས་ཀྱི་མཎྜལ་ཚིག་བཤད་དང་སྐྱབས་རྗེ་ཞིང་གཤེགས་པའི་གསོལ་འདེབས་སོགས་དབྱངས་སུ་གྱེར་ནས་དངོས་འབྱོར་རྫས་དང་ཡིད་སྤྲུལ་ཏིང་འཛིན་སོགས་ཀྱི་སྒོ་ནས་མཎྜལ་ཕུལ་བ་དང་སྦྲགས།
 སྐུ་རྟེན་དུ་སྐུ་བརྙན་སྣ་ཚོགས་དང་གསུང་རྟེན་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ཐུགས་རྟེན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་སོགས་དང་།  དེ་བཞིན་དུ་མཆོད་པ་རྣམ་ལྔ་དང་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་སོགས་མཆོད་པ་རྣམས་རིམ་པས་སྟར་འབུལ་ཞུས།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱིས་༧སྐྱབས་རྗེ་དཔོན་གསས་བླ་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་སྐུ་ཚེ་གང་བོར་བསྟན་པ་དང་འགྲོ་བའི་དོན་དུ་མཛད་པ་འཕྲིན་ལས་བསྐྱངས་བའི་༼མཛད་བརྙན་མཐོང་གྲོལ་ཀུན་འདུས་༽ཞེས་པའི་བརྙན་དེབ་ཞིག་དབུ་འབྱེད་གནང་བ་དང་།
བོན་ཕྲུག་བདེ་དོན་སློབ་ཟུར་མཐུན་ཚོགས་ཀྱིས་ཡབ་རྗེ་དཔོན་གསས་བླ་མར་བཀའ་དྲིན་རྗེས་དྲན་མཚོན་དོད་དུ་རྩོམ་སྒྲིག་གནང་བའི་༼ཡབ་ཆེན་དཔོན་གསས་དྲན་པའི་འཕར་ཆེན་གྱི་རང་སྒྲ་༽ཞེས་པའི་སྙན་དེབ་ཅིག་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་བ།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པ་མཆོག་ཉིད་བོན་བསྟན་སྤྱི་ལ་མཛད་རྗེས་བླ་མེད་ཆེ་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་ཚབ་གནང་སྟེ་༼གྱེར་བསྟན་མེ་རོ་སློང་བའི་སྙིགས་དུས་བོན་གྱི་གཉེར་དཔོན་ཆེན་མོའི་༽གཟེངས་བསྟོད་ཕུལ།
དེ་ནས་བོན་གཞིས་ས་གནས་འཐུས་ཚོགས་དང་། བོན་གཞིས་ལས་ཁང་། བོན་གཞིས་རང་བདེན་ཚོགས་ཆུང་། བོན་གཞིས་ས་གནས་གཞོན་ནུ་སོགས་གཙོས་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པ་མཆོག་གི་ཕྱག་བཏབ་གནང་བའི་ཚོགས་སྡེ་ཁག་དང་ལས་ཁུངས་ཁག་བཅས་ཀྱིས་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་རྩོམ་བྲིས་པའི་དཔྱང་དར་རེ་ཕུལ་ལམ་ཞུས་རྗེས་།
སེར་འཕྲེང་རྒྱས་པ་གླིང་བསྐོར་ཕེབས་ནས་མཐར་འདུལ་ཁང་ཆེན་མོའི་མདུན་ཐང་དུ་འཁོད་ནས་གཤེན་རབ་མཆོད་རྔའི་མཐར་བརྒྱན་ནས་སྔ་དྲོའི་མཛད་རིམ་གྲུབ་བོ།
ཕྱི་དྲོའི་ཕྱག་ཚོད་༤པའི་ཐོག་སེར་སྐྱ་མི་མང་ཡོངས་ལ་༧སྐྱབས་རྗེ་དཔོན་གསས་བླ་མ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་གི་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་༽དུ་བཞེངས་པའི་སྐུ་བརྙན་༼དཔོན་གསས་ང་འདྲ་མ་༽དང་།
གསེར་གདུང་༼བྱིན་རླབས་གཏེར་ཆེན་མ་༽དང་།དཔོན་གསས་བླ་མ་༧སྐྱབས་རྗེ་ཞིང་གཤེགས་པའི་རིང་སྲེལ་དང་གདུང་རུས་དང་།
༧སྐྱབས་རྗེ་ཞིང་གཤེགས་པ་སྐུ་འཚོ་བཞུགས་སྐབས་ཀྱི་བེད་སྤྱོད་གནང་བའི་ཕྱག་ཆས་སོགས་སེར་སྐྱ་མི་མང་ཡོངས་ལ་སྤྱན་བསྟར་མཇལ་ཁ་གནང་བ་དང་་།
མི་མང་ལ་དད་རྟེན་དུ་རིན་པོ་ཆེ་ཞིང་གཤེགས་དམ་པ་མཉམ་མེད་གསེར་ཁྲི་བཞུགས་འཁོད་ཅན་གྱི་སྐུ་པར་བྱིན་ཅན་རེ་དང་བྱིན་མདུད་རེ་བླ་བྲང་ནས་གནང་ཡོད། དགོང་མོའི་ཕྱག་ཚོད་༦།༣༠ཐོག་སེར་སྐྱ་མི་མང་རྣམས་སྔར་ཉིན་བཞིན་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་འཛོམས་ནས་བླ་མ་མཆོད་པའི་ཚིག་བཤད་དབྱངས་སུ་གྱེར་ཞིང་སྣང་གསལ་མར་མེས་རི་མོ་དང་ཡི་གེ་སོགས་མཆོད་པ་དང་མཎྜལ། རྣམ་ལྔ་སོགས་འདེགས་འབུལ་ཞུས་རྗེས་འདུལ་ཁང་དང་སྒྲུབ་ཁང་བླ་བྲང་བཅས་སུ་རིམ་པར་གཤེན་རབ་མཆོད་རྔས་མཆོད་པ་ཕུལ་ནས་སེར་སྐྱ་མི་མང་རྣམས་ལ་འཁུར་ཟས་དང་གསོལ་ཇ་སོགས་ཕུལ་ནས་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།
ཁྱུངཿཁྲི་རྒྱལ་པས།
པར་པ་ཚེ་དབང་བརྟན་འཕེལ།