༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག འབྲས་ལྗོངས་ཀྱི་ཕྱོགས་སུ་ཆིབས་བསྒྱུར་དང་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་བ།

དེ་ཡང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་༧འབྲས་ལྗོངས་སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་དང་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་རྒན་དགེ་བཤེས་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་ཀྱིས་གདན་ཞུས་ལྟར་ཕྱི་ལོ་༢༠༡༨ཟླ་༡༠པའི་ཚེས་༡༥ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༡ཙམ་ལ་གོང་འཁོད་བཞིན་༧འབྲས་ལྗོངས་སོག་གཡུང་དྲུང་གླིང་དགོན་དུ་ཞབས་སོར་བདེ་བར་བཀོད་པ་དང་།

ཚེས་༡༧ ཉིན་མཛད་མདོ་དྲི་མེད་ཀྱི་ཆོ་ག་ལས་བྱུང་བའི་ཡུམ་ཆེན་མོ་ཤེས་རབ་བྱམས་མའི་བཀའ་དབང་ཟབ་མོ་བསྐུར་གནང་བ་དང་དབང་ཞུའི་དད་ལྡན་མི་མང་རྣམས་ལ་དད་པ་དང་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་ནང་པའི་ཆོས་སྒོར་འཇུག་པའི་གཞི་མ་ཡིན་ཚུལ་དང་འགྲེལ་དལ་འབྱོར་བཅོ་བརྒྱད་ཀྱི་འགྲེལ་བཤད་དང་དེ་ལྡན་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་གོ་སྐབས་དམ་འཛིན་སྒོས་ཐར་པ་བྱང་ཆུབ་བསྒྲུབ་དགོས་པ་གལ་ཆེན་ཡིན་ཚུལ་སོགས་སེམས་ཀྱི་ཞིང་ས་བརླན་པར་བྱེད་པའི་བཀའ་དབང་ཟབ་མོས་བཀའ་དྲིན་བསྩལ་གནང་བ་དང་།

ཚེས་༡༩ཉིན་གྱི་ཞོགས་པའི་ཕྱག་ཚོད་༨པ་ཙམ་ནས་སོག་གཡུང་དྲུང་གླིང་དགོན་དུ་ཆིབས་ཁ་བསྒྱུར་བའི་ལམ་བར་དུ་(Ravanglaར་སྦང་ལ་)བོད་ཀྱི་གཞིས་ཆགས་ཀུན་ཕན་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་གཙོས།  ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་མཉམ་འབྲེལ་གྱི་སྐུ་ཚབ་དང་། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ། ས་གནས་བརྒྱ་ཤོག་བདུན་གྱི་བརྒྱ་དཔོན། གཞིས་ཆགས་ཀྱི་སེར་སྐྱ་མི་མང་དང་བཅས་པའི་ལག་ཏུ་ཁ་བཏགས་ཨ་ཤེ་དཀར་པོ་རེ་བཟུང་ནས་བསྟར་ཕྲེང་སྒྲིག་པ་དང་དྲི་ཞིམ་བསང་གི་དུད་པ་གཡུང་དྲུང་མུ་སྦྲེལ་གྱི་མཁའ་དབྱིངས་སུ་གང་བ་དང་ཞབས་བྲོ་བཀྲ་ཤིས་ཤོག་པ་དང་སྤོས་འདྲེན་སོགས་ཀྱི་སྣེ་དྲངས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་གསོལ་ཇ་དང་གསོལ་ཟས་སོགས་ཀྱི་སྣེ་ལེན་རྒྱ་ཆེར་ཞུས། དེ་ནས་ས་གནས་ཀྱི་ལས་ཁུངས་ཁག་དང་གཞིས་ཆགས་བཅས་ལ་ཁྲུས་དང་རབ་གནས་སོགས་བཀའ་དྲིན་བསྩལ་གནང་ནས།

སྔ་དྲོའི་ཕྱག་ཚོད་༡༡ དང་ཕྱེད་ཀ་ཙམ་ལ་(སྦ་ཁིམ་Bakhim)༧དཔལ་གཤེན་བསྟན་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དུ་འབྱོར་ནས་དགེ་འདུན་པ་རྣམས་ཀྱི་རྔ་གཤང་དུང་གླིང་གི་སྒྲ་དང་བཅས་པའི་སེར་ཕྲེང་དང་(སྦ་ཁིམ་Bakhim)གྲོང་གི་གྲོང་དཔོན་(ལྷག་པ་དར་བུ་Lakpa Thorbu)དང་ཤར་པ་ཚོགས་པའི་འགན་འཛིན་དང་དགོན་པའི་གཉེར་པ་(པ་སངས་ཤར་པ་Pasang Sharpa)གཙོས་དད་ལྡན་མི་མང་གཟབ་སྤྲས་ལེགས་པར་བགྱིས་ལག་ཏུ་ཁ་བཏགས་དཀར་པོ་རེ་བཟུང་ནས་བསྟར་ཕྲེང་དང་ཕྱེ་མར་དང་ཟས་སྣ་དང་སྤོས་འདྲེན་སོགས་ཀྱི་མདུན་བསུས་ནས་ཚོན་མདོག་རྣམ་པར་བཀྲ་བའི་བཀྲ་ཤིས་དར་ལམ་བརྒྱུད་ནས་གདན་འདྲེན་ངང་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་། སྒྲ་རྒྱལ་གཤེན་རབ་མཆོད་རྔ་རྒྱས་བརྡུངས་གྲུབ་རྗེས་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་ལ་མངའ་གསོལ་ཞིང་རང་དགོན་གྱི་བླ་མ་དགེ་བཤེས་ཉི་མ་སེང་གེ་མཆོག་གིས་མཎྡལ་སྐུ་གདུང་ཐུགས་རྟེན་འདེགས་འབུལ་དང་རྣམ་ལྔ་སོགས་རིམ་འབུལ་ཞུས་མཐར་སེར་སྐྱ་མི་མང་རྣམས་ཀྱིས་དབང་བཤར་མཇལ་ཁ་གྲུབ་རྗེས་སྔར་སྲོལ་བཞིན་སྨན་རིའི་བླ་བྲང་ནས་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་དང་སྐུ་འགྱེད་ཕུལ་བ་དང་།

ཚེས་༢༠ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༠པའི་ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་ཚོགས་ཁང་ཆེན་མོར་གདན་འདྲེན་ཞུས་ནས་སེར་སྐྱ་མི་མང་རྣམས་དབང་གྲལ་དུ་འཁོད་རྗེས་༧རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་བཀའ་དབང་ཟབ་མོའི་དབུ་འཛུགས་དང་འབྲེལ།  དབང་གི་ཀླད་དོན་དང་མཚམས་བཅད་པ་དང་ཁྲུས་གསོལ་བ་དང་མཁྱེན་པ་གསོལ་བ་སྐྱབས་འགྲོ་སེམས་བསྐྱེད་སྡིག་བཤགས་མནྜལ་སོགས་ཀྱི་ཆོ་གའི་ཚིག་བཤད་འགྲེལ་བཤད་དང་བཅས་ལ་སྦྲགས་ལེན་གྱི་རིམ་པར་གྲུབ་རྗེས། ཕྱི་མཚན་མ་རྫས་ཀྱི་དབང་དང་། ནང་རྩ་བའི་ལྷ་དབང་དང་། གསང་བ་སེམས་ཉིད་གནས་ལུགས་ཐིག་ལེ་ཉག་གཅིག་སོགས་ཀྱི་དབང་མཆོག་བརྒྱུད་རིམ་དང་བཅས་པ་ཡོངས་སུ་གྲུབ་མཐར།

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབང་གི་ངོ་སྤྲོད་དང་དེ་རིང་དབང་ཞུས་ནས་དམ་ཚིགས་བསྲུང་དགོས་པ་ནི་གྲོང་པ་ཁྱིམ་ཚེས་དང་མི་དང་མིའི་དབར་ལ་ཕན་ཚུན་འཆམ་པོ་དང་མཐུན་འབྲེལ་དགོས་ཚུལ་སོགས་ཀྱི་དམིགས་གསལ་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ་གནང་བ་རྣམས་ལོ་ཙཱ་བ་གྲྭ་ཤེས་རབ་དཔལ་ལྡན་ལགས་ནས་བལ་པོའི་སྐད་ཐོག་ནས་བསྒྱུར་བ་སོགས་རིམ་པར་གྲུབ་ནས་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་གིས་བལ་པོའི་སྐད་ཐོག་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ངོ་སྤྲོད་མདོར་བསྡུས་ཞིག་མི་མང་རྣམས་ལ་གནང་རྗེས་སེར་སྐྱ་མི་མང་རྣམས་ཀྱིས་མཇལ་ཁ་དང་གཤར་དབང་ཞུས་པ་བཅས་ཀྱི་གནས་བསྡུས་སོ།

 

1,362 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།