གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོའི་མཛད་སྒོའི་ཉིན་དང་པོ།

དེ་ཡང་ཕྱི་ལོ་༢༠༡༨ཟླ་༩པའི་ཚེས་༢ཉིན་སེམས་དཔའ་འདུས་སྡེ་རྒྱ་མཚོས་འདུལ་ཁང་ཆེན་མོའི་ནང་དུ་རབ་གནས་ཀྱི་ཆོ་ག་རྒྱས་པ་དབུ་འཛུགས་གནང་ཞིང་ཚེས་༣ཉིན་གྱི་ཞོགས་པའི་ཕྱག་ཚོད་༥པའི་ཐོག ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོའི་དབུ་འཛུགས་དང་འབྲེལ།  སེམས་དཔའ་འདུས་སྡེ་རྒྱ་མཚོས་ཟང་གཏེར་རིག་འཛིན་འདུས་པའི་ཚོགས་མཆོད་རྒྱས་འབུལ་གྲུབ་རྗེས།

ཕྱག་ཚོད་༩པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་སེར་སྐྱ་མི་མང་རྣམས་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་གི་སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་འཛོམས་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོས་རབ་གནས་ཀྱི་ཆོ་གའི་རིམ་པ་ལས་ཞལ་དབྱེ་བ་དང་ཁྲུས་གསོལ་བ་དང་མངའ་གསོལ་བ་དང་བྱིན་དབབ་པ་སོགས་རིམ་པར་གསུང་བར་སྦྲགས།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་ཞིང་ཁམས་པ་མཆོག་གི་སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོ་དང་༧སྐྱབས་རྗེ་ཞིང་གཤེགས་པའི་གཟིམས་ཤག་ནང་དུ་བཞེངས་པའི་སྐུ་གདུང་སོགས་ཀྱི་ཞལ་དབྱེ་བ་དང་ཁྲུས་གསོལ་བ་དང་མངའ་གསོལ་བ་དང་རབ་གནས་སོགས་སྤེལ་མ་གནང་རྗེས་སླར་སྐུ་གདུང་རིན་པོ་ཆེ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཕེབས་ནས་གཞི་བརྟན་བཀྲ་ཤིས་སྨོན་ལམ་དང་གཤེན་རབ་མཆོད་རྔ་བརྒྱ་རྩ་སོགས་ཀྱི་མཐར་བརྒྱན་ནས་སྔ་དྲོའི་མཛད་རིམ་རྣམས་ལེགས་པར་གྲུབ་བོ།

ཕྱི་དྲོའི་ཕྱག་ཚོད་༣པའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལྷོ་ངོས་སུ་རྟེན་གཞིར་ཆགས་པའི་༧བཙུན་དགོན་རདྣ་སྨན་གླིང་གིས་བཞེངས་པའི་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པ་མཆོག་གི་སྐུ་གདུང་རིན་པོ་ཆེ་བཙུན་དགོན་དུ་གདན་ཞུས་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུས་པའི་སེར་སྐྱ་མི་མང་རྣམས་བཙུན་དགོན་དུ་ཕེབས་ནས་སྐུ་གདུང་རིན་པོ་ཆེ་དང་རྟེན་གཙོ་རྣམས་ལ་མངའ་དབུལ་རབ་གནས་གནང་ཞིང་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་སོགས་རྒྱས་འབུལ་གྲུབ་རྗེས་སྒྲུབ་ཁང་ནང་གི་རྟེན་གཙོ་རྣམས་ལ་རབ་གནས་དང་བཀྲ་ཤིས་སྨོན་ལམ་སོགས་མཛད།

དགོང་མོའི་ཕྱག་ཚོད་༦ པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་པའི་སེར་སྐྱ་མི་མང་རྣམས་༧དཔལ་གཤེན་བསྟན་སྨན་རིའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་བཞེངས་ནས་ཡོ་བྱད་རྫས་ཀྱི་མཆོད་པ་རྣམ་ལྔ་དང་མཎྜལ་སོགས་ཇི་སྙེད་ཅིག་བཤམས་ཤིང་མར་མེ་རྒྱལ་མཚན་གྱི་ཚིག་བཤད་དབྱངས་སུ་གྱེར་ནས་སྣང་གསལ་སྒྲོན་མེའི་མཆོད་སྤྲིན་ཕུལ་བ་དང་། མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་སྦྲགས་མཆོད་པ་རྣམ་ལྔ་མཎྜལ་སོགས་རིམ་པར་ཕུལ་ཞིང་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་ཁམས་པའི་གསོལ་འདེབས་དབྱངས་སུ་གྱེར་ནས་འདུལ་ཁང་སྐུ་གདུང་སོགས་ལ་ཞབས་སྐོར་ཕེབས་པ་སོགས་ཀྱི་གནས་བསྡུས་སུ།