ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པའི་རིག་པའི་གཏེར་མཛོད་དང་འབྲེལ་བའི་གཡུང་དྲུང་བོན་ལུགས་ཀྱི་ཚད་མའི་གནད་དོན་ལ་དཔྱད་པ་རིགས་སྨྲ་དགྱེས་པའི་མཆོད་སྤྲིན།

རྩོམ་པ་པོ། དགེ་བཤེས་ཤེས་རབ་རྣམ་རྒྱལ། ༼སྨན་རིའི་གླིང་།༽

སྐྱེ་མེད་མཚན་བྲལ་བདེ་བ་ཆེན་པོའི་སྐུ།།
འགག་མེད་མཚན་དཔེ་ལྷུན་འགྲུབ་རྫོགས་པའི་སྐུ།།
མ་ངེས་གང་འདུལ་དེར་སྟོན་སྤྲུལ་བའི་སྐུ།།
སྐུ་གསུམ་སངས་རྒྱས་རྣམས་ལ་གུས་པས་བསྟོད།།

     ཅེས་མཆོད་པར་བརྗོད་པའི་མདུན་བསུས་ཏེ་སྐབས་འདིར་གླེང་བར་བྱ་བ་ནི་གཡུང་དྲུང་བོན་ལུགས་ལ། ཚད་མའི་རིག་པ་བསྟན་པའི་གཞུང་སྡེ་ངོས་འཛིན་དང་། གཞུང་གི་བརྗོད་བྱའི་ལུས་རྣམ་བཞག་བསྟན་པ་དང་། དེ་དག་ལས་གཞན་དང་ཐུན་མོང་མ་ཡིན་པའི་གནད་ངོས་འཛིན་དང་། ཚད་གཞུང་འདི་ཐེག་པ་གང་གི་བཞེད་གཞུང་དུ་གཏོགས་ཚུལ་དང་བཞི་ལས།
དང་པོ་ལ་བཀའ་དང་བཀའ་བརྟེན་གཉིས། བཀའ་ལ་ཡང་། ལུང་ཕྲན་ཚེགས་དང་རྒྱ་ཆེའི་གཞུང་སྡེ་གཉིས་ལས། དང་པོ་ནི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡི་ཞེས་དང་། རིན་ཆེན་ཉི་མའི་འོད་ཟེར་ལས།
སེམས་ཉིད་བོན་ཉིད་འོད་ཟེར་ལས།།
འདི་ཁོ་ན་ཞེས་བསྟན་དུ་མེད།།
དེ་ཕྱིར་ཡོད་པའི་མཐས་མ་རེག།
མཚན་མེད་གར་ཡང་མ་ངེས།།
དེ་ཕྱིར་རྟག་པའི་མཐས་མ་རེག།
བྱེད་མེད་ཐམས་ཅད་རང་སྣང་བས།།
དེ་ཕྱིར་མེད་པའི་མཐས་མ་རེག།
ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས།།
དེ་ཕྱིར་ཆད་པའི་མཐས་མ་རེག།
དེ་ལྟར་ཡོད་མེད་རྟག་ཆད་ཀྱི།།
མཐས་མ་རེག་པའི་སེམས་ཉིད་དོ།།ཞེས་དང་།
མ་རྒྱུད་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས།
རྗེས་དཔག་ཚད་མས་ཡུལ་ལ་རྣམ་དཔྱོད་ན།།
ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས།།
ཞུགས་པ་ཡུལ་ལ་ཕྱོགས་ཅིག་བོན་དུ་བཟུང་།།
འཇུག་པ་དཔེ་ལས་སྒོམ་པས་རྗེས་སུ་ངེས།།
ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན།། ཞེས་དེ་ལྟ་བུའི་ལུང་ཕྲན་ཚེགས་ནི་རྒྱུད་གསུམ་གྱི་སྟོན་པའི་བཀའ་ལས་དུ་མ་མཆིས་པས། འདིར་ཡོད་ཚད་བརྗོད་པར་དཀའ་བའོ།། གོང་གི་ལུང་ཕྲན་ཚེགས་དེ་གསུམ་ནི་གཙོ་བོ་རྗེས་དཔག་ཚད་མའི་རྟེན་ཚུལ་གསུམ་སོགས་བསྟན་པ་ཡིན་ལ།
གཉིས་པ་ནི། ཐེག་འགྲེལ་མེ་ལོང་དགུ་སྐོར། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིག་མདོ། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལས་རྩོད་སྤོངས་སྨྲ་བའི་སེང་གེ་དང་། གཞན་ཡང་སྟོན་པས་གསུངས་པའི་ཚད་མ་སྡེ་བདུན་ཡོད་འདུག་ཀྱང་། དེང་གི་ཆར་མཇལ་དུ་མེད། ཚད་མ་སྡེ་བདུན་ནི་གཞན་སྡེའི་སྡེ་བདུན་དང་མི་འདྲ་བ་སྟེ།
༡ དྲི་བ་རྟགས་གསལ་སྒྲོན་མའི་སྡེ།
༢ རྩོད་པ་སྒྱུ་འཕྲུལ་དྲ་བའི་སྡེ།
༣ སྤོང་བ་རྒོལ་བ་ཚར་གཅོད་སྡེ།
༤ བླང་པ་ཀུན་འབྱུང་ཡངས་པའི་སྡེ།
༥ འགལ་བ་མི་མཐུན་སྤོངས་པའི་སྡེ།
༦ མཐུན་པ་རང་ལུགས་བཞག་པའི་སྡེ།
༧ མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་བཅས་ནི་ཚད་མ་སྡེ་བདུན་ཡིན་ལ། རྫོགས་པ་ཆེན་པོའི་སྤྱི་རྒྱུད་དཀར་པོ་ཡེ་ཁྲི་མཐའ་གསལ་གྱི་རྒྱུད་སྒྲ་ཚད་བམ་པོ་ལ་སྐབས་ལྔ་ལས། སྐབས་བཞི་པ་ཚད་མ་རྣམ་ངེས་རྩོད་པ་རྒྱས་པར་སྟོན་པ་དང་། སྐབས་ལྔ་པ་འབྲས་བུ་སྐུ་གསུམ་ཚད་མར་བཀྲོལ་ཏེ་བསྟན་པའི་སྐབས་གཉིས་ནི་ཚད་མའི་གཞུང་ཡིན་འདུག་ཀྱང་དེང་གི་ཆར་མཇལ་དུ་མེད།
གཉིས་པ་བཀའ་བརྟེན་ནི། ༼བླ་ཆེན་དྲན་པའི༽ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༼ལོ་པན་ཤ་རི་དབུ་ཆེན་གྱི་༽བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ། ༼སྙ་ཆེན་ལི་ཤུ་སྟག་རིང་གི་༽མན་ངག་ལུང་ཚད་མའི་འགྲེལ་བ། གཏན་ཚིགས་གལ་མདོ་རིག་པའི་ཚད་མ་བཅས་ནི་སྔ་རབས་ཞང་བོད་ཀྱི་ཚད་མའི་གཞུང་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། དེ་ཡང་བོད་གངས་ཅན་ལྗོངས་སུ་རྒྱ་གར་གྱི་ཚད་མའི་བཤད་སྲོལ་ཐོག་མ་མཁན་ཆེན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེ་ཡི་འགྲེལ་སློབ་དཔོན་ཀཱ་མ་ལ་ཤཱའི་སྟོང་ཕྲག་བཅོ་བརྒྱད་དང་། བར་གྱི་བཤད་སྲོལ་ཕྱ་བ་ཆོས་ཀྱི་སེང་གེའི་ཚད་མ་རྣམ་ངེས་འགྲེལ་རྒྱས་འབྲིང་བསྡུས་གསུམ་དང་། མཐའི་མའི་བཤད་སྲོལ་ས་སྐྱ་པཎྜི་ཏའི་རིག་གཏེར་སོགས་ཀྱི་བཤད་སྲོལ་མ་བྱུང་བའི་ཡར་སྔོན་དུ་བོད་ལ་བྱུང་བའི་བོན་གྱི་ཚད་མའི་གཞུང་ཡིན་ལ། ལྷག་པར་ཚད་མའི་མེས་པོ་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་། ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་སོགས་བོད་ལ་མ་དར་བའི་ཡར་སྔོན་དུ་ཚད་གཞུང་འདི་དག་ལ་འཆད་ཉན་གྱི་སྲོལ་བྱུང་ཟིན་པ་ཡིན་ལ། ལུང་ཚད་ཅེས་པའི་བོན་གྱི་ཚད་གཞུང་གལ་ཆེན་ཞིག་སྔོན་དུས་སུ་ཡོད་འདུག་ཀྱང་ད་ཆར་མཇལ་དུ་མེད། དེ་རྣམ་འདྲེན་སྟོན་པའི་བཀའ་ཡིན་ནམ་རྗེས་འཇུག་མཁས་པའི་བཀའ་བརྟེན་གང་ཡིན་ཁ་ཚོན་གཅོད་མ་ཤེས། ལྷག་པར་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་པའི་ཚད་གཞུང་འདི་ནི་བོན་གྱི་ཚད་མའི་གཞུང་གལ་ཆེན་ཞིག་ཡིན་ལ། གཞུང་འདིར་དགག་སྒྲུབ་ཀྱི་རྩོད་སྤོང་དང་བརྗོད་བྱ་དང་རྗོད་བྱེད་སོགས་ལ་ཚད་གཞུང་གཞན་དང་མི་འདྲ་བའི་གནད་ཐུན་མོང་མ་ཡིན་པ་ཡོད་འདུག་པས་འོག་གི་ས་བཅད་གསུམ་པའི་སྐབས་སུ་འཆད་པར་བྱ་བ་གཙོ་བོ་དེ་ཡིན་ལ། མཉམ་མེད་རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ་གཉིས་པོ་ནི། གངས་ཅན་མཁས་པ་རྣམས་ལ་ཚད་མའི་བཞེད་ཚུལ་སྤྱི་ལུགས་སུ་ཡོད་པ་དག་ཁ་གསལ་གོ་བདེའི་ཚུལ་དུ་བཀོད་པའི་བོན་གྱི་ཚད་གཞུང་ཤིན་ཏུ་གལ་ཆེན་ཞིག་ཡིན་ལ། གཉིས་པ་གཞུང་གི་བརྗོད་བྱའི་ལུས་རྣམ་བཞག་ལ། སྤྱིར་གོང་གི་བོན་གྱི་ཚད་གཞུང་དག་གི་བརྗོད་བྱ་དང་ལེའུ་གྲངས་དང་ཚིག་རྒྱས་བསྡུས་སོགས་མི་འདྲ་བ་ཅི་རིགས་པ་ལ་འདུག་ལ། སྐབས་དོན་འདིར་ནི། ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཀྱི་བརྗོད་བྱའི་ལུས་རྣམ་བཞག་བཤད་པར་བྱ་བ་ལ་གཉིས་ཏེ། གཞུང་རང་གི་ས་བཅད་དང་བསྟུན་པའི་མདོར་བསྟན་པའི་ལུས་རྣམ་བཞག་དང་། ལེའུའི་གྲངས་དང་བསྟུན་པའི་རྒྱས་བཤད་ཀྱི་ལུས་རྣམ་བཞག་གཉིས་ལས། དང་པོ་དེ་ལ། ཤེས་བྱ་ཡུལ་དང་ཤེས་བྱེད་བློ་ཡི་རང་བཞིན། དེ་དག་གི་རང་བཞིན་མཚན་མཚོན་གཞི་གསུམ་དང་གསུམ་ལས། དང་པོ་ལ་གཟུང་ཡུལ་ཞེན་ཡུལ་འཇུག་ཡུལ་དང་གསུམ་མོ། གཉིས་པ་ཤེས་བྱེད་བློ་ལ། གཟུང་བའི་ཡུལ་ལ་ལྟོས་ཏེ་བློ་གསུམ་སྟེ། རྟོག་བྲལ་མ་འཁྲུལ་བ། རྟོག་མེད་འཁྲུལ་པ། རྟོག་པའི་བློ་དང་གསུམ་མོ། གཟུང་ཡུལ་ཞེན་ཡུལ་འཇུག་ཡུལ་གསུམ་ལ་ལྟོས་ཏེ་བློ་རིག་བརྒྱད་དེ། ཐེ་ཚོམ། སྣང་ལ་མ་ངེས་པ། ཡིད་དཔྱོད། བཅད་ཤེས། དོན་ལ་མ་ངེས་པ། ལོག་ཤེས། མངོན་སུམ་ཚད་མ། རྗེས་དཔག་ཚད་མ་དང་བརྒྱད་དོ།
གསུམ་པ་མཚན་མཚོན་གཞི་གསུམ་ལས། རེ་རེ་ལའང་ཡང་དག་ལྟར་སྣང་སོགས་ཡོད།
གཉིས་པ་རྒྱས་བཤད་ལེའུའི་གྲངས་ཀྱི་དབང་དུ་བྱས་ན་བརྒྱད་ཡོད་དེ།
༡ ཤེས་བྱ་ཡུལ་དང་ཤེས་བྱེད་བློ་ཡི་རང་བཞིན།
༢ ཚད་མ་སྤྱིའི་རང་བཞིན།
༣ བཀའ་ལུང་ཚད་མའི་རང་བཞིན།
༤ མངོན་སུམ་ཚད་མའི་རང་བཞིན།
༥ རྗེས་དཔག་སྤྱིའི་རང་བཞིན།
༦ རང་དོན་རྗེས་དཔག་གི་རང་བཞིན།
༧ གཞན་དོན་རྗེས་དཔག་གི་རང་བཞིན།
༨ མཚན་མཚོན་གཞི་གསུམ་གཏན་ལ་ཕབ་པ་བཅས་བརྒྱད་དོ།
གསུམ་པ་ཚད་གཞུང་སོ་སོའི་ཚིག་དོན་གཉིས་ཀྱི་གནད་མི་འདྲ་བའི་ཆ་ནས་སོ་སོ་ནས་ཡོད་མོད་ཀྱང་། སྐབས་དོན་འདིར་ནི་ཚད་མ་ཀུན་ལས་བཏུས་པའི་རིག་པའི་གཏེར་མཛོད་ལས། ཐུན་མོང་མ་ཡིན་པའི་གནད་དུ་མ་ཡོད་པ་ལས་ལེའུ་དང་པོ་དང་གཉིས་པ་ལས་འཕྲོས་ཏེ་ཚད་མ་པ་ལ་ཡོངས་སུ་མ་གྲགས་པའི་གནས་བཞི་ཙམ་འདིར་བཤད་པ་ལ།
༡ དོན་དམ་ཡུལ་མིན་ཚུལ།
༢ རྟོག་པའི་མཚན་ཉིད་དང་སྒྲ་སྤྱི་དོན་སྤྱི་གཉིས་དངོས་ཀྱི་བརྗོད་བྱ་རྗོད་བྱེད་ཡིན་ཚུལ།
༣ བློ་རིག་གི་གྲངས་ངོས་འཛིན།
༤ མཚན་མའི་མཚན་ཉིད་དང་དབྱེ་བ་ངོས་འཛིན་བཅས་བཞི་ལས། དང་པོ་ནི་དོན་དམ་བདེན་པ་ནི་སྤྱིར་ཤེས་བྱ་དང་ཡུལ་མིན་ལ་དེ་རྟོགས་པའི་རྣལ་འབྱོར་མངོན་སུམ་ནི་ཡུལ་ཅན་བློ་མིན་པར་འདོད་དེ། དོན་དམ་སྤྲོས་བྲལ་མཚན་མར་མ་གྲུབ་པས་བློས་མཚན་འཛིན་དང་ཆེད་འཛིན་བྱས་པ་མེད་པ་དང་། རྣལ་འབྱོར་མངོན་སུམ་ནི་གཟུང་འཛིན་གྱི་རྣམ་པ་ལས་འདས་པས་སོ། དེ་ཡང་ཚད་གཞུང་རང་ལས། དོན་དམ་ཤེས་བྱ་མ་ཡིན་པར་འགྱུར་ཞེ་ན་འདོད་དེ། དེ་བློ་འདས་ཡིན་པའི་ཕྱིར་རོ། དེ་ལྟར་རྣལ་འབྱོར་མངོན་སུམ་གྱི་གཞལ་བྱ་མ་ཡིན་པར་ཐལ་ཞེ་ན། རྣལ་འབྱོར་མངོན་སུམ་གྱི་གཞལ་བྱ་ཡིན་ཡང་ཤེས་བྱ་མ་ཡིན་ཏེ། ཡུལ་དང་ཡུལ་ཅན་དབྱིངས་ཤེས་དབྱེར་མེད་དུ་གཟིགས་པའི་ཕྱིར། ཞེས་གསུངས་ལ།
གཉིས་པ་ནི་རྟོག་པའི་མཚན་ཉིད་ལ་འདྲེས་རུང་འཛིན་ཙམ་ཡིན་ལ། སྒྲ་སྤྱི་དང་དོན་སྤྱི་འདྲེས་རུང་ངམ་དོན་སྤྱི་དང་དོན་འདྲེས་པ་གང་རུང་གི་ཆ་ལ་གོ་དགོས། སྒྲ་སྤྱི་དང་དོན་སྤྱིའི་ངོས་འཛིན་ནི་ཚད་གཞུང་རང་ལས་དེ་ཙམ་གསལ་པོ་མ་བྱུང་བས་འདིར་གསལ་བར་བཤད་པ་ནི་དཀའ་འོ། དེ་ག ཉིས་དངོས་ཀྱི་བརྗོད་བྱ་རྗོད་བྱ་ཡིན་པ་ནི་ཚད་གཞུང་འདི་ཙམ་མ་ཡིན་པར་གཞུང་གཞན་དུའང་བྱུང་ལ། དེ་ཡང་སྒྲ་སྤྱི་དངོས་ཀྱི་རྗོད་བྱེད་དོན་སྤྱི་དངོས་ཀྱི་བརྗོད་བྱའོ། དོན་དེ་ལ་བསམ་ན་ཚད་མ་པ་ལ་ཡོངས་སུ་མ་གྲགས་པ་སྒྲ་དང་རྟོག་པའི་དངོས་ཡུལ་ཡིན་ན་རང་མཚན་མ་ཡིན་པའི་ཁྱབ་སྟེ། སྒྲ་དེ་ཉིད་ཀྱི་དངོས་སུ་བརྗོད་མི་ནུས་ཤིང་རྟོག་པ་དེ་ཉིད་ཀྱིས་དངོས་སུ་འཛིན་མི་ནུས་པའི་ཕྱིར། ཅེས་པའི་དོན་གཞན་ཞིག་ཡིན་ཏེ། སྒྲ་དང་རྟོག་པ་ཞེས་པའི་སྒྲ་ནི། སྒྲ་རང་མཚན་མིན་ལ་སྒྲ་སྤྱིའོ། དེ་ཉིད་ཀྱི་དངོས་ཡུལ་དོན་སྤྱི་ཁོ་ན་ཡིན་པས། དོན་རང་མཚན་མེད་པ་དང་། སྒྲ་རང་མཚན་ལ་དངོས་ཡུལ་དང་དངོས་ཀྱི་བརྗོད་བྱར་ཞེས་པ་ནི་མི་འཇོག་པ་དང་། དངོས་ཀྱི་བརྗོད་བྱ་རྗོད་བྱེད་ནི་སྒྲ་སྤྱི་དང་དོན་སྤྱིའོ། ཞེན་པའི་བརྗོད་བྱ་རྗོད་བྱེད་ནི་སྒྲ་རང་མཚན་དང་དོན་རང་མཚན་ནོ།
གསུམ་པ། བློ་རིག་གི་གྲངས་ལ་གཞུང་འདི་ལ་ནི། སྤྱིར་བརྒྱད་དུ་ཡོད་དེ། ཚད་མིན་གྱི་བློ་དྲུག་དང་། ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས། ཚད་མིན་ལ་ཡིད་དཔྱོད། བཅད་ཤེས། སྣང་ལ་མ་ངེས། ལོག་ཤེས། ཐེ་ཚོམ། དོན་ལ་མ་ངེས་པ་དང་དྲུག་གོ། དེ་ཡི་ནང་ནས་དོན་ལ་མ་ངེས་པའི་བློ་འདི་ནི། ཡོངས་སུ་མ་གྲགས་པ་ཡིན་ལ། ཡུལ་མི་སྣང་བ་ལ་བློས་སྒྲོ་བཏགས་སུ་འཇུག་པ་ནི། དེ་ཡི་མཚན་ཉིད་ཡིན་ལ། མཚན་གཞི་ནི་སྲོག་རྩར་རླུང་ཞུགས་པས་དོན་ལ་མ་ངེས་པ་དང་། གདོན་གྱིས་བརླམ་པ་ལས་བྱུང་བའི་དོན་ལ་མ་ངེས་པ་གཉིས་ལས། བློས་སྒྲོ་བཏགས་འབའ་ཞིག་ཡིན་པས། སྣང་ལ་མ་ངེས་པ་མིན་ལ་ལོག་ཤེས་ཀྱང་མིན་ཏེ། ཡུལ་མི་སྣང་བ་ཡིན་ལ་ལོག་ཤེས་ལ་ཡུལ་སྣང་བ་ཡིན་དགོས་པའི་ཕྱིར། འདིར་སྣང་མི་སྣང་ནི། ཚད་མ་པ་ལ་ཡོངས་སུ་གྲགས་པའི་རྣམ་པ་སྣང་མི་སྣང་ལ་གོ་བ་མིན་ལ། གཞན་ཡང་བོན་གཞུང་འགའ་ཞིག་ལས་བློ་རིག་དགུ་རུ་བྱུང་ལ། དེ་ཡང་གོང་གི་བློ་རིག་བརྒྱད་ཀྱི་སྟེང་དུ་སྣང་མེད་ཀྱི་རྟོག་པ་གསལ་སྣང་ཅན་དེ་ཡིན་ལ། མཚན་གཞི་ནི་ཐེག་ཆེན་གྱི་སྦྱོར་ལམ་རིགས་བཞི་ཡི་དོན་སྤྱི་གསལ་སྣང་ཅན་གྱི་མཉམ་བཞག་དག་ཡིན་ལ། དེ་ནི་ཚད་མས་དྲངས་པའི་བཅད་ཤེས་མིན་པར་འདོད་པའོ།
སྐབས་འདིར་བཤད་དགོས་པའི་གནད་དོན་གཞན་ཞིག་ལ། བོད་ཀྱི་ཚད་མ་པ་ཡི་ལུགས་ལ་རྔོགས་ལུགས་དང་ས་ལུགས་གཉིས་ལས། ཕྱི་མ་ས་ལུགས་པས་སྔ་མ་རྔོགས་ལུགས་པའི་ཚད་མིན་གྱི་བློ་ལ་ལྔ་ཡི་གྲངས་འབྱེད་པ་སོགས་རྟོག་བཟོ་འབའ་ཞིག་ལས་ཚད་མའི་མེས་པོ་ཕྱོགས་གླང་ཡབ་སྲས་ཀྱི་ཚད་གཞུང་དང་མི་མཐུན་པ་ཡིན་པས་དེ་ལ་དམིགས་ཕུགས་ཀྱིས་དགག་པ་མཛད་འདུག་ལ། དོན་འདི་ལ་བྱུང་བ་རིག་པ་དང་བསྟུན་ན་སྔ་མ་རྔོགས་ལུགས་ཀྱི་བཤད་སྲོལ་དེ། རྒྱ་གར་གྱི་ཚད་མའི་བཤད་སྲོལ་དང་འབྲེལ་བ་ཡོད་པའི་དོགས་པ་ངང་གིས་འབྱུང་ལ་འདི་ལ་དཔྱད་པ་བྱེད་དགོས་པའང་གལ་ཆེའོ། །
བཞི་པ་ཚད་མའི་མཚན་ཉིད་དང་དབྱེ་བ་ལ། ཚད་མའི་མཚན་ཉིད་ནི། མི་བསླུ་རྟོགས་པའི་བོན་སུམ་ལྡན་ཡིན་ལ། དེ་ཡང་མི་བསླུ་བ་གསུམ་ནི། ཡུལ་མི་བསླུ་བ། ངོ་བོ་མི་བསླུ་བ། བྱེད་ལས་མི་བསླུ་བ་ཡིན་ཏེ། ཚད་གཞུང་རང་ལས། ཡུལ་གྱི་ཁྱད་པར་ཡང་དག་ཉིད་དུ་གནས་པས་ལོག་པའི་མི་བསླུ་བ། བློ་རང་གི་ངོ་བོ་འཁྲུལ་མེད་ཀྱི་ཤེས་རབ་འཆལ་བས་མི་བསླུ་བ། བྱེད་པའི་ལས་སྒྲོ་འདོགས་གཅོད་བྱེད་དེ་མ་ཡིན་གྱི་མི་བསླུ་བའོ། ཞེས་གསུངས་ལ། མི་བསླུ་བ་གསུམ་གྱིས་རིགས་མི་མཐུན་པ་གསུམ་སེལ་བའོ། གཞན་ཡང་མི་བསླུ་བ་གསུམ་གྱི་དོན་ལ། ཚད་གཞུང་རང་ལས། དགག་བཞག རྩོད་སྤོངས་མང་དུ་གནང་འདུག་མོད་ཀྱང་འདིར་འགོད་ཐབས་བྲལ་ལ། འདིར་ཁྱད་པར་གནད་དོན་གལ་ཆེན་ཞིག་ལ། སྟོན་པ་སངས་རྒྱས་ཀྱི་གསུང་བཀའ་ཐམས་ཅད་ཚད་མ་ཡིན་པ་ནི་བོན་གྱི་ཚད་གཞུང་རྙིང་བ་ཐམས་ཅད་ཀྱི་དགོངས་པ་གཅིག་མཐུན་དུ་འདུག་པས་ཚད་མ་ཡིན་ན་ཤེས་པ་ཡིན་པའི་མ་ཁྱབ་ལ་བཀའ་དང་བཀའ་བརྟེན་གཉིས་ལས་བཀའ་གང་ཡིན་ཚད་མར་འདོད་པའོ། དབྱེ་གཞི་ཚད་མ་ལ་དབྱེ་ངོ་བཀའ་ཚད་མ། ལུང་ཚད་མ། རིག་པ་ཚད་མ་དང་གསུམ་གྱི་གྲངས་ཡོད་ལ། གཞན་ཡང་ཚད་གཞུང་འདིར་ལུང་ཤེས་བྱེད་དུ་དྲངས་པ་ནང་རྒྱུད་ལས། ཚད་མ་དྲུག་གིས་མི་མཚོན་ན་གྲི་མེད་གཡག་རོ་བཤའ་བ་འདྲ་ཅེས་པའི་ལུང་དེ་ཚད་མ་དྲུག་བསྟན་ལ་ཚད་མ་དྲུག་གི་གྲངས་ངོས་འཛིན་ལ་དེང་གི་ཆར་བཤད་ཚུལ་འདྲ་མིན་འདུག་མོད་ཀྱང་ཚད་གཞུང་རང་གི་ཚིག་དོན་གྱི་ཁོག་དང་བསྟུན་ན་འདི་ལྟར་ཏེ།
༡ བཀའ་ཚད་མ།
༢ ལུང་ཚད་མ།
༣ དོན་ཚད་མ། ༼རྣལ་འབྱོར་མངོན་སུམ།༽
༤ རིག་པ་ཚད་མ། ༼རང་རིག་མངོན་སུམ།༽
༥ མངོན་སུམ་ཚད་མ། ༼དབང་ཡིད་ཚད་མ།༽
༦ རྗེས་དཔག་ཚད་མ་དང་དྲུག་ཡིན་ལ།
དེ་ཡང་ཚད་གཞུང་རང་ལས།
གཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་ནི།།
ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན།།
རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས།།
དེ་དོན་ཉམས་སུ་མྱོང་བ་སྐྱེད་པར་འགྱུར།། ཞེས་གསུངས་པས་ངེས་སོ།
གཞུང་འདིའི་ཚད་མ་སྤྱིའི་ལེའུ་དང་མངོན་སུམ་གྱི་ལེའུ། རྗེས་དཔག་གི་ལེའུ་སོགས་དང་བསྟུན་ན་ཚད་མ་དྲུག་གི་གྲངས་ངོས་འཛིན་ནི་གོང་དུ་བཤད་པ་དེ་འཕྱུག་པ་མེད་པར་གནས་སོ།
བཞི་པ་ཚད་གཞུང་འདི་ཐེག་པ་གང་གི་བཞེད་གཞུང་དུ་གཏོགས་ཚུལ་ནི། གཡུང་དྲུང་བོན་རང་ལུགས་ལ་མདོ་སྔགས་སེམས་གསུམ་གྱི་གཞུང་དག་ལ་ཚད་མའི་རིག་པ་བསྟན་མོད་ཀྱང་། གོང་གི་ཚད་མའི་གཞུང་སྡེ་ཕལ་ཆེར་ནི་ཐེག་པ་རིམ་དགུའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་ཡིན་ནམ་སྙམ། ཚད་གཞུང་འདི་བཏུ་ས་གཙོ་བོའི་ཚད་མའི་གཞུང་ནི།
༡ རྣམ་འབྱེད་འཕྲུལ་གྱི་ལྡེ་མིག
༢ མན་ངག་ལུང་ཚད་མ།
༣ གཏན་ཚིགས་རིགས་པའི་གལ་མདོ།
༤ ལུང་ཚད་མ་དང་བཞི་ཡིན་ལ། གཞུང་འདི་བཞི་ནི་རྫོགས་པ་ཆེན་པོའི་ཚད་མའི་བོན་སྡེ་ཡིན་ལ། འོན་ཀྱང་ཚད་མའི་དེ་ཁོ་ཉིད་ཀུན་ལས་བཏུས་པ་རང་དུ་བླ་མེད་རྫོགས་པ་ཆེན་པོའི་ཁྱད་ནོར་ལྟ་བའི་ཡང་རྩེ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཚད་མའི་རིག་པས་གཏན་ལ་ཕབ་པ་ནི་མེད་ལ། དམིགས་སུ་བཀར་ནས་ཐེག་པ་འོག་མ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་བཞེད་པའི་གཞི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་དབྱེ་ངོ་དང་བཅས་རྒྱས་པར་བཤད་པ་འདུག་པས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་བཞེད་གཞུང་ཡིན་པའི་དོགས་པ་ངང་གིས་བྱུང་བས། དཔྱད་གཞི་ལྟ་བུར་སྣང་ངོ། གཞན་ཡང་གཡུང་དྲུང་བོན་ལུགས་ཀྱི་ཚད་མའི་ཁྱད་བོན་གཞན་དང་མི་འདྲ་བའི་གནད་མང་དག་ཡོད་འདུག་ཀྱང་ད་ལམ་འདི་ཙམ་མོ།
ལྷག་དོན་དུ་རྫས་དང་ལྡོག་པ ། རྫས་ལྡོག་ལ་བརྟེན་པའི་བོན་ཞེས་པ། ཚད་མའི་གཞལ་བྱ་རྒྱས་པར་བཤད་པའི་སྐབས་སུ་བྱུང་བ་དག་གཞུང་ལུགས་ཀྱི་གནད་འབྱེད་པ་ལ་ཉེ་བར་མཁོ་བ་ཡིན་འདུག་པས། ཚད་གཞུང་རང་ལ་གཟིགས་པར་འཚལ།
བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་མཁན་ཆེན་ཞིང་གཤེགས་དམ་པ་སྐུ་མདུན༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེའི་སྐྱབས་འོག་ཏུ་ལོ་མང་རིང་བོན་ལ་ཐོས་བསམ་གྱི་སྣང་བ་ཅུང་ཙམ་བགྱིས་པ་དོལ་པོ་བ་ཤེས་རབ་རྣམ་རྒྱལ་ལམ་ཡོངས་གྲགས་སུ་འོད་སྒོང་དཀར་པོ་འབོད་པས་ཕྱི་ལོ་༢༠༡༨ཟླ་༣ཚེས་༡༡ཉིན་ཕུལ།

1,067 total views, 6 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།