གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་དཔོན་གསས་བླ་མ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་༼མཛད་བརྙན་མཐོང་གྲོལ་ཀུན་འདུས་༽དབུ་འབྱེད་གནང་བ།

微信图片_20180904153220.jpg

ཕྱི་ལོ་༢༠༡༨ཟླ་༩ཚེས་༤སྟེ་བོད་ས་ཁྱི་ལོའི་ཟླ་བ་བདུན་པའི་ཚེས་ཉི་ཤུ་བཞིའི་ཉིན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བདེ་བར་གཤེགས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་དགོངས་རྫོགས་མཆོད་སྤྲིན་ཆེན་མོའི་དངོས་གཞིའི་ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤་པ་མཆོག་གིས་༧སྐྱབས་རྗེ་བདེ་བར་གཤེགས་པའི་(མཛད་བརྙན་མཐོང་གྲོལ་ཀུན་འདུས་)དབུ་འབྱེད་གནང་བ།  

དཔར་སྐྲུན་གསལ་བཤད།

<<མཛད་བརྙན་མཐོང་གྲོལ་ཀུན་འདུས་>>འདི་ནི། ༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་དགོངས་རྫོགས་མཆོད་སྤྲིན་ཆེན་མོའི་མཛད་སྒོར་ཆེད་དུ་དམིགས་ནས་༧སྐྱབས་རྗེ་དམ་པ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་བསྒྲིགས་པའི་མཐོང་གྲོལ་སྐུ་དཔར་གྱི་ལམ་ནས་“མཛད་”རྣམ་གསལ་བར་བྱེད་པའི་“བརྙན་”དེབ་ཅིག་ལགས།

འདིར་༧སྐྱབས་རྗེ་མཆོག་གི་རྣམ་ཐར་རྒྱས་བསྡུས་སོགས་དེ་སྔོན་དཔར་སྐྲུན་ཞུས་པ་ཁག་ལ་ཞིབ་བསྡུར་དང་༸སྐྱབས་རྗེ་མཆོག་གིས་གཙོས་པའི་འབྲེལ་ཡོད་མི་སྣ་རེ་འགའི་ཉིན་ཐོ་སོགས་ལ་གཞི་བཅོལ་ནས་དོགས་གནད་ཅན་གྱི་ལོ་ཚིགས་མང་པོར་གསལ་ཁ་གཏོད་ཁུལ་བགྱིས་ཏེ་<<མཛད་བསྡུས་གཡུང་དྲུང་སྲིད་པའི་དར་ཆེན་>>ཞེས་པ་ཞིག་ཀྱང་ཆེད་བསྒྲིགས་ཞུས་ཡོད།

ནམ་རྒྱུན་༧སྐྱབས་རྗེ་མཆོག་གིས་དུས་ཆེན་དང་མཛད་སྒོ། ཚོགས་འདུ་དང་བགྲོ་གླེང་སོགས་སུ་བསྩལ་བའི་བཀའ་སློབ་རྣམས་ཞང་བོད་རིག་གཞུང་འཚོ་སྐྱོང་ཁང་སོགས་ཀྱིས་ལོ་རབས་མང་པོའི་རིང་ལ་སྒྲ་འཇུག་ཞུས་ཡོད་སྟབས། དེ་དག་ལས་ཞལ་གདམས་ཐུང་ངུ་འགའ་ཞིག་བཏུས་ཏེ་ད་ལམ་མཛད་བརྙན་གྱི་བར་མཚམས་རྣམས་སུ་བཀོད་ཡོད་པ་ནི། འབྱུང་འགྱུར་གྱི་དུས་སུ་སྒྲ་འཇུག་དེ་དག་ཡི་གེར་ཕབ་སྟེ་ཞལ་གདམས་བསླབ་བྱ་ཕྱོགས་བསྒྲིགས་ཤིག་ཀྱང་དཔར་སྐྲུན་ཞུ་བར་རྟིང་སྐུལ་ཙམ་ཡིན།

微信图片_20180904153201.jpg

གཞན་ཡང་མཛད་བརྙན་འདི་ལ་ཆེད་མངགས་ཀྱིས་བཞེངས་བྲིས་མཛད་པའི་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིམ་བྱོན་གྱི་“མཁན་རབས་ཞལ་ཐང་ཆེན་མོ་”དེ་ཉིད་ཀྱང་འདིར་འགོད་སྐལ་ཤར།

ལར་བོད་ཀྱི་བླ་སྤྲུལ་ཁག་གི་རྣམ་ཐར་ནང་མཛད་འཕྲིན་དང་འབྲེལ་བའི་སྐུ་དཔར་འབོར་ཆེན་བསྟར་བསྒྲིགས་ཞུ་སྲོལ་ཆེས་དཀོན་སྟབས། འདིར་དམིགས་སུ་བཀར་ནས་དངོས་ཡོད་ལོ་རྒྱུས་རྣམས་ལྷ་སྒྲུང་དུ་མི་འགྱུར་བའི་དགེ་མཚན་དུ་དམིགས་ཏེ་དེང་རབས་ཀྱི་ཐབས་ལམ་བཀོལ་ནས་ད་ལམ་སྐུ་དཔར་མཐོང་གྲོལ་རྣམས་གཙོར་བསྒྲིགས་ཞུས་པ་ལགས་ཀྱང་། སྐུ་དཔར་མང་པོ་ཞིག་ལ་ཁ་བྱང་སོགས་མེད་པ་ནི་དུས་ཚོད་ཀྱིས་མ་འདང་བ་དངོས་ཡོད་ཡིན་སྟབས་ཡིག་ཚོགས་ལ་འཇིགས་ནས་བསྐྱུངས་པ་སོགས་ལ་ཁག་འགེལ་བྱ་བར་མི་འདོད། འོན་ཀྱང་སྐུ་དཔར་རེ་འགའ་ནི་ཁ་བྱང་དང་འགྲེལ་བཤད་མི་དགོས་པར་རང་འགྲེལ་རང་གྲག་ལྟ་བུར་སྣང་བས་དེས་ཀྱང་འཐུས་པར་ཞུས་ལ། སྐུ་དཔར་རྙིང་པ་དེ་དག་འདིར་བཀོད་པ་ཙམ་གྱིས་གཅེས་སྲུང་གི་ལས་རིམ་དུའང་འགྲོ་བར་མཐོང་།

མདོར་ན་དུས་ཐེབས་སྲོ་མའི་རྒྱུ་མར་ཅོ་འདྲི་བ་ལྟ་བུའི་ནང་ང་ཚོས་གཞུང་སྒེར་ཅི་རིགས་ནས་གཡར་བའི་བརྙན་དཔར་སྟོང་ཕྲག་ལྔ་ལས་བརྒལ་བ་དག་ནས་བདམས་གསེས་བགྱིས་མཐར་མཛད་བརྙན་འདིར་སྐུ་དཔར་གྱི་གྲངས་འབོར་ཆིག་སྟོང་བཞི་བརྒྱ་ཙམ་དངོས་སུ་བཀོད་ཅིང་བསྒྲིགས་ཡོད།

དེ་ཡང་སྨན་རིའི་བླ་བྲང་གི་ཕྱག་སྦུག་ཏུ་དོ་གཉེར་མཛད་པའི་མི་ལོ་བདུན་ཅུ་ལ་ཉེ་བའི་སྔོན་གྱི་སྐུ་དཔར་བྱིན་ཅན་ཁག་གཅིག་ལག་ཏུ་སོན་པས་མ་ཚད། དེ་མཚུངས་སུ་མི་ལོ་ལྔ་བཅུའི་རིང་དཔར་བདག་རང་ཉིད་ལས་སུས་ཀྱང་མཇལ་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྐུ་དཔར་དཔེར་ན་ཁྲི་འཛིན་སོ་གསུམ་པའི་རྟགས་སྒྲིལ་གྱི་བྱེད་སྒོ་དང་འབྲེལ་བའི་སྐུ་དཔར་ཁག་ཀྱང་ང་ཚོའི་ལག་ཏུ་ཐེབས་ཡོད། ད་དུང་ལོ་རྒྱུས་ལ་མཁོ་གནད་ཅན་གྱི་སྐུ་དཔར་དེ་སྔོན་ཡོངས་གྲགས་ཀྱི་མཇལ་ཡུལ་དུ་མ་གྱུར་པ་དུ་མ་ཞིག་ཀྱང་ད་ཐེངས་འདི་ནས་ཕྱི་རུ་མངོན་ཡོད་པས། མཛད་བརྙན་འདི་ནི་རིན་བྲལ་གྱི་དཔར་མཛོད་ཅིག་ཏུའང་གྲུབ།

微信图片_20180904153214.jpg

དེ་ལྟར་ནའང་དངོས་ཡོད་ལོ་རྒྱུས་དང་འབྲེལ་ཞིང་མཛད་རྗེས་ཀྱིས་ཕྱུག་པའི་སྐུ་དཔར་སྡེ་ཚན་ཁག་གཅིག་ནི་དགོས་པ་དང་རྒྱུ་མཚན་གཞན་དབང་གིས་འདིར་མ་བཙུད་པའང་གསལ་བཤད་བྱ་དགོས་པའི་གནས་སུ་མཐོང་།

དེ་མིན་མཛད་བརྙན་འདི་ཉིད་ཀྱི་ལྡེབས་གྲངས་ལའང་ཚད་བཀག་ཡོད་སྟབས་ད་དུང་༸སྐྱབས་རྗེ་མཆོག་གི་སྐུ་དཔར་བྱིན་ཅན་རྙིང་པ་མང་པོ་ཞིག་ཟུར་འཇོག་མི་བྱ་ཀ་མེད་དུ་གྱུར་པས་མ་ཚད། མང་པོ་ཞིག་ནི་གཅིག་ལས་གཅིག་ལྷག་ལོ་རྒྱུས་ཀྱི་དཔང་པོར་གནས་འདུག་པས་ཡོད་ཚད་བཙུད་ཐབས་བྲལ་ནས་གནད་འགག་ཅན་གྱི་སྐུ་དཔར་མང་པོ་ཞིག་གི་གཏོས་ཚད་ཀྱང་ཆུང་ངུར་གཏང་དགོས་ཆགས། འགའ་ཞིག་གི་རྒྱུ་སྤུས་དངོས་ལེགས་རྣམས་ང་ཚོར་མ་འབྱོར་ཡང་གནས་སྐབས་སྤུས་ཚད་ཐེབས་ཆག་གིས་གོ་འཕེར་ཆོད་པར་བྱ་དགོས་པ་ནི། རིང་པོར་མ་སོང་བར་དཔར་རྙིང་དེ་དག་སུས་ཀྱང་ངོ་མི་ཤེས་པར་འགྱུར་ཉེན་ཆེ་བས་ཡིན།

འདིར་འཕྲད་པའི་དཀའ་ཁག་ཆེ་ཤོས་ནི། ༸སྐྱབས་རྗེ་མཆོག་༡༩༩༤ནས་སྔ་ཕྱིར་ལན་གྲངས་གསུམ་བོད་གངས་ཅན་ལྗོངས་ཀྱི་མདོ་དབུས་ཁམས་གསུམ་དུ་ཞབས་ཀྱིས་བཅགས་པའི་དུས་གནད་ཡོད་བླ་སྤྲུལ་དང་གལ་ཆེའི་མི་དཔོན་སོགས་དང་མཇལ་འཕྲད་སྐབས་བསྒྲོན་པའི་སྐུ་དཔར་རྣམས་དང་། དགོན་ཁག་རྣམས་སུ་བསྐྱངས་པའི་བོན་འཆད་ཀྱི་མཛད་འཕྲིན་དང་འབྲེལ་བའི་སྐུ་དཔར་དག་ནི་དོ་བདག་ལས་གང་འབྱོར་བ་རྣམས་རྩོམ་སྒྲིག་ཚོགས་མི་རྣམས་གྲོས་མོལ་བྱས་ཏེ་བདམས་པ་ལས་ཐབས་གཞན་གྱིས་དབུལ།

ཐོག་མའི་ཆར་ཚོགས་མི་རྣམས་མཉམ་འཛོམས་ཀྱིས་༸སྐྱབས་རྗེ་མཆོག་ཕེབས་ཡུལ་གྱི་དགོན་ཁག་རེ་རེའི་བླ་སྤྲུལ་དང་གྲྭ་མང་མཉམ་དུ་བསྐྱོན་པའི་སྐུ་དཔར་རེ་རེ་རྟེན་འབྲེལ་གྱི་དོད་དུ་འཇོག་ཐབས་བརྩོན་ཡང་མ་འདང་བའི་ཆ་དེས་ཀྱང་མང་བས་དོན་འབྲས་མ་སྨིན། དེ་བཞིན་འབྲེལ་ཡོད་མི་སྣ་དག་ལས་གཙོ་གནད་ཆེ་བ་རེ་འགའ་མ་གཏོགས་གཞན་རྣམས་ཀྱི་མཚན་ནི་གཅིག་བྲིས་གཉིས་བྲིས་ཀྱིས་མཐའ་ཡང་འཇོག་ཐབས་བཀའ་བས་ཚད་འཛིན་མི་ཞུ་ཐབས་མེད་གྱུར།

དེས་ན་འདིར་ཆེད་དུ་ཞུ་འདོད་པ་ནི། ༸སྐྱབས་རྗེ་མཆོག་གངས་ལྗོངས་སུ་ཕེབས་རིམ་ཁག་དང་འབྲེལ་བའི་སྐུ་དཔར་ནི་གྲངས་འབོར་ཤིན་ཏུ་མང་ལ། གལ་གནད་ཀྱང་དེ་བས་ཆེ་སྟབས། ཚད་བཀག་ཅན་གྱི་ས་དམིགས་འདིར་ཤོང་ཐབས་བྲལ་ཞིང་ཡུན་ཚད་ཐུང་བའི་དུས་ཚོད་ནང་སྒྲིག་ཐབས་ཀྱང་དཀའ་བར་བརྟེན། མ་འོངས་འབྱུང་འགྱུར་ནང་དོ་བདག་རྣམས་ཀྱིས་༸སྐྱབས་རྗེ་མཆོག་བོད་ཡུལ་དུ་ཕེབས་ཕྱོགས་ཀྱི་སྐུ་དཔར་གཅིག་པུའི་དེབ་ཆེན་ཞིག་ཀྱང་བསྐྲུན་རྒྱུ་འདུག་སྙམ་པའང་བྱུང་།

སྐུ་དཔར་རྣམས་ཀྱི་སྒྲིག་རིམ་ཡང་གཙོ་བོ་ལོ་རྒྱུས་ཀྱི་འབྱུང་རིམ་བཞིན་རྙིང་པ་རྣམས་སྔོན་དང་གསར་པ་རྣམས་དེ་མཚམས་སུ་སྒྲིབ་ཐབས་སུ་འབད་པས་བརྩོན།

འདིར་བཀོད་པའི་བརྟེན་པ་པེའུ་ཙེ་རྣམ་གསུམ་གྱི་སྐུ་དཔར་ཕལ་ཆེ་བ་ནི་༸སྐྱབས་རྗེ་མཆོག་གིས་གསར་དུ་བཞེངས་པ་ཁག་གཅིག་ཡིན་པ་ལས་དཔལ་ལྡན་སྨན་རིའི་རྩ་ཆེའི་སྐུ་གསུང་ཐུགས་རྟེན་རྙིང་པ་དག་འདིར་མ་འཁོད་མེད་པ་ནི་བརྗོད་དགོས་དབེན།

མདོར་ན་མཛད་བརྙན་འདི་ཉིད་༸སྐྱབས་རྗེ་མཆོག་གི་མཛད་རྣམ་རྒྱས་པ་རྩོམ་སྒྲིག་བྱ་བའི་སྔོན་འགྲོའི་ཆ་རྐྱེན་ནམ་དེར་ཉེ་བར་མཁོ་བའི་རྒྱུ་ཆ་འཚོལ་སྡུད་ཀྱི་ལས་རིམ་ཞིག་ཏུའང་རང་བཞིན་གྱིས་གྲུབ་ཡོད།

微信图片_20180904153224.jpg

དེ་ཡང་ ༢༠༡༧ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྨན་རིའི་གླིང་གི་བླ་སྤྱི་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། སྨན་རི་ཚང་གི་ལས་གཉེར། གྲྭ་ཚང་གི་རྒྱུན་ལས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས། དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་རྣམ་པ་བཅས་ཚང་འཛོམས་ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཚོགས་མི་འདེམ་སྒྲུག་མཛད་དེ་རྣམ་ཐར་རྒྱས་པ་རྩོམ་སྒྲིག་དགོས་པར་བཀའ་མངགས་བྱུང་ན་ཡང་། བདག་ཅག་བསོད་ནམས་ཀྱིས་མ་ཁྱོག་ནས་༸སྐྱབས་རྗེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པས་གནས་སྐབས་རིང་མཛད་རྣམ་རྒྱས་པ་རྩོམ་སྒྲིག་གི་ལས་གཞི་ཕྱིར་འགྱངས་ཀྱིས་གོང་ནས་ཆེད་མངགས་མཛད་པ་ལྟར་ལོ་འཁོར་དགོངས་རྫོགས་མཆོད་སྤྲིན་ཆེན་མོར་ཆེད་དུ་དམིགས་ནས་དུས་ཐེབས་ཤིན་ཏུ་ཐུང་བའི་ནང་མཛད་བརྙན་འདི་བཞིན་བསྒྲིགས་པ་ལགས།

རྩོམ་སྒྲིག་གི་ལས་རིམ་འདི་ཉིད་ནང་ཚོགས་མི་ཀུན་གྱིས་ཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་བར་མ་ཟད། འདི་གའི་ཚོགས་མི་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ཀྱིས་ན་གཞོན་ཉམས་ཞིབ་ཚོགས་འདུའི་སྟེང་དུ་རང་གི་གཏམ་བཤད་ལས་རིམ་ཡང་ཕྱིར་འཐེན་མཛད་དེ་དཔར་ཁང་ནང་ཟླ་བ་གཅིག་གི་རིང་ལ་གང་ཅིའི་ཐད་ནས་འགན་ལེན་མཉམ་ཁུར་གནང་སོང་བར་དམིགས་བསལ་བཀའ་དྲིན་ཆེ་ཞུ།

གང་ལྟར་མཛད་བརྙན་འདི་ནི། ཆེས་ཐོག་མར་བསྐྲུན་པའི་རྐང་ལམ་ལྟ་བུ་ཡིན་པས། རིམ་གྱིས་འདི་དག་ལ་འགྲེལ་བཤད་རྒྱས་འབྲི་དང་ཁ་གསབ་ལེགས་སྣོན་གྱིས་རྒྱ་ལམ་ལྟ་བུར་བཟོ་ཐུབ་པའི་རེ་བས་མ་རྩའི་རྨང་གཞི་བཙུགས་པའང་ཡིན།

དེས་ན་གལ་ཏེ་འདིར་མ་ཚུད་པའི་སྐུ་དཔར་བྱིན་ཅན་དང་གལ་ཆེན་ཇི་སྙེད་ཅིག་སུ་ལའང་མཆིས་ཚེ་རྣམ་ཐར་རྒྱས་པའི་ནང་དུ་དགོད་ཐབས་སུ་མཛད་རྣམ་རྩོམ་སྒྲིག་ཚོགས་པར་འབྲེལ་བ་གནང་རོགས་ཞུ།

མཐར་མཛད་བརྙན་འདིར་ནོར་འཛོལ་ཆད་ལྷག་གི་སྐྱོན་ཆ་མཆིས་པ་རྣམས་མཁྱེན་ལྡན་རྣམས་ལ་དགོངས་སེལ་དང་འདི་བགྱིས་ལེགས་པའི་ཆ་ཕྲ་མོ་ཙམ་མཆིས་ཚེ་བཀའ་དྲིན་སུམ་ལྡན་རྩ་བའི་བླ་མའི་དྲིན་ལན་གཟོ་བར་སྨོན་པས་བརྒྱན་པའོ།། །།

འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་གིས།

༢༠༡༨ ལོའི་ཟླ་བ་ ༨ པའི་ ༢༥ ཉིན།

微信图片_20180904153227.jpg

དཀར་ཆག

མཛད་བསྡུས་གཡུང་དྲུང་སྲིད་པའི་དར་ཆེན།

༡ བལྟམས་པ་གཞིས་ཀྱི་གཟིགས་ཚད།

༢ བསྟན་དོན་སྒྲུབ་པའི་དབུ་ཁྱུད།

༣ རྒྱལ་ཁམས་འགྲིམ་པའི་གོམ་ཕུད།

༤ ཤར་ནུབ་ལེགས་ཆ་བསོར་ལེན།

༥ རང་རིགས་སློབ་ཚོགས་སྐྱེད་སྲིང།

༦ ཞིབ་འཇུག་རིག་པའི་བགྲོ་གླེང་།

༧ བོན་སྐྱོང་ལྷ་ལུང་རྟགས་བབས།

༨ མཉམ་མེད་བསྟན་པ་སླར་གསོ།

༩ དེང་རབས་ཤེས་བྱའི་རྩ་འཛུགས།

༡༠ བྱམས་དང་སྙིང་རྗེའི་ཕྱག་ལེན།

༡༡ ཉེར་མཁོ་འཚོ་བའི་མཐུན་སྦྱོར།

༡༢ བཤད་སྒྲུབ་བསྟན་པའི་འཕྲོ་མཐུད།

༡༣ མཐུན་འབྲེལ་གསེར་གྱི་ཟམ་ཆེན།

༡༤ འོད་ཟེར་འཁྱིལ་པའི་སྒྲུབ་ཆེན།

༡༥ ཤེས་རིག་འཚོ་སྐྱོང་བསྟི་གནས།

༡༦ གྱེར་བསྟན་འཛམ་གླིང་གསར་སྤེལ།

༡༧ བོན་ཕྲུག་ཕོ་མོ་སྙོད་སྐྱོང་།

༡༨ མཉམ་མེད་གསེར་ཁྲིར་མངའ་གསོལ།

༡༩ གཡས་རུའི་འཆད་རྩོད་བསྐྱར་གསོ།

༢༠ གངས་ལྗོངས་ཐུགས་རྗེས་བརྩེ་གཟིགས།

༢༡ བོན་མོ་རིན་ཆེན་སྨན་སྒར།

༢༢ བཀའ་སྒྲོམ་གསུང་རབ་ཡངས་མཛོད།

༢༣ བཟོ་རྒྱལ་ལག་ཤེས་ལས་གྲྭ།

༢༤ སྣ་ཚོགས་རྒྱུན་ཤེས་ཟབ་སྦྱོང་།

༢༥ དཔྱད་བུ་གཞོན་ནུའི་སློབ་གླིང་།

༢༦ ལུང་རྟོགས་བོན་གྱི་འཁོར་ལོ།

༢༧ ཕྱོགས་མཐའི་གཤེན་སྡེར་གཟིགས་སྐྱོང།

༢༨ ཚོགས་སྡེའི་འཛིན་སྐྱོང་ལམ་ལུགས།

༢༩ རྟེན་གནས་དྲུང་མུའི་གསས་མཁར།

༣༠ བརྟེན་པ་པེའུ་ཙེ་རྣམ་གསུམ།

༣༡ ཐུགས་དམ་རྟགས་མཚན་རྗེས་བཞག

༣༢ ཞུགས་འབུལ་འཕེལ་གདུང་རང་བྱོན།

༣༣ རྒྱལ་ཐེབས་རྟགས་སྒྲིལ་ཁྲི་བཞེངས།

མཇུག་བྱང་ཐུགས་རྗེ་ཆེ་ཞུ།