གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་བོན་བུ་ཁྱིམ་ཁང་དུ་ཞབས་སོར་འཁོད་པའི་གནས་བསྡུས།

 

དེ་ཡང་ཕྱི་ཚེས་༢༠༡༨ལོའི་སྤྱི་ཟླ་༡༡པའི་ཚེས་༢བོད་རྩིས་ལྟར་བོད་ས་ཕོ་ཁྱི་ལོའི་ཟླ་༡༠པའི་ཚེས་༢༥ཉིན། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་མཆོག བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས་གདན་ཞུས་ལྟར་བོན་བུ་ཁྱིམ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།

གོང་ཚེས་སྔ་དྲོའི་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི ་འཛིན་༣༤ཆེན་པོ་མཆོག་བསང་དང་སྤོས་དུད་ཀྱི་མཆོད་པའི་སྣེ་བསུའི་བསྟར་འཕྲེང་དང་བཅས་བོན་བུ་ཁྱིམ་ཁང་དུ་ཞབས་སོར་བཀོད་ཡོད་པ་དང་། བོན་བུ་ཁྱིམ་ཁང་གི་ལས་བྱེད་འགན་འཛིན་གཙོས་སློབ་ཕྲུག་ཕོ་མོ་ཉིས་བརྒྱ་ལྷག་གིས་དར་ལམ་དཀར་པོའི་རྟེན་འབྲེལ་གྱི་རི་མོ་ལེགས་པར་འཐེན་ཞིང་། མཆོད་པའི་ལྷ་དར་གྱི་སྣེ་མོ་ལག་ཏུ་ཐོགས་ནས་ཕེབས་བསུ་ཞུས་ཡོད་པ་དང་།

སྟོན་འཁོར་ལྷན་རྒྱས་ཐོག་མར་བོན་བུ་ཁྱིམ་ཁང་གི་ལས་ཁུངས་སུ་ཕེབས་པ་དང་བསྟུན་བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས་ལས་ཁུངས་གཙོས། འཕྲོད་བསྟེན་ལས་ཁུངས་དང་། ཐབ་ཚང་། ཀོང་ཙེ་ཁང་། བསམ་ལེགས་ཁང་། ནེའུ་ཆེན་ཁང་། ནེའུ་ཆུང་ཁང་སོགས་སློབ་ཕྲུག་ཕོ་མོ་གླིང་གཉིས་སུ་ཕྱེས་པའི་ཉལ་ཁང་དག་ངོ་སྤྲོད་ཞུས་པ་ཡོད་པ་དང་། ༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་རིམ་བཞིན་རབ་གནས་བཀྲ་ཤིས་མངའ་དབུལ་གྲུབ་རྗེས། ཕྱྭ་གསས་དཔེ་མཛོད་ཁང་དུ་གདན་ཞུས་ཀྱིས་གསེར་ཁྲིར་མངའ་གསོལ་མཛད་པ་དང་བསྟུན་བོན་བུ་ཁྱིམ་ཁང་གི་དྲུང་ཡིག་དར་རྒྱས་མཆོག་ནས་སྐྱབས་རྗེ་མཆོག་གིས་ཆིབས་བསྒྱུར་བསྐྱངས་པར་བཀའ་དྲིན་མདོ་འཛིན་དང་སྦྲགས་བོན་བུ་ཁྱིམ་ཁང་གི་ལོ་རྒྱུས་རགས་བསྡུས་ཤིག་འགྲེལ་བརྗོད་བསྐྱོན་ཡོད་པ་དང་།

 

བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་ནས་བོན་བུ་ཁྱིམ་ཁང་གི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ངོ་སྤྲོད་ཞུས་པ་དང་། དེ་ཡང་བོན་བུ་ཁྱིམ་ཁང་འདི་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་སྤྱི་ལོ་༡༩༨༨ལོར་གསར་འཛུགས་གནང་བ་དང་། དེའི་འགན་འཛིན་དུ་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་བསྐོ་བཞག་གནང་ནས་ད་བར་མི་ལོ་ཧྲིལ་བོ་༣༠ལྷག་གི་རིང་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་འོག་བོན་བུ་ཁྱིམ་ཁང་ནས་སློབ་ཐོན་དང་ད་ཡོད་ཀྱི་སློབ་ཕྲུག་ཁྱོན་༤༠༠ལྷག་ལ་ཤེས་ཡོན་གྱི་བགོ་སྐལ་ཐོབ་པའི་མ་དངུལ་ཐད་རྒྱལ་ཁབ་གང་མང་འགྲིམས་པའི་ལོ་རྒྱུས་ཉམས་མྱོང་གླེང་སློང་མཛད་པ་དང་། མཁན་སློབ་རྣམ་པའི་ཐུགས་རྗེ་བཀའ་དྲིན་དང་ལས་ཀྱི་སྣེ་མོ་བ་རྣམས་ནས་ཕྱར་གྲུ་མཉམ་འདེགས་འོག་ད་ལྟའི་བར་དཀའ་ལས་བྱུང་མ་སོང་གསུངས་པ་དང་།

དེ་རྗེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་གིས་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། རིན་པོ་མཆོག་གིས་གསུང་དོན་ང་ཚོ་ཚང་མ་ལས་དང་སྨོན་ལམ་དབང་གིས་འདིར་འཛོམས་པ་ཡིན་ལ། ལས་དང་སྨོན་ལམ་འདི་ལ་རང་ངོས་ནས་དགའ་བ་སྒོམ་བཞིན་ཡོད།

ལོ་ངོ་དུ་མའི་རིང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པས་དཀའ་ངལ་ཁྱད་བསལ་གྱིས་སློབ་ཕྲུག་ཕོ་མོ་ཁྱོད་ཚོའི་ཤེས་ཡོན་ཐད་དཀའ་ལས་མྱངས་ཡོད་ལ། ཁྱོད་ཚོས་ཀྱང་བཀའ་དྲིན་ཤེས་པའི་ཐོག་ནས་རང་ཉིད་སློབ་ཕྲུག་ཡིན་པ་ངོ་ཤེས་དགོས་ལ། སློབ་ཕྲུག་གི་འགན་སློབ་སྦྱོང་ཡིན་པ་ཤེས་དགོས། དེ་ལྟར་ཤེས་པའི་ཐོག་ནས་སློབ་མཐར་ཕྱིན་རྗེས་རང་མི་རིགས་དང་སྤྱི་ཚོགས་ལ་ཕན་པའི་མི་སྣ་འཇོན་ནུས་ཅན་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་ཡོད། དེ་ཡང་སློབ་སྦྱོང་བྱེད་པ་ཨང་རིམ་མཐོན་པོ་ཞིག་ལོན་པའི་ཆེད་དུ་མིན་ལ། ཡིག་རྒྱུགས་གཏོང་བའང་ཨང་རིམ་མཐོན་པོ་ཞིག་ལོན་པའི་ཆེད་དུ་མིན། དེ་ནི་རང་གི་ཤེས་པའི་ནུས་ཚད་གོང་འཕེལ་དུ་གཏོང་བ་ཡིན་པས། རང་མགོ་རང་གིས་མི་སྐོར་བར་བྱེད་དགོས་སོགས་བཀའ་སློབ་ཟབ་མོ་གནངས་པ་དང་།

མཐར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་མཆོག་ནས་སྙིང་བོ་རྣམ་གསུམ་གྱི་ལུང་རྒྱུན་གནངས་ནས་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།