༧རྗེ་བླ་མ་བོན་བརྒྱ་བ་ཆེན་པོའི་ཞུམ་པ་མེད་པའི་ཐུགས་སྟོབས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ།

རྩོམ་པ་པོ།  རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།

༢༠༡༨ལོའི་ལུགས་རྙིང་གི་ཟླ༧ཚེས༡༡ཉིན་གྱི་དགོང་མོར། རེབ་གོང་བོན་བརྒྱ་དགོན་པའི་མཁན་ཟུར་བསྟན་པའི་ཉི་མ་མཆོག་གིས་གློ་བུར་དུ་ཁ་པར་ཞིག་སླེབས་བྱུང་། དེ་དུས་ཁོང་གི་སྐད་ཅུང་ཟད་ཤོར་བའི་སྒོ་ནས་ཚོགས་འདུ་ལས་སྣེའི་སྒྲིག་བཀོད་ཡིན་པའི་འགན་འཁྲིའི་གསལ་བཤད་དང་བཅས་ཏེ། རྗེ་བླ་མ་བོན་བརྒྱ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཁ་པར་བརྒྱུད་དེ་ང་ལ་ཞིབ་རྒྱས་སུ་བསྙད་བྱུང་། དེ་ནས་ཅུང་མ་འགོར་བར་རེབ་གོང་བོན་བརྒྱ་འདུས་སྤྱི་ནས་སྤེལ་བའི་དེའི་སྐོར་གྱི་གསལ་བསྒྲགས་ཡིག་ཆ་རེབ་གོང་བོན་མང་དྲ་བའི་སྟེང་དུ་བཀྲམས་འདུག་ཅིང་། གསལ་བསྒྲགས་དེ་ཉིད་དབུགས་ཐེངས་གཅིག་གིས་རེབ་ཁ་ཤས་སུ་བཀླགས་པས་ན། མཁན་ཟུར་བསྟན་པའི་ཉི་མ་མཆོག་གིས་གསུང་པ་ནང་བཞིན། ལུགས་རྙིང་གི་ཟླ༧ཚེས༦དགོང་མོའི་ཆུ་ཚོད༡༡གི་སྟེང་། སྐྱབས་རྗེ་བླ་མ་བོན་བརྒྱ་བ་རིན་པོ་ཆེ་མཆོག་གི་ཞབས་ཀྱིས་ང་དང་ང་འདྲ་བའི་གདུལ་བྱ་རྟག་ཏུ་རེ་བ་རྣམས་སུན་ཕྱུང་བའི་ཕྱིར། རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བོན་བརྒྱ་བླ་བྲང་ནས། དགོངས་པ་བོན་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་གཟིམས་པའི་ཚུལ་བསྟན་པར་ཤེས་པ་དང་། དེ་ཡང་ཁོང་གི་ཐུགས་དམ་གཡོ་བ་མེད་པ་བོན་སྐུར་ཐིམ་པའི་མཚོན་དཔེ་གདུང་བཞུགས་ཀྱི་རྣམ་པ་མ་གྲོལ་བར་དུ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ཟབ་མོའི་བཀའ་སློབ་ཇི་ལྟ་བ་བཞིན། དགོན་པའི་ཚོགས་འདུ་ལས་སྣེ་ནས་ཀྱང་ཚུལ་དེ་གསང་རྒྱ་དམ་པོར་བསྲུང་བ་མ་ཟད། ཚེས་བཅུ་གཉིས་ཉིན་གྱི་ཞོགས་པ་ནས་གསང་རྒྱའི་རིམ་པ་གྲོལ་ཏེ་ཡིད་སྐྱོ་བའི་གནས་ཚུལ་འདི་ཡོངས་སུ་ཁྱབ་བསྒྲགས་བྱས་ལུགས་བཀོད་ཡོད་པ་ལྟར་རེད།

ད་ལྟ་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་སྐུ་ཞི་བར་གཤེགས་ཏེ་ཟླ་བ་གསུམ་དང་ཞག་མ་བཅུ་ཕར་ལ་བསྐྱལ་བ་ཡིན་ཡང་། ཁོང་གི་དུང་ལྟར་དཀར་བའི་དབུ་སྐྲ་དང་། སྤྱན་ཟུང་འོད་ཆེམ་ཆེམ་དུ་འཕྲོ་བའི་ཞལ་རས་སྔར་བཞིན་ཡིད་ལ་ལྷང་ངེར་འཁོར་ཞིང་། རིན་པོ་ཆེ་མཆོག་གི་ཚེ་ལུས་སྲོག་གསུམ་ཐམས་ཅད་བསྟན་པ་དར་སྤེལ་གྱི་སླད་དང་། བོད་ཀྱི་ཤེས་རིག་འཛིན་སྐྱོང་གི་ཆེད་དུ་བསྟིམས་པའི་མཛད་རྗེས་སྐོར་གཟིགས་ཅན་བཞིན་དྲན་ཚེ། རང་ཉིད་སྐྱེས་སྦྱངས་མྱོང་གསུམ་གྱི་ཡོན་ཏན་ཤིན་ཏུ་དབུལ་པོ་ཡིན་པའི་ངོ་ཚ་ལ་མ་ལྟོས་པར། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་བསྟན་དོན་ལ་གནང་བའི་མཛད་རྗེས་ཀྱི་རྒྱ་མཚོ་ཆེན་པོ་ཁ་དང་གཏིང་མེད་པའི་རླབས་རྒྱུན་ཁྲོད་ནས། རང་ལ་མཐོང་ཐོས་ཡོད་ཅིང་བརྗེད་དཀའ་བའི་གནས་ཚུལ་གྱི་ཆུ་ཐིགས་རེ་གཉིས་ཙམ་ཞིག་དཔེར་མཚོན་དུ་བཀོད་པའི་རྩོམ་ཡིག་འདི་འབྲི་ཁུལ་བྱས་ཏེ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ལ་སྙིང་དབུས་ནས་དྲན་གསོ་ཞུ་ལུགས་མཚོན་པར་བྱ་རྒྱུ་ཡིན།

 སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོའི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་སྐབས་ཀྱི་རང་གི་སེམས་ཚོར་ལ་བལྟ་བ།

༢༠༡༨ལོའི་ལུགས་རྙིང་གི་ཟླ༧ཚེས༦ཉིན་ནི་ཡུལ་མདོ་སྨད་བྱང་རྒྱུད་ཀྱི་རྒྱལ་གཤེན་བསྟན་པའི་བདག་ཉིད་ཆེན་པོ་དང་། གངས་ཀྱི་སེང་གེ་ལྟ་བུའི་བླ་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཆེན་པོ། མིའི་རིགས་ཀྱི་བསམ་བློ་བ་རླབས་པོ་ཆེ། བོད་བརྒྱུད་ནང་བསྟན་གྱི་མཁས་པ་གྲགས་ཅན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱི་མཁས་པ་ཁྱད་དུ་འཕགས་པ།  སྙིགས་མའི་འདྲེན་སྟོན་སྨྲ་སེང་བླ་མ་བོན་བརྒྱ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་རིན་པོ་ཆེ་ཞེས་མཛད་བཟང་གི་གྲགས་སྙན་རིང་མོ་གངས་ཀྱི་ར་བ་ཆེན་པོའི་ཀློང་ལས་ཡོངས་སུ་བརྒལ་ཏེ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཀུན་ཏུ་རླབས་ཀྱིས་འབར་བའི་སྐྱེས་བུ་ཆེན་པོ་ཁོང་ཉིད་དགོངས་པ་བོན་དབྱིངས་སུ་རྫོགས་པའི་འདས་མཆོད་ཀྱི་ཉིན་མོར་གྱུར་ཞིང་། ད་ལོར་སྐྱབས་རྗེ་བླ་མ་བོན་བརྒྱ་བ་རིན་པོ་ཆེ་མཆོག་ཉིད་དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་སླེབས་ཡོད་པ་རེད།

འདི་ནི་མདོ་སྨད་བྱང་རྒྱུད་ཀྱི་རྒྱལ་གཤེན་བསྟན་པའི་གྱོང་གུད་ཧ་ཅང་ཆེན་པོ་ཞིག་ཡིན་ལ། གཡུང་དྲུང་བོན་གྱི་ལོ་རྒྱུས་སྟེང་བསུབ་ཐབས་བྲལ་བའི་གྱོང་གུད་ཧ་ཅང་ཆེན་པོ་ཞིག་ཡིན་པ་མ་ཟད། གཙུག་ལག་གིས་བཞེངས་པའི་གསེར་ནག་གི་རིག་མཛོད་ཆེན་མོ་ཞིག་འདི་ལྟར་ནུབ་སོང་བ་ཡིན་པས་བོད་བརྒྱུད་ནང་བསྟན་སྤྱི་དང་། མིའི་རིགས་ལ་འཚེ་མེད་ཞི་བདེ་དང་ཞང་བོད་ཤེས་རིག་གི་བསམ་བློའི་དཔལ་ཡོན་གྱི་རླབས་ཤུགས་སྣོན་པའི་སྤྱི་ཚོགས་བྱེད་སྒོ་བ་གྲགས་ཅན་ཞིག་མེད་པར་གྱུར་སོང་བ་རེད། མི་ཞིག་གི་ཚེ་ལ་ཚད་ཡོད་པ་མཚོན་ཕྱིར། དེང་དུས་ཀྱི་མཁས་པའི་ཏོག་ཏུ་བསྔགས་པའི་སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་འདིས། གང་ལྟར་ང་ཚོ་སྐྱོ་གདུང་ཚད་མེད་ཀྱི་གནས་སུ་གྱུར་བ་དང་ཕངས་སེམས་བར་ཏུ་ཆེ་བར་བྱས་མོད་ཀྱི། ལས་མ་བྱས་པ་དང་མི་འཕྲད་ལ་བྱས་པ་ཆུད་མི་ཟ་བ་ཡིན་པའི་དཔེ་བཞིན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་གསེར་དང་འདྲ་བའི་ཐུགས་སྟོབས་ཀྱི་གཟི་མདངས་བསྐལ་པའི་བར་དུ་ཉི་ཟླའི་འགྲོས་ཀྱི་འོད་དང་བསྡོངས་ཏེ་གནས་པར་གཏན་དུ་འཁེལ་ཡོད།

རིན་པོ་ཆེ་མཆོག་གི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྐྱོ་གདུང་གི་གཏམ་ཚོགས་རང་གི་རྣ་བའི་བུ་གར་འཛུལ་བ་དང་ཆབས་ཅིག་ཏུ། ནོར་བུ་རང་ལ་ཡོད་དུས། །ནོར་བུས་ནོར་ངོ་མ་ཟིན། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་བྱུང་། །ཞེས་པ་ལྟར་ཡིད་སེམས་གདུང་བས་རབ་ཏུ་མནར་ཞིང་། གང་ནས་འོང་བ་མི་ཤེས་པའི་ཡིད་སྐྱོའི་སེམས་ཚོར་ལྗིད་མོའི་ན་ཟུག་ཅིག་གིས། ཅི་ཡིན་འདི་ཡིན་མེད་པར་ཁོ་བོའི་ལུས་ཀྱི་སྟོད་སྨད་བར་གསུམ་བརྒྱུད་ནས་ཤ་ཁྲག་རུས་གསུམ་དབང་མེད་དུ་སྦྲིད་པར་བྱས་ཤིང་།  ཡོད་ཚད་བོར་སོང་བ་ལྟར་ཧང་སངས་པ་དང་ཧོན་ཐོར་བ་ལས་གང་ཡང་དྲན་རྒྱུ་མེད་པའི་ངང་ལུས་སྐྱི་ཤ་ཟིང་ལ། བ་སྤུ་ལྡང་བ་དང་། ཤེས་པ་ཧུར་ཅིང་ཁ་མིག་མི་སིམ་པར་ཡུན་རིང་ཞིག་ལ་ལུས་པའི་ཚོར་བ་བྱུང་། ཚོར་བ་དྲག་པོ་དེས་བསྐུལ་ཏེ། ཡིད་སེམས་ཀྱི་སྐྱོ་གདུང་གི་མཆི་མ་ནི་བཟོད་བསྲན་སྐྱི་པགས་ཀྱི་ལྕགས་རི་བཙན་པོས་ཀྱང་འགོག་མ་ཐུབ་པར་རང་གི་ངོ་གདོང་ཡོངས་སུ་བརླན་པར་བྱས་མོད། བསམ་ཞིང་བསམ་པའི་ཚེ་ན། ང་འཆི་མེད་གཉུག་མའི་དོན་རྟོགས་པས། །བདུད་འཆི་བདག་གཡུལ་ལས་རྒྱལ་ལགས་ཀྱང་། །ལུས་ཤ་ཁྲག་ཕུང་པོ་རྟག་ཐབས་མེད། །རྟེན་ཡང་དག་འཇའ་ལུས་ལེན་པ་སྟེ། །ང་མི་རྒན་འཆི་ལ་འཇིགས་མེད་བྲོད། །ཅེས་ཚེ་འདིར་བཙན་ས་ཟིན་པའི་བླ་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་ལ་མཚོན་ན། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་ཁྱབ་བདལ་ཆེན་པོའི་རང་བཞིན་ནི་རྒྱ་ཆད་ཕྱོགས་ལྷུང་མེད་པ། དོག་པ་མེད་པ། འཕེལ་འགྲིབ་མེད་པ། གང་གི་མཐས་མ་རེག་པ། བློའི་འཛིན་པ་མ་ཞུགས་པར་གཞི་དང་རིག་པ་བདག་ཞལ་མཇལ་ཞིང། རྟོགས་པས་རིག་པ་རང་ས་ཟིན་ཏེ་སྣང་བ་ཡུལ་གྱིས་རྗེས་མི་འབྲང་བར་བཞུགས་ཡོད་སྟབས་དཔའ་པོའི་གསེབ་ལམ་ལྟ་བུའི་གནས་སྐབས་འདི་ནས། སེམས་རིག་པ་བོན་ཉིད་ཀྱི་དབྱིངས་སུ་མཁའ་ལ་སྤྲིན་ཚོགས་དེངས་པ་ནང་བཞིན་ཉི་ཟླ་གའུ་ཁ་སྦྱོར་གྱི་ཚུལ་དུ་སེམས་ཉིད་ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་བསྟན་པའི་བླ་མ་གཤེན་ཆེན་པོའི་ཉམས་རྟོགས་ཀྱི་མགུར་ཚིག་དེ་དང་། རྐྱེན་ལམ་དུ་སློང་བ་རྩལ་སྦྱོང་སྤྱོད་པའི་ཁྲིད་ལས། ལུས་ངག་ཡིད་གསུམ་གྱི་རྒྱ་རལ། སྐུ་གསུང་ཐུགས་གསུམ་གྱི་རྩལ་རྫོགས་ནས། བྱ་ཁྱུང་སེང་གེའི་བུ་ལྟར་ལུས་སེམས་བྲལ་མ་ཐག སྐུ་གསུམ་མངོན་དུ་གྱུར་ནས་འགྲོ་དོན་རྒྱ་ལག་ཕྱད་པར་འགྱུར་རོ། །ཞེས་པའི་དགོངས་དོན་སྐོར་ལ་ལྷོད་ཀྱིས་གློད་དེ་བསམ་བློ་གཏོང་ཁུལ་དུ་འབད་པས་ན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་གདུལ་བྱ་རྟག་ཏུ་རེ་བ་རྣམས་སུན་ཕྱུང་བའི་ཚུལ་ཙམ་བསྟན་པ་ལས། དོན་དངོས་པོའི་གནས་ཚུལ་ལྟར་ན་ཁོང་ཉིད་ཐོག་མ་ནས་སྐྱེ་འཆི་དང་འདས་གྲོང་གི་མཐའ་ལས་ཡོངས་སུ་གྲོལ་བ་ཞིག་ཡིན་ངེས་པ་ཡང་། མདོ་ལས། ང་ཡང་མྱ་ངན་འདའ་མ་ཡིན། །བོན་ཀྱང་ནུབ་པར་མི་འགྱུར་ཏེ། །རྟག་ཏུ་རེ་རྣམས་སུན་ཕྱུང་ཕྱིར། ལན་ཅིག་མྱ་ངན་འདའ་ཚུལ་བསྟན། །ཞེས་གསུངས་པའི་དོན་དེས་རང་ལ་རེ་སྙེག་གིས་དྲན་བསྐུལ་དང་རང་སེམས་རྣལ་དུ་ཕབ་པར་ཕན་རླབས་མི་དམན་པ་ཞིག་བྱུང་།

དེ་ཡང་རང་ཉིད་ནས་དྲན་གསོས་པའི་དབང་ལྟར་བྱས་ན། ཕྲན་གྱིས་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་གསེར་ཞལ་ཐོག་མར་མཇལ་ཞིང་། ཕྱག་དབང་ཞུ་ཐེངས་དང་པོ་དེ་ནི་ཕལ་ཆེར༡༩༧༩ལོ་ཡིན། སྐབས་དེར་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ནི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་རྩེ་དབུས་རུ་ཁག་སྟེ་ང་ཚོའི་ཕ་ཡུལ་ལ་ཡང་བསྐྱར་ཕེབས་པ་ཡིན་ཞིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱང་ཅུང་ལྷོད་ཡངས་སུ་འགྲོ་བཞིན་ཡོད་སྟབས། ཁོ་བོའི་ཕ་དྲིན་ཅན་ལགས་ནས་དུས་འགྱུར་ཁྲོད་ལྔ་ལམ་དུ་ཕྱིན་པའི་ཚེ་འདས་རྣམས་ལ་བསྔོ་བ་དང་སྨོན་ལམ་ཞུ་བར་དམིགས་ཏེ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་རང་ཁྱིམ་དུ་གདན་འདྲེན་ཞུས་ཤིང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་ཀྱང་ཐུགས་ནང་ཤིན་ཏུ་གཤིན་པོའི་སྒོ་ནས་ང་ཡི་ཕ་ལགས་ལ་རིག་གནས་གསར་བརྗེ་དང་། གྲལ་རིམ་འཐབ་རྩོད་ཀྱི་ཡོ་ལང་ཁྲོད་ཉིད་ལ་ཤིན་ཏུ་མི་འོས་པའི་སྤྱོད་ཚུལ་གྱི་འཛིན་སྟངས་འཁེལ་ནས་བསྐྱོན་པའི་ཞིང་བྲན་བདག་པོའི་ཞྭ་མོ་སུམ་བརྩེགས་དེ་ཡང་ཉེ་ལམ་ཕུད་སོང་བ་ཡིན་པས། རང་ཅག་གི་ཚེ་སྲོག་ལ་ད་ནས་སྐྱིད་ཀྱི་ཉི་མ་གསར་བ་ཞིག་གི་འོད་རླབས་འཕྲོ་བའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་དེ་དྲན་ཐེངས་རེར་སེམས་པ་མཆི་མས་བརླན་པ་ལ་མཐའ་མེད་པར་བྱས། དེ་ལ་ཁོ་བོའི་ཕ་རྒན་ལགས་ནི་རྩེ་ཞིག་ཅེས་པའི་བླ་རབས་ཀྱི་གཞིས་ཀའི་ཁྱིམ་རྒྱུད་སྐྱོང་མཁན་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། ངེད་ཚང་ལ་ལོ་རྒྱུས་ཀྱི་དུས་འགྱུར་ཁྲོད་སྤྱིར་བཏང་གི་ཁྱིམ་ཚང་གཞན་པ་དང་མི་མཚུངས་པའི་མི་ཤི་ཁྱིམ་སྟོང་གི་རྡབ་གསིགས་ཆེན་པོ་ཞིག་ཕོག་པས་ཡིན། སྐབས་དེར་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཞབས་ཞུར་ཕེབས་ཡོད་པའི་རྣམ་རིག་ཅན་གྱི་དགེ་ཕྲུག་ཆུང་ཆུང་དེ་གཉིས་ནི། བཀུར་འོས་སྐུ་གཤེགས་གདུང་སྲས་བཟོད་པ་རྒྱ་མཚོ་ལགས་དང་། ད་ལྟའི་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་རྣམས་གཉིས་ཡིན་པ་ད་རུང་གསལ་བོར་དྲན་གྱིན་འདུག ལས་སྨོན་བཟང་པོའི་རྨུ་ཐག་དེ་ལ་རྗེས་སོར་དམ་དུ་འཇུས་པའི་སྐལ་བ་བཟང་པོའི་འོག་ཏུ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་མདུན་ནས་བཀའ་དབང་ལ་གསན་པ་དང་། དཔེ་ཁྲིད་ལ་ཉན་པའི་གོ་སྐབས་ཏོག་ཙམ་རེ་ཐོབ་པ་ནི་རང་ལ་མཚོན་ན་མི་ཚེ་འདིའི་གཟི་བརྗིད་བླ་མེད་ཅིག་ཏུ་སྒོམ་བཞིན་ཡོད་ཅིང་། དེ་ལ་སྔ་ཕྱིར་སྐྱབས་རྗེ་བླ་མ་རིན་པོ་མཆོག་གི་ཞབས་ནས་བྲུའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་གཙོས་པའི་རྗོགས་ཆེན་སྐུ་གསུམ་རང་ཤར་གྱི་དངོས་གཞིའི་ཁྲིད་རིམ་དང་། ལམ་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ། རྟེན་འབྲེལ་གྱི་སྐོར།  སེམས་ཀྱི་རྣམ་བཞག་ཡིད་ཀྱི་མུན་སེལ། ལམ་རིམ་དྲུག་ཅུ་བ་སོགས་ཀྱི་དཔེ་ཁྲིད་ལ་གསན་ཞུ་མཛད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ཀུན་བཟང་ཞི་བ་ཉམས་ལེན་ལྔ་སྐོར་དང་། ཡི་དམ་དབལ་གསས་ཀྱིས་མཚོན་པའི་ཡི་དམ་ཕྱི་ནང་གསང་གསུམ་དང་། ཚེ་དབང་བོད་ཡུལ་མ་ལ་བརྟེན་ནས་བཀའ་རབ་འབྱམས་དབང་ཀ་ཡེ་ཤེས་སྤྱི་བླུགས་ཀྱི་དབང་བཞི་སོགས་དབང་ལུང་མན་ངག་དུ་མར་གསན་པའི་སྐལ་བ་བྱུང་ཞིང་། བོན་སྲིད་གང་ཅིའི་ཆ་ལ་ཐུགས་བརྩེས་རྗེས་སུ་བཟུང་བ་གཏན་ནས་འཁོར་ཐབས་མེད་པའི་བཀའ་དྲིན་བླ་མེད་དུ་གྱུར་པ་ཡིན།

མིད་པ་མཆི་མས་བརྣངས། སྐྱོ་བའི་ངུ་སྐད་ཤོར། དེ་ལ་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཟབ་མོས་རྗེས་སུ་བཟུང་བའི་ཚུལ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་དྲན་པས་ན། རྗེ་བླ་མ་མཆོག་དང་ཐུགས་དམ་གཅིག་ཏུ་བསྲེས་པའི་ཟབ་ལམ་བླ་མའི་རྣལ་འབྱོར་ལ་རང་གི་བློ་ཁ་བསྒྱུར་བར་འབད་པ་བྱས་མོད་ཀྱི། འོན་ཏེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བའི་ཆ་ནས་རང་ཉིད་རང་ལ་ཡིད་སྐྱོ་ཞིང་ངོ་གནོངས་དགོས་པ་ཞིག་ལ། རྟོགས་པ་མངོན་དུ་མ་གྱུར་བའི་བསྒོམ་གྱི་ས་རྒྱ་གང་ཡང་མི་ཆོད་པ་ལྟར།  ཉམས་ལེན་གྱི་བཟོ་ལྟ་ཙམ་པོ་པ་དེ་ལས་ཅང་མ་འགོར་བར་སྣང་བ་དགྲར་ལངས། རྟོགས་པའི་ངར་བུད་ནས་ཅི་ཞིག་ན་སེང་གེ་རང་གཟུགས་ལ་འཁྲུལ་བའི་དཔེ་བཞིན། བྱིངས་རྨུག་འཕྲོ་རྒོད་རྐྱང་རྐྱང་གི་ཀློང་ན་དུས་འདའ་བར་འཚོ་བའི་སེམས་ཀྱི་གོམ་ཁ་རང་དབང་མེད་པར་གཟུང་འཛིན་ཞེན་ཆགས་ཀྱི་ཡུལ་སྣང་ཨ་འཐས་རྒོད་པོའི་སྟེང་དུ་རྟ་རྒོད་བཞིན་མགྱོགས་པོར་ལྡང་ཚེ།  བརྟན་གཡོ་དགེ་བའི་ལེགས་ཚོགས་མ་ལུས་པ། །ཟབ་རྒྱས་མདོ་སྔགས་བཅུད་དུ་ལྷུན་གྲུབ་པའི། །གདུལ་བྱ་རྒྱ་མཚོའི་གཙུག་རྒྱན་ཉི་མའི་སྐུ། །གློ་བུར་གཟིམས་འདིས་ས་སྟེང་མུན་པས་གཟིར། །རྩོད་ལྡན་དུས་ན་རྩོད་མེད་སྤྲུལ་སྐུའི་མཆོག །སྙིགས་མའི་ཀློང་ན་སྙིགས་འགྲོའི་སྐྱབས་ཀྱི་ཕུལ། །རྒྱལ་བའི་ཞལ་སྐྱིན་རྒྱལ་དབང་བོན་བརྒྱ་བ། །མགོན་མེད་མགོན་དུ་ཤར་ཚེ་གཤེགས་པས་སྐྱོ། །ཨ་ཧོ་སྐྱེ་བར་བསོད་ནམས་དམན་ཆེ་བས། །བླ་མ་འདི་ལྟར་ཕེབས་པར་མི་གཟོད་པའི། །སྡུག་བསྔལ་མཚོ་མོས་ཡིད་སེམས་སྐྱོམ་པ་ལ། །རྣམ་འདྲེན་མཆོག་གི་ཐུགས་རྗེས་དབུགས་འབྱིན་མཛོད། །ཅེས་པའི་ཤོ་ལོ་གསུམ་འཕྲལ་མར་བྲིས་ཏེ། དམིགས་ཡུལ་ངོས་མ་ཟིན་གོང་ལག་པ་སྔོན་ལ་ཤོར་བའི་ཚུལ་གྱིས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐད་ཚོམ་དུ་བརྒྱུད་བསྐུར་བྱས་སོང་བ་ཡིན། གང་ལྟར་རང་གི་ཚེ་སྲོག་གི་རིན་ཐང་ཐར་བ་དོན་གཉེར་གྱི་ལམ་ཁ་ནས་མཚོན་དགོས་པའི་བླང་བྱ་ལ་བསམ་བློ་ཞིག་བཏང་བ་ཡིན་ན། སྙན་རྒྱུད་བླ་མ་བརྒྱུད་པའི་རྣམ་ཐར་ལས། གང་ཞིག་མོས་པའི་སྤྱི་བོར་ལེགས་བསྒོམ་སྟེ། །རྩེ་གཅིག་དད་པས་གསོལ་བ་བཏབ་གྱུར་ན། །ཚེ་འདིར་སངས་རྒྱས་སྟེར་བའི་ཐུགས་རྗེ་ཅན། །རྒྱལ་བ་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་གང་ལྟར་རྩོལ་བས་མ་བསྒྲུབས་ཤིང་། རེ་དོགས་ཀྱིས་མ་འཆིང་བའི་རང་གི་ཐོག་མའི་བསམ་འདུན་དེ་ནི། རང་ལ་མཚོན་ན་གྱེས་བྲལ་གྱི་སེམས་ངལ་གསོ་བའི་བྱིན་རླབས་ཀྱི་དྲོད་ཐིགས་ལྟ་བུར་གྱུར་བ་ཡིན།

སྤྱིར་ལས་ཉོན་གྱིས་གཞན་དབང་དུ་གྱུར་བའི་ཚུར་མཐོང་སྐྱེ་བོ་ང་དང་ང་འདྲ་བ་སུ་ཞིག་ཡིན་རུང་། འཁྲུལ་རྟོག་གི་གཡང་ས་ན། འཁོར་བའི་འཇིག་པས་རྟག་ཏུ་གཙེས་པའི་ཚུལ་ལ་ཁ་གཏད་གཅོག་པར་མེད་དུ་མི་རུང་བ་ཞིག་ལ་ནི་ལམ་གྱི་རྩ་བ་མཚན་ལྡན་གྱི་བླ་མའམ། ཡོངས་འཛིན་དཔོན་གསས་དམ་པ་ཞིག་མ་བསྟེན་ཐབས་མེད་ཡིན་པའི་ཚུལ་ནི། དཔེར་ན། འཆི་སྲིད་ཀྱིས་འཕངས་པའི་རྒྱུ་དུས་ཀྱི་རྣམ་པར་ཤེས་པ་ཞིག་ཚེ་རབས་སྔོན་མའི་ལས་ཀྱི་མཐུ་ལ་བརྟེན་ནས། སྲིད་པ་འཇིག་རྟེན་ཏེ་ཁམས་གསུམ་གྱི་གནས་ངེས་མེད་ཅིག་ལ་གསར་དུ་སྐྱེ་བ་ཞིག་ལེན་དགོས་ཚེ། དེ་ནི་སྐྱེ་གནས་བཞི་གང་རུང་ཞིག་ལ་མ་བརྟེན་པའི་སྐྱེ་བ་ལེན་ཐབས་གཞན་གང་ཡང་མེད་པ་ལྟར་ཆགས་པའི་གནས་ལུགས་དང་གཅིག་མཚུངས་སུ་འདུག་ཅིང་། དེ་ཡང་རྟོགས་པའི་ལྟ་བ་མཐར་ཕྱིན་ཅིང་སྲིད་ཞི་ཀུན་གྱི་བླ་རུ་གྱུར་བས་བླ་དང་། བརྩེ་བའི་ཐུགས་རྗེ་ཆེན་པོས་སེམས་ཅན་རྣམས་རྒྱུན་དུ་མས་བུ་ལྟར་སྐྱོང་བས་མ་ཞེས་བྱ་བའི་ངེས་ཚིག་ཅན་གྱི་བླ་མ་སྟེ། བླ་མའི་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོ་མཆོག་ནི། ཀྱེ་ཧོ་སངས་རྒྱས་ཀུན་གྱི་འབྱུང་གནས་རྗེ། །དཔོན་གསས་དམ་པ་རྒྱལ་བ་སྲས་བཅས་ཀྱི། །རྒྱལ་ཚབ་དམ་པ་འགྲོ་བའི་དཔལ་གཅིག་པོ། །ཞལ་སྐྱིན་དམ་པ་མན་ངག་ལུང་གི་མཛོད་། །བཀའ་རྒྱུད་དམ་པ་དབང་ལུང་མངའ་བདག་རྗེ། །ཞེས་མ་རྒྱུད་ཕྱག་མཆོད་ལས་འབྱུང་བ་ལྟར་ཁུངས་ནས་བྱུང་བའི་བརྒྱུད་པའི་བྱིན་རླབས་གཙང་བ་དང་། བོན་གྱི་མཚན་ཉིད་ཐམས་ཅད་ལ་མ་རྨོངས་པར། སྐུ་གསུམ་ཀྱི་ཡོན་ཏན་འབྱུང་བར་བྱེད་པའི་ཐབས་སྟོན་པར་དབང་བ་སྟེ། མན་ངག་བྱེ་བ་མཐར་ཐུག་གི་བཀའ་དབང་ལུང་རྒྱུན་གྱི་བདག་ཉིད་དུ་གྱུར་ཞིང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དང་། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། གཤེན་རབ་གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱི་མངའ་བདག་དུ་བཞུགས་ཡོད་པས་ན། ཡང་རྩེ་ཀློང་ཆེན་གྱི་དྲང་དོན་ལས་འདི་ལྟར་བསྟན་ཡོད་པ་སྟེ། ནན་ཏར་བླ་ན་མེད་པའི་བྱང་ཆུབ་གཅིག་བསྒྲུབ་ན། སྒྲུབ་ཐབས་ནི་བསྟན་པའི་བོན་ལ་རག་ལས། བསྟན་པའི་བོན་ནི་སྟོན་པ་སངས་རྒྱས་ལ་རག་ལས། དུས་ད་ལྟ་ལ་སངས་རྒྱས་མྱ་ངན་ལས་འདས་པས། བྱང་ཆུབ་སྒྲུབ་པའི་ཐབས་བླ་མ་ལ་རག་ལས་ཏེ། བླ་མ་སངས་རྒྱས་ཀྱི་ཞལ་ཚབ། ཐར་བའི་དེད་དཔོན། སྡུག་བསྔལ་གྱི་སྐྱབས་གནས། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐམས་ཅད་བླ་མ་ལས་འབྱུང་བས་བླ་མ་དམ་པ་བསྟེན། ཐེ་ཚོམ་གྱི་གེགས་སེལ་ཅིང་བློ་གྲོས་འདྲི་བའི་ཡུལ་ཡིན་པའི་བླ་མ་བསྟེན། ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པས་བསྟེན། ཉོན་མོངས་པ་དང་ཉེས་པ་ཐམས་ཅད་འཇོམས་པའི་གཉེན་པོ་ཡིན་པས་བསྟེན། ཞེས་ཚངས་པའི་དབྱངས་ཀྱིས་བསྙད་ཡོད་པ་ལྟར་དང་། དེ་ལྟར་དུ་འདོད་དགོས་པ་ལ་མདོ་དྲི་མེད་ལས། བླ་མས་མ་བསྟན་སངས་རྒྱས་ཞལ་གསུང་མེད། །བླ་མ་མ་བྱོན་སངས་རྒྱས་ཞལ་མཐོང་མེད། །བླ་མས་མ་བཀྲོལ་བཀའ་ལུང་མན་ངག་མེད། །དེ་ཕྱིར་ཐམས་ཅད་བླ་མ་དག་ལ་བསྟེན། །ཞེས་གསུངས་པ་ལྟར་ཡིན་ཞིང་། དེ་ལྟར་གྱི་བླ་མའི་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་རང་ལ་ལྟོས་ཏེ་རྣམ་པ་གང་ཟག་མི་ཡི་གཟུགས་སུ་བྱོན་པ་ཙམ་ལས། ཡོན་ཏན་གྱི་ཆ་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པ་ཡིན་པའི་ཚུལ་ལ་བསམ་ཏེ་རང་སྟེང་ནས་བླ་མའི་རྣལ་འབྱོར་སྒོམ་པ་དང་། བྱིན་རླབས་དབང་བཞིན་ལེན་པ། ཚོགས་མཆོད་གསོལ་འདེབས་སྐྱོར་བ་སོགས་དགེ་བ་ཅི་ནུས་ལ་འཇུག་ཁུལ་གྱི་རྣམ་པ་མ་ལྷོད་པ་ཙམ་ཞིག་བྱུང་ཡང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་ཚེ་དེ་ལ་རང་ངོས་ནས་ཞབས་ཞུ་གང་ཡང་ཞུ་མ་ཐུབ་པར་ལུས་པ་བསམ་ཚེ་འགྱོད་གདུང་གི་ངུ་སྐད་གཉོམ་པོ་ད་དུང་ཀྱང་སྐབས་སྐབས་སུ་གློ་བུར་དུ་ཤོར་གྱི་འདུག

 གཞན་སྡེ་མཁས་པའི་སེམས་ཁོང་ན་བཞེངས་བསྐྲུན་བྱས་ཡོད་པའི་སྐྱབས་རྗེ་བླ་མ་བོན་བརྒྱ་ཆེན་པོའི་རྣམ་དཔྱོད་ཀྱི་གཟི་བྱིན་ལ་བལྟ་བ།

དེ་ལ་ཉེ་བའི་ཆར་དེའི་ཏག་ཏག་ཟླ་བ་གཅིག་གི་སྔོན་དུ། ང་རང་ཆེད་དུ་སྐྱབས་རྗེ་བླ་མ་རིན་པོ་ཆེར་མཇལ་བཅར་ཞུ་བར། བསྟུད་མར་བོན་བརྒྱ་དགོན་པར་ཐེངས་གཉིས་སུ་བསྐྱོད་རྒྱུའི་སྐལ་བ་བཟང་པོ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་སྟོད་ཕྱོགས་སུ་ཆགས་ཡོད་པའི་བོན་བརྒྱ་དགོན་པ་ཞེས་པའི་དགོན་སྡེ་དེ་ནི།  མདོ་སྨད་བྱང་རྒྱུད་དུ་ཡོད་པའི་གཡུང་དྲུང་བོན་གྱི་འདུས་སྡེ་འགངས་ཆེན་ཞིག་ཡིན་པ་དང་། དགོན་འདིའི་མཚན་ཆ་ཚང་ལ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ཞེས་འབོད།  དགོན་སྡེ་འདི་ནི་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་འོད་རླབས་ཀྱི་ཀ་བ་ས་ཆེན་པོའི་རྒྱན་དུ་བསླངས་པ་དེ་ཡིན་ལ། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱར་གྲགས་པའི་ཕུགས་ཀྱི་མཆོད་གཞིའི་དགོན་སྡེ་དམ་པའང་ཡིན་པས། མདོ་སྔགས་ཟུང་དུ་འབྲེལ་བའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་རྩ་ལག་ཉམས་དགའ་བ་ཞིག་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོས་པའི་སློབ་གསོའི་བྱ་འགུལ་སྣ་ཚོགས་སྤེལ་སའི་ཤེས་རིག་གི་སྡེ་ཁག་ཞིག་ཀྱང་ཡིན། དགོན་སྡེ་འདི་ལ་མཚན་ཉིད་གྲྭ་ཚང་དང་། སྒྲུབ་པ་གྲྭ་ཚང་། རིག་གནས་གྲྭ་ཚང་བཅས་སྦྱོང་ཚན་གྱི་ཆ་ནས་རྣམ་པ་མི་འདྲ་བའི་གྲྭ་ཚང་གསུམ་དུ་བགར་ཡོད་ལ། མི་ཚེ་སློབ་གཉེར་གྱིས་བསྐྱལ་བའི་གྲྭ་བའི་ཡོངས་ཁུངས་གཙོ་བོ་མཚོ་སྔོན་གྱི་རེབ་གོང་རྫོང་དང་། ཁྲི་ཀ་རྫོང་། བ་ཡན་རྫོང་། ཡ་ཙི་རྫོང་། རྩེ་ཁོག་རྫོང་། མང་རྫོང་། གཅན་ཚ་རྫོང་། གསེར་ཆེན་རྫོང་སོགས་ཆགས་ཡོད་ཅིང་། སྐྱབས་རྗེ་བླ་མ་བོན་བརྒྱ་བ་རིན་པོ་ཆེ་མཆོག་ནི་དགོན་སྡེ་འདིའི་བོན་སྲིད་ལུགས་གཉིས་ཀྱི་བསྟན་པའི་བདག་པོ་སྟེ་ཆེས་མཐོའི་དབུ་ཁྲིད་བླ་ན་མེད་པའང་ཡིན་ནོ། ། དེ་ལ་མཇལ་ཐེངས་རྗེས་མའི་ཉིན་དེར་ཐག་ཉེ་རིང་ཅི་རིགས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་ཅུང་མང་པོ་ཡོད་སྟབས། རིན་པོ་ཆེ་མཆོག་ལ་སྟབས་སྟབས་པོར་མཇལ་ཁ་ཞུས་རྗེས་མི་གཞན་གྱི་དུས་ཚོད་ལ་འགོར་འགྱངས་མ་བྱས་པར་ང་རང་བླ་བྲང་གི་ཚོམས་ཆེན་དུ་སོང་ནས་ཅུང་ཙམ་བསྡད་པ་ཡིན་ལ། དེ་རུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་སྐྱེ་དགུའི་བསོད་ནམས་སུ་ཕངས་མེད་དུ་འཇོ་བའི་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་དྲི་མེད་ཉི་མ། དགེ་སློང་བསྟན་པ་དར་རྒྱས། མཁན་ཟུར་བསྟན་པའི་ཉི་མ་སོགས་དང་ལྷན་དུ། མདོ་སྨད་བྱང་རྒྱུད་ཀྱི་གཡུང་དྲུང་བོན་གྱི་མ་འོངས་བསྟན་པའི་གནས་བབ་ལ་རྐང་བཙུགས་ཏེ། ཕན་ཚུན་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་ནི་ཉིན་དེའི་ཡོང་འབབ་རྩ་ཆེན་ཞིག་ཏུ་གཉེར་བཞིན་ཕྱིར་ཕ་ཡུལ་དུ་ཆས་པ་ཡིན།

མཐའ་མའི་མཇལ་ཐེངས་སྔོན་མའི་སྐབས་ཏེ། ༢༠༡༨ལོའི་ལུགས་རྙིང་གི་ཟླ ༦ ཚེས ༡༦ ཉིན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་སྐུ་སྟོད་ལ་གོས་ཆེན་སེར་པོའི་ཤ་འགག་རྙིང་བ་ཞིག་མནབས་པ་དང་། སྨད་འོག་གོས་མདངས་དམར་སེར་ཞིག་སྐུ་སྨད་ལ་གསོལ་འདུག་ཀྱང་། ལོ་ཤས་སྔོན་ནས་ཁོང་གི་ཞབས་ཟུང་བསྙུང་བའི་ཚུལ་ཙམ་བཞེས་ཡོད་པ་དེ་ཕུད། ཉིན་རྒྱུན་ལྟར་འཇམ་ཞིང་དུང་ལྟར་དཀར་བའི་དབུ་སྐྲ་ལ་བལྟོས་ནས་ཁྱད་བོན་འདྲ་འབྱེད་ན་མ་གཏོགས། ཆེས་བབ་ཆགས་དང་ཆེས་གཟབ་ནན་ཡིན་པའི་རིན་པོ་ཆེ་མཆོག་གི་སྐུའི་གཟི་མདངས་སྔར་ལྟར་རབ་ཏུ་དྭངས་ཡོད་སྟབས། ཁོང་ནི་ལོ་ངོ་བཅུ་ཕྲག་བརྒྱད་དང་ཉག་མ་བཞི་ལྷག་ལ་སོན་པའི་སྤྱིར་བཏང་གི་རྒན་ཡོལ་ཞིག་དང་གཏན་ནས་བསྡུར་ཐབས་མེད་ཅིང་། རིན་པོ་ཆེ་མཆོག་གི་ཞལ་རས་དཀར་ལ་གཞོན་ཤའི་མདངས་ཆགས་པ་དང་། ཚེམས་ཀྱི་ཚགས་དམ་ལ་དཀྱུས་སུ་རིང་བའི་སྨིན་མ་ཡིད་དུ་འོང་བ། བབ་བརླིང་སྒམ་ཆགས་ཡིན་པའི་ཞལ་ཁྱིམ་འཛུམ་བག་དང་ལྡན་ལ་རིག་པ་སྔར་བཞིན་རྣོ་བ། ལྷའི་མིག་དང་མཚུངས་པའི་སྤྱན་གྱི་བཀྲག་མདངས་རབ་ཏུ་གསལ་བ། ཆུས་བྲན་པའི་མེ་ཏོག་གི་སྡོང་བུ་ལྟ་བུའི་ཕྱག་ཟུང་འཇམ་ཞིང་མཉེན་པ་ལ་སོགས་ཏེ། མདོར་ན་སྐྱབས་རྗེ་བླ་མ་རིན་པོ་ཆེའི་སྒྲ་གདངས་གསལ་ཞིང་ཤུགས་དང་ལྡན་པའི་གསུང་སྒྲ་དང་། ཞལ་གྱི་དཀྱིལ་འཁོར་ལ་ཁྱད་པར་གྱི་གཟི་བྱིན་མངའ་བ། དཀྱེལ་ཡངས་ཤིང་ཧ་ཅང་གཟབ་ནན་ཡིན་པའི་སྐུའི་རྣམ་དཔྱོད་སོགས་གང་ཐད་ནས་ཡིན་ཡང་། ཆེས་དཔལ་དང་ལྡན་པའི་ངང་ལ་བཞུགས་ཡོད་པས། དེ་ནི་ང་ཚོ་ལྟོས་བཅས་འགྲོ་བའི་བསོད་ནམས་མཆོག་ཏུ་གྱུར་བ་དང་། བོན་སྲིད་ལེགས་ཚོགས་ཆེན་པོའི་བདེ་སྐྱིད་རྨད་དུ་བྱུང་བའི་གཟི་བརྗིད་བླ་མེད་ཅིག་རེད་སྙམ་བཞིན་བསྡད་པ་ཡིན།

ལྷག་པར་དུ། ཉིན་དེར་རིན་པོ་ཆེས་དགྱེས་ཚོར་ཆེན་པོའི་སྒོ་ནས་ཁོང་གི་མི་ཚེའི་བརྒྱུད་རིམ་དང་འབྲེལ་བའི་བཀའ་མོལ་མང་དུ་གནང་ཞིང་། གསུང་གསེར་ནག་གི་ངོ་བོར་ཡོད་པའི་བཀའ་མོལ་དེ་དག་ལས་ང་ལ་སྔར་སོང་གི་གནས་ཚུལ་ཞིག་གསལ་བོར་དྲན་དུ་བཅུག་པ་ནི།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོའི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞབས་དང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་རྣམ་གཉིས་བར་དུས་འགྱུར་གཉེན་འཕྲང་གི་ཁ་བ་ཡུ་བུག་ཁྲོད་བཞག་པའི་བླ་སློབ་ཀྱི་འབྲེལ་བའི་བརྩེ་བ་སྣུམ་པོ་དེ་རེད།

དེ་ལ ༢༠༡༨ལོའི་ཟླ༥ཚེས༢༢ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བང་ཡང་མཆོག་ཉིད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་བྱ་བའི་གཟིགས་ཞིབ་ཏུ་ཕེབས་པ་དང་བསྟུན། ཀན་ལྷོའི་ཆོས་ལུགས་ལས་རིགས་འཐུས་ཚབ་ལ་ཀྲུའུ་ཞི་བང་ཡང་གི་བྱམས་བརྩེའི་མཇལ་འཕྲད་གནང་སྐབས་སུ། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱང་རྒྱ་མཚོ་མཆོག་དང་ངེད་གཉིས་ལྷན་དུ་འཁེལ་བས་ཁོང་གིས་ང་ལ་ཕྱོགས་སྣ་ཚོགས་ནས་ཞལ་བརྡའི་བཀའ་མོལ་གནང་ཞིང་། ངས་ཀྱང་སྤོབས་པ་ཆེར་བསྐྱེད་དང་གང་ནུས་ཅི་ལྕོགས་སྒོས་ཁོང་ལ་བཀའ་ལན་ཞིབ་ཏུ་ཕུལ་བ་ཡིན། སྐབས་དེར། ཁོང་གིས་ང་ལ་ཁྱོད་ཚོའི་བོན་པོ་ཚང་ལའང་ཨ་ལགས་བོན་བརྒྱ་སོགས་མཁས་པ་མང་པོ་ཡོད་རབས་སྐོར་གློ་བུར་དུ་གསུང་བྱུང་བས། ངས་ཁོང་ལ་ཉིད་ནས་ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཁྱེན་གྱིན་ཡོད་དམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། དགྱེས་ཚོར་ཆེན་པོས་ཨ་ལགས་བོན་བརྒྱ་ནི་བོད་ཀྱི་ལོ་རྒྱུས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཡིན་པ་ཙམ་དུ་མ་ཟད། རིག་གནས་དང་གཞུང་ལུགས་གང་ཅིའི་ཚིག་དོན་གཉིས་ཆ་ནས་བསམ་རུང་དགེ་བཤེས་མང་པོ་ཞིག་གིས་འགྲན་ཟླ་བྲལ་བའི་ཚོད་དུ་ཡོད་ཅིང་། ཁོའི་ཤེས་རབ་ཀྱི་རླབས་དང་རྣམ་དཔྱོད་ཀྱི་དབལ་ཁ་ལ་དངོས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་འདུག་པས། ཁོང་ནི་མིང་དོན་མཚུངས་པའི་སྤྲུལ་སྐུ་དངོས་ཞིག་ཡིན་རྒྱུ་རེད་ཅེས་ཕྱག་གཡས་པའི་ཐལ་མོ་ཕྲག་པར་འཁྱེར་བ་མཐོང་ཚེ། ངས་ཁོང་རྣམ་གཉིས་ལ་ཕན་ཚུན་འབྲེལ་འདྲིས་ཆེན་པོ་ཡིན་པ་གཞི་ནས་ཧ་གོ་བ་དང་དུས་མཚུངས་སུ། དགེ་བའི་བཤེས་གཉེན་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གིས་སྐྱབས་རྗེ་བླ་མ་རིན་པོ་ཆེའི་སྐུའི་རྣམ་དཔྱོད་དང་། ཡོན་ཏན་གྱི་ཆ་ལ་སྨོན་བཞིན་བཞག་པའི་སྒྲོམ་གཞིའམ་སྡོམ་ཚིག་དེ་ལ་སེམས་པ་གཏིང་ནས་ཤོར་རུང་།  དེ་དང་ཆབས་ཅིག་ཏུ། ཤེས་རིག་ཡོན་ཏན་གྱིས་དབུལ་བའི་ང་དང་ང་འདྲ་བ་མང་པོ་ཞིག་རྗེ་བླ་མའི་མདུན་ནས་བསྐལ་པར་རོ་ཉལ་བྱས་ཀྱང་། ནོར་བུའི་ནོར་ངོ་མ་ཟིན་པ་ནི་ཐར་བ་དོན་གཉེར་བྱེད་པའི་མི་ཚེ་མདུན་ལམ་ཐད་དང་། བོན་བསྟན་ཤེས་རིག་འཕེལ་རྒྱས་ཀྱི་བྱ་བཞག་ལ་མཚོན་ན་ཅི་འདྲའི་ཕམ་ཁ་བསུབ་ཐབས་མེད་པ་ཞིག་རེད་སྙམ་ཏེ། མགྲིན་པ་ཡོངས་སུ་བརྣངས་པའི་དངན་པ་རིང་པོ་ཞིག་ཁོག་ཏུ་མིད་དགོས་པའི་ལས་ཀ་བསྣོན་མ་ཁོ་གློ་བུར་དུ་སླེབས་ཀྱང་། འགྱོད་ཤེས་པ་དང་ཡོངས་རྫོགས་འཕྱི་དྲག་པའི་སྣང་ཚུལ་དུས་མཉམ་དུ་སོང་བས། རེ་བ་རུས་སྦལ་གྱི་སྤུ་འདྲ་མཆིས་སྲིད་ན་མ་གཏོགས་ཕན་ནུས་ཅི་ཡང་མེད་པར་ཤེས། འདས་པའི་ལོ་རྒྱུས་ལ་ཕྱི་མིག་གིས་བལྟས་ཚེ། ལོ་བཅུའི་གོད་ཆག་གི་སྐབས་སུ་ཡིན་ནའང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་མ་འོངས་བསྟན་པའི་འབྱུང་འགྱུར་སྔོན་གཟིགས་ཀྱིས་ཐུགས་ལ་དམ་དུ་དགོངས་ཏེ། རང་སྲོག་འབེན་ལ་བཞག་ནས་དགེ་བའི་བཤེས་གཉེན་རྗེ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་མཆོག་གི་མདུན་དུ་ཡོན་ཏན་ལ་ངོམས་པ་མེད་པར་གཞན་སྡེའི་གྲུབ་མཐའ་རིན་ཆེན་ཕྲེང་བ་དང་། ཕར་ཕྱིན། དབུ་མའི་སྐོར་སོགས་ལ་གནས་ངེས་མེད་བརྒྱུད་ནས། གསན་བསམ་གྱིས་བློ་བསྐྱེད་གསར་བའི་ལག་ཆ་མང་པོ་ཐོབ་པར་མཛད་པ་ནི་ངོ་མ་ཡིད་སྨོན་ཤོར་དགོས་པའི་གནས་ཞིག་ཏུ་ཆགས་ཡོད།

མཇལ་ཐེངས་སྔོན་མའི་ཉིན་དེར་ངས་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ལ་ཁོང་རྣམ་གཉིས་བར་གྱི་འབྲེལ་འདྲིས་སྐོར་བཀའ་འདྲི་ཞུས་སྐབས། སྐྱབས་རྗེ་བླ་མ་རིན་པོ་ཆེ་སྐུའི་རྣམ་འགྱུར་ཤིན་ཏུ་གཟབ་ནན་ཡིན་པའི་སྒོ་ནས་ང་ལ་འདི་ལྟར་གསུངས་ཏེ། ཉེ་བའི་ལོ་ཤས་ནང་ང་རང་པེ་ཅིན་དང་བླ་བྲང་སོགས་ལ་ཐེངས་ཁ་ཤས་སུ་ཕེབས་སྐབས་ཀྱང་། བཤེས་གཉེན་མཆོག་ཉིད་གནས་དེར་བཞུགས་མིན་ཐད་འདྲི་རྩད་འདྲ་བྱས་མོད། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་ཁོང་གིས་བསྟན་པའི་འགན་ཆེན་མང་པོ་ཕྲག་སྟེང་དུ་བཞེས་ཡོད་སྟབས། གང་ལྟར་ཡུལ་དུས་ཀྱིས་བསྐལ་པ་སོགས་ཁོང་ལ་ལོ་མང་རིང་གཏན་ནས་མཇལ་ཐབས་མ་བྱུང་བས། རྗེས་སོར་ཁྱོད་ཀྱིས་ང་རང་ཁོང་ལ་མཇལ་རྒྱུའི་བཀོད་སྒྲིག་གི་ནུས་པ་རེ་ཐོན་ན། ད་རུང་ཁོ་བོའི་ལུས་ཀྱིས་ལྕོགས་ཀྱིན་འདུག་པས། དོན་དེ་མགྱོགས་པོར་ཨེ་འགྲུབ་ལྟ་རྒྱུའི་འདུན་པ་ཤུགས་དྲག་ཡོད་ཅེས་པའི་བཀའ་མོལ་དེ་ནི། རང་ལ་མཚོན་ན་མི་ཚེ་འདིར་གཏན་དུ་ཁ་གསབ་བྱ་ཐབས་མེད་པའི་འགྱོད་གདུང་དྲག་པོ་ཞིག་ཏུ་གྱུར་བས་ཇི་འདྲའི་སྐྱོ་བ་ལ་ཨང་།

ཉིན་དེར་ང་ལ་སྔར་ན་མེད་པའི་མྱོང་ཚོར་གཞན་ཞིག་སྤྲད་པ་དེ་ནི། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་ཁྱོད་ལ་ཚོགས་གཙོའི་འགན་ཡོད་པའི་ཆ་ནས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་ཆེ་ཕྲ་ཅི་རིགས་ཀྱི་ཐད་ནས་ཡིན་ཡང་། དྲང་བདེན་དང་སྤྱིའི་ཁེ་ཕན་དམིགས་སུ་བཟུང་ནས་བསྟན་དོན་འཕེལ་རྒྱས་ཐད་དུ་ཞབས་འདེགས་རེ་བསྒྲུབ་ཐུབ་ན་དེ་ནི་རང་གི་ཚོགས་བསགས་ཞིག་ཀྱང་རེད་ཅེས་བཀའ་སློབ་ལམ་སྟོན་གནང་བ་དང་། དེ་བཞིན་ང་ཚོའི་དགོན་པའི་དམངས་བདག་འགན་གཙོ་དགེ་སློང་ཤེས་རབ་འོད་ཟེར་མཆོག་ལ་དམིགས་ཀྱིས་གོས་ཆེན་སེར་པོ་དཀྱུས་སུ་རིང་བ་ཞིག་དང་། དམངས་སྒོར་ལྔ་བརྒྱ་བཅས་བསྩལ་ཏེ་ཉིད་ནས་ཨ་ལགས་ཀྱི་གསུང་བཀོད་ལྟར་དུ། རྩེ་ཞིག་དགོན་པའི་ལས་དོན་ཐད་ཁོང་ལ་དཔུང་འདེགས་ཅི་ལྕོགས་སུ་འབད་རྒྱུར་རེ་བ་ཆེ་ཞེས་གདམས་པའི་ཉིན་དེའི་སྣང་བརྙན་རྣམས་རྣ་ལམ་དང་མིག་ལམ་ནས་ཡལ་རྒྱུ་མི་འདུག་པ་མ་ཟད། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་གཏིང་རུམ་ན་ཉར་ཡོད་པའི་ཉིན་དེའི་དམིགས་བསལ་གྱི་བཀའ་མོལ་དང་འཛུམ་གྱིས་འཁྱུད་པའི་ཞལ་རས། ལྷག་དོན་ཐུགས་ཧ་ཅང་ལྷོད་ལྷོད་དང་དགྱེས་དགྱེས་ངང་ཁོ་བོ་ཅག་གི་ཉིན་དེའི་གུང་ཟས་ལ་ཆེད་དུ་མཛུམ་སྟོན་གྱིས་བཀའ་དྲིན་བསྐྱངས་པ་སོགས་ནི། བདག་ལ་མཚོན་ན་ལོ་མང་རིང་བྱུང་མ་མྱོང་བའི་སྣང་ཚུལ་ཡ་མཚན་ཅན་དུ་གྱུར་རུང་། མཇལ་ཐེངས་འདི་ནི་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་ཉི་མ་ལྟ་བུའི་གཟི་བརྗིད་ཀྱི་མཚན་དཔེ་ལ་ཡང་ནས་ཡང་དུ་མཇལ་ཞིང་། གསུང་གསེར་ནག་ལྟ་བུའི་བཀའ་སློབ་ལ་དུས་དང་དུས་སུ་ཉན་པའི་མཐའ་མཇུག་གི་གོ་སྐབས་དེ་ཡིན་པར་སེམས་ལ་གཏན་ནས་འཁོར་མ་བྱུང་། འོན་ཏེ། ཡུལ་མཐོང་བ་མངོན་གྱུར་དུ་བྱུང་བའི་གནས་ཚུལ་འདི་ལ་ད་ལྟ་ཕྱི་འདང་ཞིག་བརྒྱབ་ཚེ། དེ་ནི་ངེས་པ་དོན་གྱིས་འབྱུང་འགྱུར་རྗེན་པར་གཟིགས་པའི་འཁྲུལ་ཞིག་རྣལ་འབྱོར་བ་ཞིག་གི་དགོངས་ཉམས་ལུང་བསྟན་ཡ་མཚན་ཅན་དང་། སྔོན་བསགས་ལས་ཀྱིས་འབྲེལ་བའི་བླ་སློབ་འཇིག་རྟེན་འདིར་གཏན་དུ་གྱེས་ཁའི་ལྷན་འཛོམས་ཀྱི་གསུང་གླེང་ཉག་གཅིག་ཏུ་ངེས་ན་ཡང་། འཁོར་བའི་སྐྱོན་རྣམས་ཀྱང་ཡོན་ཏན་དུ་རློམས་ཏེ། ཉོན་མོངས་དུག་ལྔའི་བུད་ཤིང་གིས་རྣམ་དཀར་དགེ་བའི་པད་ཚལ་གཞོམ་པར་བརྩོན་པའི་སོ་སྐྱེས་ཐ་མལ་བ་ཁོ་བོས་དོན་དེ་ཙམ་ཞིག་ཀྱང་མ་འཁྲོལ་བར་ལུས་སོང་བ་ཡིན།

བསྟན་པའི་བདག་པོ་ཞིག་ལ་འཛོམས་དགོས་པའི་སྐྱབས་རྗེ་བླ་མ་བོན་བརྒྱ་ཆེན་པོའི་ཐུན་མོང་སྣང་བརྙན་གྱི་འོད་རླབས་ལ་བལྟ་བ།

སྲིད་ན་གཉན་པའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བདག་པོར་གྱུར་བའི་སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོ་སྟེ། དོན་གྱིས་སླད་དུ་མཚན་ནས་སྨོས་ན༧མཁས་གྲུབ་གཉིས་ལྡན་གྱི་དཔོན་གསས་བླ་མ་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། ཆོལ་ཁ་གསུམ་གྱིས་བསྡུས་པའི་ཁ་བ་གངས་ཅན་པའི་མདོ་ཁམས་སྨད་ཀྱི་ཆར་གཏོགས། ཡུལ་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ། བྱང་ཨཀྟ་རོང་ཆེན་གྱི་གསེར་སྦྱངས་ནོར་འཛིན་ཡངས་པོའི་ལྟེ་བ་སྟེ། དེང་གི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་གྱི་ལྟེ་བ་རེབ་གོང་སྟོད་ཀྱི་ཆར། སྤྱི་ལོ༡༩༣༥ཤིང་ཕག་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར་སྐུ་བལྟམས་པ་དང་། རུས་ནི་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་དུ་གྱུར་བའི་ཁྱུང་དཀར་གྱི་རྒྱུད་པ་ཡིན། ཡབ་ཀྱི་མཚན་ལ་རྡོ་རྗེ་ཐར་དང་ཡུམ་གྱི་མཚན་ལ་ཚེ་རིང་སྐྱིད་ཅེས་ཞུ། སྤྱི་ལོ༡༩༤༠སྟེ་དགུང་ལོ་ལྔ་ལ་ཕེབས་སྐབས་ཁོང་ཉིད་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་བྱས། སྐུའི་ནར་སོན་པ་དང་བསྟུན་བོན་བརྒྱ་བླ་རབས་རིམ་བྱོན་གྱི་གདན་ས་བསྐྱར་བསྐྲུན་བྱས་ནས་སློབ་ཚོགས་བསྐྱངས་པ་མ་ཟད། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་སྙིགས་དུས་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་ཅིར་ཡང་སྨིན་པར་མཛད་ཙམ་ན། ཡུལ་མདོ་སྨད་བྱང་རྒྱུད་ཀྱི་རྒྱལ་གཤེན་བསྟན་པའི་དཔྲལ་བའི་མིག་གཅིག་པུ་དང་། ཁོག་པའི་སྙིང་ལྟ་བུར་འགྲན་ཟླ་མེད་པའི་ཚུལ་དུ་ཡོངས་སུ་གྱུར་བ་ཡིན་ཞིང་། སྔགས་ཀྱི་ཡན་ལག་སུམ་ཅུ་རྩ་དྲུག་ལ་རང་བྱན་ཆུད་པའི་རྟེན་གྱི་ཆ་ནས་ཡིན་ཚེ། ཁོང་ཉིད་སྟོན་པའི་འཁོར་གྱི་ཐུ་བོ་གཡུང་དྲུང་སེམས་དཔའ་ཚངས་པ་གཙུག་ཕུད་མཆོག་གི་རྣམ་པར་བཞུགས་ཡོད་པ་ཞིག་ཡིན།

ལོ་རྒྱུས་ཀྱི་ཆོས་ཉིད་ལ་སྒོ་བསྟུན་ཏེ་གླེངས་ཚེ། རང་ཅག་མཐོ་དམན་བར་གསུམ་སུ་དང་གང་ལ་མཚོན་ནའང་། རང་ཉིད་ཀྱི་ལོ་རྒྱུས་ནི་རང་གི་འཚོ་བ་མཚོན་པའི་སྣང་བརྙན་ཤིན་ཏུ་གལ་ཆེན་ཞིག་ཡིན་སྟབས། དུས་རབས་རིམ་གྱིས་ཕར་ལ་ཅི་ཙམ་འདས་ཆོག་ཀྱང་། ལོ་རྒྱུས་ཀྱི་ངོ་བོ་ལ་གཏན་ནས་བསྒྱུར་བཅོས་གཏོང་མི་རུང་བ་ཞིག་ཡིན་པས། སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོར་གྲགས་པའི་སྐུ་ཐོག་སྔོན་མའི་འབྱུང་ཁུངས་ཆུ་འགོ་གངས་ཐུག་གི་དབང་དུ་བྱས་ན། རྩེ་ཞིག་ཏུ་འབོད་པའི་གདུང་གི་བླ་རབས་ལ་ཐུག་ཡོད་པ་ཞིག་རེད། དེ་ལ་རྩེ་ཞིག་ཅེས་པ་ནི་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ཡང་། བོད་ཀྱི་ལོ་རྒྱུས་འཕེལ་རིམ་སྟེང་བསྟན་པ་སྔ་དར་དང་། བར་དར། ཕྱི་དར་བཅས་གསུམ་དུ་བྱུང་བའི་བསྟན་པ་ཕྱི་དར་གྱི་སྐབས་སུ། སྟོད་ན་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། བར་དུ་ཁྱུང་པོ་དཀར་ནག་སེར་གསུམ། སྨད་ན་བུ་འབོར་གཡུང་དྲུང་བཞི་དང་མདོ་ཁམས་ཞིག་པོ་བཅོ་བརྒྱད་སོགས་ཀྱིས་མཚོན་པའི་མཁས་པའི་གདན་ས་དང་། གྲུབ་པའི་གདུང་རབས་གྲགས་སུ་ཆེ་བ་མང་དུ་བྱུང་ཞིང་འཕེལ་བའི་ཁྲོད་ན།  རྩེ་ཞིག་ཅེས་པ་ནི་མདོ་ཁམས་ཞིག་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ཡིན་པར་རྩེ་བཙུན་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རང་རྣམ་དུ་གསལ་བ་ལྟར་ངོས་འཛིན་པ་ཡིན། བླ་མ་རྩེ་ཞིག་ཚང་གི་རྩེ་ཞིག་ཆོས་རྗེ་བའི་དངོས་སློབ་མཆོག་གྱུར། བོན་བརྒྱ་རང་ཤར་རིག་གྲོལ་གྱི་སྐུ་ཚ་ཡིན་པའི་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ནི། རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་མཆོག་ལ་སྐུ་རྩེ་ཞིག་ཆོས་རྗེ་ཚུལ་ཁྲིམས་འོད་ཟེར་དང་། གསུང་བ་ལུང་ཆོས་རྗེ་བསྟན་པ་འོད་ཟེར། ཐུགས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་རིན་པོ་ཆེ་སྟེ། སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་གསུམ་འཁྲུངས་པའི་ནང་གསེས་རྩེ་ཞིག་ཆོས་རྗེ་བའི་ཐུགས་སྤྲུལ་ཡིན་པར་ལོ་རྒྱུས་དང་རྣམ་ཐར་ཁག་ལས་བསྟན་པ་ལྟར་ཡིན། དེ་ཡང་རྩེ་ཞིག་ཆོས་རྗེ་ཞེས་པའི་མཚན་གནས་ཀྱི་ཡོངས་ཁུངས་ལ་བསམ་ན་ཡང་། བར་སྐབས་ཞིག་ལ། བོད་ན་ཅུང་གྲགས་ཆེ་བའི་བླ་སྤྲུལ་རྣམ་པར་སོག་པོའི་ས་གནས་དཔོན་རིགས་གང་རུང་གིས་ཆེ་ཐོབ་འབུལ་བའི་སྲོལ་བྱུང་བ་ལྟར། ཆོས་རྗེ་ཞེས་པའི་མཚན་གནས་འདི་ཡང་། རྩེ་ཞིག་གདུང་གི་མཆོག་སྤྲུལ་རྒྱལ་བ་ཚུལ་ཁྲིམས་མཚན་ཅན་དེ་ལ་རྨ་ལྷོའི་སོག་པོ་ཆིན་ཝང་བསོད་ནམས་དར་རྒྱས་ནས་ཕུལ་བ་ཞིག་ཡིན་འདུག་ཀྱང་། གྲུབ་མཐའི་ཆེ་ཆུང་ལྟར་ཁོར་ཡུག་གི་བཀག་རྒྱ་དང་ཡུལ་དུས་ཀྱི་གནས་བབ་ཅི་རིགས་ལ་བརྟེན་ནས། རྩེ་ཞིག་ཆོས་རྗེ་ཞེས་པའི་མཚན་གནས་ཀྱི་བདག་པོའི་དབང་ཆ་སྤྱོད་ཡུལ་ལྟོས་བཅས་ཀྱིས་ཧ་ཅང་ཆུང་ཆུང་ཞིག་ལས་མ་རྙེད་པར་སྣང་ནའང་། དོན་ལ་ཆོས་ཀྱི་རྗེ་བོ་སྟེ་བསྟན་པའི་བདག་པོའམ་ཆོས་རྗེ་ཞེས་པའི་མཚན་གནས་དེའི་ཐོབ་ཐང་གི་ནུས་པ་དང་། བླ་མ་དེའི་མཛད་བཟང་གི་ཤུགས་རྐྱེན་གྱིས་ཀྱང་། ཡུལ་ཕྱོགས་འདི་དག་གི་བོན་པོ་རྣམས་ཕྱི་ནང་གི་གནོན་ཤུགས་དུ་མས་རྩ་གཏོར་མ་ཐེབས་ཙམ་དུ་གནས་པར་ཕན་རླབས་བྱུང་བའི་བཤད་རྒྱུན་སྣང་མོད། གང་ལྟར་ཆོས་རྗེ་ཞེས་པའི་མཚན་གནས་ཀྱི་ཡོངས་ཁུང་ལ་སྦ་སེར་པཎྟི་ཏའི་རང་རྣམ་ལས་ཀྱང་། གཤམ་གསལ་ལྟར་བསྟན་འདུག་པ་སྟེ། རྩེ་དབུས་བླ་མ་ནམ་མཁའ་གཡུང་དྲུང་གི །སྐུ་ཡི་ཚ་བུ་རྩེ་དབུས་ཆོས་རྗེ་ཞེས། །སྔོན་སྦྱངས་སྟོབས་ཀྱིས་ཆུང་ནས་རིག་པ་སད། །ཨ་ཁུ་ནམ་མཁའ་གཡུང་དྲུང་ཞལ་སྔ་ནས། །རབ་བྱུང་ཚུལ་མིང་རྒྱལ་བ་ཚུལ་ཁྲིམས་གསོལ། །རིག་པའི་གནས་སོགས་ཡོན་ཏན་མང་དུ་བསླབ། །ཆོས་རྒྱལ་ཆིང་ཝང་བསོད་ནམས་དར་རྒྱས་ཀྱིས། །ཆོས་རྗེ་ཆོ་ལོ་བྱིན་ནས་བླ་སར་བཀོད། །ཞེས་དང་། མཁས་གྲུབ་ཆེན་པོ་རྩེ་དབུས་ཆོས་རྗེ་ཞེས། །བན་བོན་རྙིང་གསུམ་ཀུན་གྱིས་བླ་མར་བཀུར། །ཞེས་གསུངས་པ་ལྟར་ངོས་འཛིན་གནང་དགོས་པ་ཞིག་ཏུ་ཆགས་ཡོད་འདུག་ཅིང་། དེ་བས་སྐྱབས་རྗེ་བླ་མ་རིན་པོ་མཆོག་གི་ཞལ་སྔ་ནས་ཀྱང་། ལོ་རྒྱུས་ཀྱི་དར་རྒུད་དང་བསྟུན་ང་ཚོའི་མདོ་སྨད་བྱང་རྒྱུད་ཀྱི་གདམས་པའི་འགོ་ཁུངས་གཏུག་ས་རྩེ་ཞིག་ཏུ་ཆགས་ཡོད་ལ། ང་རང་ཡང་རྩེ་ཞིག་བླ་རབས་རིམ་བྱོན་གྱི་གྲས་ཡིན་ཞེས་ཡང་དང་ཡང་དུ་གསུངས་པ་དང་། མ་ཟད་ཁོང་གི་གསུང་རྩོམ་མང་པོའི་མཇུག་བྱང་དུ་ཆོས་རྗེ་བོན་བརྒྱ་བ་ཞེས་བཀོད་པའི་རྒྱུ་མཚན་གྱིས་ཆོས་རྗེ་ཞེས་པ་ཡང་། མདོ་དེད་ན་གོང་གསལ་གནས་ལུགས་དེ་ལ་ཐུག་ཡོད་པའི་རྒྱུ་མཚན་གྱིས་ཁུ་བྱུག་གི་རང་སྐད་མ་དོར་བ་ཞིག་ལ། སྨན་རིའི་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་བྲིས་པའི་རྗེ་བླ་མའི་རྟོགས་བརྗོད་དང་འབྲེལ་ནས་བཀའ་དྲིན་རྗེས་སུ་དྲན་པ་སྲིད་པའི་འཕར་ཆེན་གཡས་སུ་འཁྱིལ་བའི་སྒྲ་གཡང་ཞེས་པ་ལས། གེ་སར་ཁྲོམ་གྱི་རྒྱལ་ཁམས་དབུས་ན་རྩེ་ཞིག་ཆོས་རྗེ་རྒྱལ་བའི་ཞབས། །དུས་ཀྱི་སྙིགས་མ་ལྔ་བརྒྱའི་མགོན་ལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཞབས། །མདོ་སྨད་ཕུར་ཐོགས་སྟོང་གི་བླ་རུ་གསང་ཆེན་འགྱུར་མེད་ལས་རབ་རྩལ། །རྒྱལ་སྲས་དམ་པའི་སྒྱུ་འཕྲུལ་ཟློས་གར་ཆུ་མིག་སྟོང་ལ་ཟླ་གཟུགས་བཞིན། །ཞེས་བསྟན་པས་ཀྱང་དེ་ལྟར་ཡིན་ཚུལ་ལེགས་པར་གོ་ནུས་པ་ལྟར་ཡིན།

སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་དགུང་ལོ་དྲུག་གི་སྟེང་ནས་བཟུང་ཤེས་བྱའི་ཐོག་མ་ཡི་གེ་འབྲི་ཀློག་གི་ཚུལ་ལས་བརྩམས་ཏེ་ལོ་ངོ་བཅུ་ཕྲག་བརྒྱད་ལྷག་ཉི་མ་གཅིག་ལྟར་དུ། རིག་པའི་གཞུང་ལུགས་དང་མདོ་སྔགས་རྫོགས་གསུམ་ཀུན་ལ་རང་དོན་དུ་ཐོས་བསམ་སྒོམ་པ་དང་། གཞན་དོན་དུ་འཆད་རྩོད་རྩོམ་པ། བསྟན་དོན་དུ་བཤད་སྒྲུབ་ལས་གསུམ་སྐྱོང་བའི་ཆ་ལ་མཁྱེན་རབ་ཀྱི་རྩལ་ཡོངས་སུ་རྫོགས་པར་མཛད་པ་ཞིག་ཡིན་ཞིང་། ཁོང་གི་བླ་མའམ་དགེ་བའི་བཤེས་གཉེན་གཙོ་བོའི་ཆ་ནས་གླེངས་ན་བོན་བརྒྱ་དབྱིངས་རིག་རྣམ་གྲོལ་དང་། གྲུབ་དབང་ནམ་མཁའ་རྒྱལ་མཚན། སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ། རྟོགས་ལྡན་ཡོངས་འཛིན་བཟོད་པ་རྒྱལ་མཚན། སྣང་ཞིག་བྱ་འཕུར་བསྟན་འཛིན་རྒྱལ་མཚན། རྒྱ་འོབས་བླ་མ་བསྟན་འཛིན་དབང་རྒྱལ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། ལབ་བསོད་ནམས་བྱང་ཆུབ་རྩེ་མོ། གྲུབ་དབང་སེམས་དཔའ་རིན་པོ་ཆེ་སོགས་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཡིན་ཐོག ཁྱད་པར་དུ། སྐྱང་སྟོན་རྒྱལ་བའི་དབང་པོ་སྐལ་བཟང་ལུང་རྟོགས་རྒྱ་མཚོ་རིན་པོ་ཆེ་མཆོག་ཉིད་བཀའ་དྲིན་བཞི་རྫོགས་ཀྱི་དཔོན་གསས་དྲིན་ཅན་རྩ་བའི་བླ་མར་མཉེས་པ་གསུམ་གྱི་སྒོ་ནས་བཀུར་ཏེ། བོན་ཕྱི་ནང་གསང་གསུམ་གྱི་གདམས་པའི་ཁྲིད་ལུང་དབང་བཞི་ཐུགས་ཀྱི་རྒྱ་མཚོར་ཆེན་པོར་ཡོངས་སུ་བསྐྱིལ་བར་མཛད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཁག་གི་ལྟ་སྒོམ་གྱི་གོལ་ས་དང་ནོར་ས་ཡོངས་སུ་ཆོད་པའི་ཐོག་ནས། ལམ་གྱི་གནད་མ་འཆུག་པར་གཞུང་ལུགས་བཤད་པ་དང་འབྲེལ་བ། བཤད་པ་ཁྲིད་རིམ་དང་འབྲེལ་བ། ཁྲིད་རིམ་ཉམས་ལེན་དང་འབྲེལ་བ། ཉམས་ལེན་རང་རྒྱུད་དང་འབྲེལ་བ། རང་རྒྱུད་ལག་ལེན་དང་འབྲེལ་བ། ལག་ལེན་ཀུན་སྤྱོད་དང་འབྲེལ་བ། ཀུན་སྤྱོད་མི་གཞི་དང་འབྲེལ་བ། མི་གཞི་མཁས་བཙུན་བཟང་གསུམ་དང་འབྲེལ་བ་དམིགས་སུ་བཟུང་བའི་གྲུབ་དོན་ལ་བོན་སེང་གེ་འོ་མ་དང་འདྲ་བས་རང་གི་ཉམས་རྟོགས་ཀྱི་དགོངས་རྩལ་རྫོགས་པ་དང་། མི་རྟོག་ཡེ་ཤེས་ཀྱི་བདེ་བ་ཁོང་ནས་འབར་ཏེ་རིག་པ་ལ་རང་དབང་ཐོབ་པ། མགྲིན་པའི་རྩ་མདུད་གྲོལ་བས་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པ། ཏིང་ངེ་འཛིན་གྱི་དམིགས་པར་དབང་འབྱོར་བས་སྒྲིབ་མེད་འོད་གསལ་གྱི་སྣང་བ་རྒྱུན་ཆད་མེད་པར་འཆར་བ། དགུང་ལོ་བདུན་ཅུ་རྩ་སྟོད་ནས་བཟུང་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་སོགས་སློབ་མ་མང་པོས་ནན་བསྐུལ་མཛད་པའི་ངོར་འོ་མ་ཉུང་ཙམ་རེ་གསོལ་བ་མ་གཏོགས། ཁམས་ཀྱི་ཟས་མི་དགོས་པར་རླུང་གི་ཏིང་ངེ་འཛིན་གྱིས་འཚོ་བ་དང་། བསྐྱེད་རྫོགས་དང་སྒྱུ་ལུས་མངོན་དུ་གྱུར་བས་ཡི་དམ་གྱི་ལྷ་སྐུའི་ངོ་བོར་ཡང་ཡང་བཞེངས་ཚུལ་སྐལ་ལྡན་མང་པོའི་མཐོང་སྣང་དུ་བྱུང་བས་མཚོན། མདོར་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་གསུམ་གྱི་ཡོན་ཏན་བརྗོད་ཀྱིས་མ་ལང་བ་ཕར་ཞོག ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ཆ་ནས་ཀྱང་ཐོས་རྟགས་ང་རྒྱལ་ཆུང་བ་དང་། སྒོམ་རྟགས་ཉོན་མོངས་ཞི་བ། ཐུགས་རྒྱུད་བསླབ་པས་དུལ་བ། མི་གཞིའི་ཀུན་སྤྱོད་མཛེས་པ། སེམས་རྒྱའི་བློ་ཁོག་ཡངས་པ་བཅས་ཀྱི་ཁྱད་བོན་སྲིད་པ་འདི་ན་ཆེས་ཡིད་དུ་འོང་བས། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་མཇུག་པ་ལྟར་ཀུན་ལས་མངོན་པར་མཐོ་ཞིང་། རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་ཇི་ལྟ་བ་རུ་འགྲེལ་བར། ཚིག་དོན་གང་ཅིའི་ཆ་ལ་སྦྱང་པ་མཐའ་རུ་ཕྱིན་པ་དང་དགོངས་པའི་ཀློང་རྒྱ་བརྡོལ་བའི་འབྲས་རྟགས་སུ། བོད་ཀྱི་ལྷ་བྲིས་ཡིག་རིགས་དང་། སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད། རྩོམ་རིག་སྒྱུ་རྩལ། རྣམ་ཐར་ལོ་རྒྱུས།  བཟོ་གསོ་སྒྲ་ཚད། རྩིས་རིག་ས་དཔྱད། མོ་ལུང་སྨན་གཏོ། ཕྱྭ་གཡང་ཀླུང་རྟ། ཛྭོ་ཐིས་ཚན་ཁྲུས། འདུར་སེལ་གདོན་བཅོས། ལྷ་གསོལ་བརྔོན་འགྱོག དཀྱིལ་འཁོར་བཅའ་གཞི།  གར་ཐིག་རྡུལ་ཚོན། འབུད་བརྡུང་གྱེར་དབྱངས། རྩ་རླུང་འཁྲུལ་འཁོར། གེགས་སེལ་སྐྱོན་འཆོས། ལམ་རིམ་བློ་སྦྱོང་། འཕྲུལ་སྒྲོན་རྣམ་ལྔ། བཀའ་བརྟེན་སྡེ་ལྔ། མཛོད་ཆེན་རྣམ་ལྔ། སྡོམ་གསུམ་རབ་དབྱེ། ཐེག་རིམ་དགུ་སྐོར། དབུ་ཕར་འདུལ་བ། གབ་མཛོད་ས་གསུམ། གསང་སྔགས་རྒྱུད་དྲུག ཉམས་ལེན་ལྔ་སྐོར། ཟབ་མོ་གཅོད་གདམས། ཐབས་ལམ་སྡེ་དྲུག རྩ་རྒྱུད་བསེན་ཐུབ། ལྷ་གཉེན་ཤེལ་སྒོང་། སངས་རྒྱས་རྒྱུད་གསུམ། ཨ་ཁྲིད་གདམས་སྐོར། སྐུ་གསུམ་རང་ཤར། ཉམས་རྒྱུད་ཕྱག་ཁྲིད། ཀུན་བཟང་སྙིང་ཏིག  རྫོགས་ཆེན་སྡེ་གསུམ། བཀའ་རྒྱུད་སྐོར་བཞི་སོགས་ཐེག་པ་རིམ་དགུས་བསྡུས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱ་ཆེའི་གཞུང་ལུགས་རྒྱ་མཚོའི་བཤད་རྒྱུད་གྲུབ་མཐའི་བཀའ་སྲོལ་འཛིན་པ་དང་། སྒྲུབ་རྒྱུད་སྒོམ་པའི་རིང་ལུགས་སྐྱོང་བ། ཕྱག་ལེན་མན་ངག་ཟབ་གདམས་སྤེལ་བ་སོགས་རིམ་པ་གང་ཅིའི་ཆ་ལ་གཞན་དྲིང་མི་འཇོག་པའི་བསྟན་འཛིན་སྐྱེས་ཆེན་འགྲན་མེད་དུ་གྱུར་སྟབས། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོ་ཞེས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་ན་ཤིན་ཏུ་རྩ་ཆེ་བའི་མི་སྣ་འགངས་ཆེན་གྱི་གྲས་སུ་གྱུར་ཞིང་། བོད་རིགས་གཙོས་པའི་ཆོས་ལུགས་ལས་རིགས་མི་སྣ་གཟུ་བོར་གནས་པའི་རྒྱ་ཆེའི་སེར་སྐྱ་མི་དམངས་ཀྱིས་སེམས་ཁོང་རུས་པའི་གཏིང་ནས་ཁོང་ལ་གོང་བཀུར་དང་། དད་གུས་ཚད་མེད་བྱེད་ཅིང་། དེ་བས་ཉིན་རེའི་བཞིན་ཁོང་གི་གཟུགས་སྐུར་མཇལ་ཁ་ཞུ་བ་དང་། བཀའ་སློབ་གསན་པ། སྡོམ་རྒྱུན་ལེན་པ། དཔེ་ཁྲིད་ཉན་པ། བཀའ་དབང་གསན་པ། ལུང་རྒྱུན་ཞུ་བ། ཆོག་ཁྲིགས་སློབ་པ། རྩ་རླུང་སྒོམ་པ། འཁྲུལ་འཁོར་སྦྱོང་བ། གེགས་སེལ་སློབ་པ། ཚོགས་མཆོད་འབུལ་བ། བསྙེན་སྒྲུབ་གཉེར་བ། ལོ་རྒྱུས་དཔྱོད་པ། ཉམས་ལེན་སྐྱོང་བ། གཉན་ཁྲོད་འགྲིམས་པ། ལུང་བསྟན་ཞུ་བ། གསུང་རྩོམ་སྦྱོང་བ་སོགས་ཀྱི་འདུ་འགོད་ཉིན་ལྟར་ཡལ་མེད་དུ་བྱུང་བ་མ་ཟད། ཁོང་གི་རླབས་ཆེ་བའི་རྣམ་དཔྱོད་དང་གཞུང་དོན་གྱི་གནད་ལ་འཁེལ་བའི་གསུང་རྩོམ་ཕྱུར་བུར་སྤུངས་པ་ནི་ཐར་བ་དོན་གཉེར་ཅན་རྣམས་ལ་མཚོན་ལ། ལུང་རིགས་ཉམས་མྱོང་གསུམ་ལྡན་མཐའ་དཔྱོད་དང་བཅས་པའི་སྒོ་ནས་ལམ་གྱི་གནད་རྣམས་གསལ་བོར་བཀྲོལ་ཡོད་ཅིང་། དེས་མཚོན་དུས་ནམ་ཡིན་རུང་བོད་ཀྱི་ཆོས་རིག་ལོ་རྒྱུས་དང་བཅས་པའི་གཙུག་ལག་གི་ཆ་ཐམས་ཅད། འཛམ་གླིང་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཏུ་ངོས་འཛིན་ཡང་དག་འདྲོང་བར་མི་རྣམས་ལ་རྒྱ་ཆེའི་རྒྱང་རིང་གི་བསམ་བློའི་སྐུལ་ལྕག་ཐེབས་ངེས་སུ་བརྩམས་གནང་མཛད་ཡོད་པ་ཤ་སྟག་ཡིན།

རྒྱལ་སྤྱིའི་བོད་རིག་པའི་མཁས་པའི་ཁྲོད་ཀྱི་སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཆེན་པོའི་ལོ་རྒྱུས་ཀྱི་འགན་འཁྲི་ལ་བལྟ་བ།

བོད་ཀྱི་ཤེས་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཆ་ལ་གཏོར་བརླག་མང་པོ་ཐེབས་མྱོང་བའི་གཉན་འཕྲང་ཅན་གྱི་དུས་རབས་འདིར་མཚོན་ན། འཛམ་གླིང་ཤེས་རིག་གི་འགྲན་རྩོད་ཁྲོད་དུ་བོད་ཀྱི་ཤེས་རིག་གི་སྣང་བརྙན་སྔར་ལས་གསལ་བོར་མཐོང་ཐུབ་པ་དང་། བོད་གནའ་བོའི་ཤེས་རིག་གི་བསམ་བློའི་དཔལ་ཡོན་གྱིས་སྙིགས་མའི་རྒུད་པ་གསོ་བའི་ཐད་ལ་ཞབས་འདེགས་གང་ལེགས་བསྒྲུབ་པ་སྟེ། དཔལ་ཡོན་ལྡན་པའི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་འཕྲད་བཞིན་པའི་སྐྱོན་ཆ་རྣམས་སེལ་བར་བརྩོན་ཞིང་། མི་རྣམས་ཀྱི་བསམ་པ་དང་ཀུན་སྤྱོད་ཀྱི་ཆ་རྣམས་ལེགས་ལམ་དུ་འགོད་པར་གཡུང་དྲུང་བོན་ལ་ཡང་། ཞང་བོད་ཤེས་རིག་རྒྱུན་འཛིན་སྲུང་སྐྱོབ་དང་དར་སྤེལ་བྱ་བའི་འཕྲིན་ལས་གཉེར་མཁན་གྱི་མི་སྣ་མཛད་རྗེས་ཅན་མང་དུ་བྱུང་བའི་ཁྲོད་ན། དུས་ངན་བསྐལ་ཁུགས་གསོ་བར་རྒྱང་རིང་སྤྱན་གྱིས་གཟིགས་པའི་རླབས་ཆེན་གྱི་ཐུགས་སྟོབས་དང་། ལྗིད་ཏིག་ཏིག་གིས་མཛད་འཕྲིན་གྱི་ཕྱག་ཟུང་རིང་མོའི་རྔུལ་ཆུ་ཐོད་དུ་བསུ་མཁན་ཏེ། སྐྱབས་རྗེ་བླ་མ་བོན་བརྒྱ་བ་རིན་པོ་ཆེ་མཆོག་ནི་མིའི་རིགས་ཀྱི་ཤེས་རིག་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ། བོན་བསྟན་འཛིན་སྐྱོང་དར་སྤེལ་ཐད་མཚན་སྙན་གྱི་གྲགས་པ་འབར་བའི་མཁས་གྲུབ་གཉིས་ལྡན་གྱི་བླ་ཆེན་ཞིག་ཡིན་པ་ཙམ་དུ་མ་ཟད། ཁོང་ནི་རྨོངས་མུན་དང་ཕྱོགས་ཞེན་གདུག་རྩུབ་བཅས་ལ་ཁ་གཏད་གཅོག་པར་དཔའ་བོའི་རང་གཤིས་དུས་གསུམ་དུ་འགྱུར་བ་མེད་པའི་ཤེས་རབ་ཀྱི་ཉི་ཟླའི་གུར་ཁང་ཞིག་ཀྱང་ཡིན་པས། དུས་རབས་ཉི་ཤུ་བར་འབྱོན་དཀའ་བའི་བོད་ཀྱི་ཤེས་ལྡན་མི་སྣའི་ཚབ་མཚོན་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད་པའང་། དོན་འདིར་ཐུགས་སྣང་དཀར་བའི་དཔྱོད་ལྡན་སྐྱེ་བོའི་ཚོགས་དང་ལོ་རྒྱུས་ཀྱིས་གཏན་ནས་བརྗེད་མི་སྲིད་པ་ཞིག་ཡིན།

སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་བོར་ཉིན་གཅིག་ཙམ་ལའང་སྐུ་ངལ་གྱི་མ་བསྲོས་ཏེ། བོད་ཀྱི་ཆོས་རིག་གཙུག་ལག་ལོ་རྒྱུས་དང་བཅས་པའི་ཆ་ཐམས་ཅད་ཕྱོགས་ཡོང་ནས་འཕེལ་རྒྱས་འབྱུང་བའི་ཆེད་དུ་བསྟིམས་གནང་མཛད་པ་དང་། མ་ཟད་རྒྱལ་བསྟན་དར་རྒུད་སྤྱི་ཚོགས་གསར་རྙིང་གི་ལོ་རྒྱུས་དཀྱོགས་མཚམས་ནང་དུ། གཡུང་དྲུང་བོན་གྱི་བསྟན་པའི་རྒུད་པ་རྨང་ནས་གསོ་བར་དགོས་ངེས་ཀྱི་ཐུགས་ནུས་གང་ཡོད་བཏོན་པ་སྟེ། རང་དོན་ཡིད་བྱེད་ཀྱི་བསམ་བློ་སྤུ་ཙམ་མེད་པའི་ཐོག་ནས་བསྟན་འགྲོའི་ཕན་བདེ་འབའ་ཞིག་གི་ཆེད་དུ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་གཡུང་དྲུང་ལུ་གུ་རྒྱུད་དུ་བསྐྱངས་པའི་བཀའ་དྲིན་ལ། དུས་རབས་དང་ལོ་རྒྱུས་ཀྱི་ཆ་གང་ནས་ཇི་ལྟར་དབྱེ་ཞིབ་བྱས་ཀྱང་ཁ་དང་གཏིང་མེད་པའི་ཚོད་དུ་ཆགས་ཡོད་ཅིང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་བོད་རང་གི་ཆོས་དང་རིག་གཞུང་ལ་སེམས་གཏིང་ནས་དགའ་ཞེན་ཆེ་བ་དང་། དེའི་དགེ་མཚན་གྱི་ཡོན་ཏན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་སྟོབས་དེ་ནི། བོད་པའི་ཆོས་རིག་གཙུག་ལག་གི་ངོ་བོ་ལ་རྒྱུས་མངའ་གཏིང་ཟབ་ཡོད་པའི་བསམ་བློའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་དང་། བཀུར་འོས་སྔོན་བྱོན་སྐྱེས་ཆེན་དུ་མས་བསྟན་འགྲོར་ཕན་བདེ་འབའ་ཞིག་བསྐྲུན་པར་འབད་ཅིང་། ཕུལ་བྱུང་སྲོལ་རྒྱུན་ཤུལ་འཛིན་གནང་བའི་བྱེད་ཕྱོགས་ལག་ལེན་དུ་བསྟར་བ་ལས་རྙེད་པའི་གྲུབ་འབྲས་ཤིག་ཏུ་མཚོན་པར་བྱས་ཡོད་པ་རེད།

འགྲོ་བའི་ལྟ་སྤྱོད་ཀྱི་བསམ་པའི་ཁ་ལོ་གྱེན་དུ་འདེགས་པར་བོད་ཀྱི་ཤེས་རིག་འདི་ཡང་འཛམ་གླིང་གི་ཤེས་རིག་ཏུ་འདྲེས་པར་བྱས་ཏེ། མིའི་རིགས་ཀྱི་ཤེས་རིག་སྔར་ལས་འཐུས་ཚང་ཅན་དུ་གཏོང་བའི་ཕྱག་རྗེས་འཇོག་པར་བརྩོན་པའི་བོན་གྱི་ཆོས་ལུགས་མི་སྣ་ཞིག་གི་ངོས་ནས་གླེང་ན།  ཞང་ཞུང་ཤེས་རིག་ནི་མིའི་རིགས་ཀྱི་བསམ་བློའི་དཔལ་ཡོན་གྱི་སྡིངས་ཆ་སྣུམ་པོ་ཞིག་ཡིན་པའི་སྐོར་ལ་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་མཁྱེན་རྒྱ་མཁའ་ལྟར་ཡངས་པ་དང་། གཟིགས་ཚུལ་ཡང་དག་ཡོད་པ་སོགས་ནི་ཕྱི་ནང་གི་མཁྱེན་ལྡན་ཀུན་གྱིས་ཡིད་དབང་ཅིག་ཆར་དུ་འཕྲོག་པའི་ཁོང་གི་མི་གཞིའི་མཛེས་སྡུག་བླ་མེད་ཞིག་ཏུ་གྱུར་ཡོད་ཅིང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཞང་བོད་ཤེས་རིག་གི་བསམ་བློའི་སྙིང་སྟོབས་ལྟར། རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་འབའ་ཞིག་ལ་ཐུགས་ཀྱི་དགོངས་པ་ཟབ་ས་ནས་བཞེས་ཏེ། འཆད་རྩོད་རྩོམ་པའི་མཛད་བཟང་གསེར་གྱི་འཁོར་ལོ་རྒྱལ་བསྟན་གླིང་བཞིའི་དཔལ་ལ་ཐོགས་མེད་དུ་བསྒྱུར་ཙ་ན། ཁོང་གི་མ་སྨད་པའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནོར་བུའི་ཏོག་ལྟར་མཐོ་བ་དང་། བློ་རྩ་བརྟན་ཞིང་གནད་ལ་ཕིགས་པའི་ལྟ་གྲུབ་ཀྱི་རང་མདངས་གཙང་མ་ཡིན་པ། དོན་དངོས་ལས་མི་གཡོལ་བའི་ཞིབ་འཇུག་གི་སྙིང་སྟོབས་ལ་གནས་ལུགས་ཀྱིས་བརྩི་མཐོང་ལྡན་པ། རིག་པ་ཡང་དག་གི་ལམ་ནས་གཞལ་བྱའི་གནས་ལུགས་ལྐོག་གྱུར་དཔྱོད་པ་ལ་ཁྱད་དུ་འཕགས་པའི་བློ་གྲོས་ཀྱི་ཁོ་ལག་ཡོངས་སུ་རྫོགས་པ་བཅས་ཀྱིས། མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་ཞིབ་འཇུག་པ་མང་པོ་ཞིག་གིས་ཀྱང་། ཨ་ལགས་བོན་བརྒྱ་བ་རིན་པོ་ཆེ་ནི་སྤྱི་ཚོགས་གསར་རྙིང་གཉིས་ལ་སྦྲུམ་པའི་བོད་ལ་གཏོགས་པའི་མཁས་ཆེན་ཞིག་ཡིན་པ་ཙམ་དུ་མ་ཟད། ད་དུང་འཛམ་གླིང་གི་བོད་རིག་པར་གཏོགས་པའི་མཁས་ཆེན་ཞིག་ཡིན་པའི་ཚད་མཐོའི་གདེང་འཇོག་བྱེད་འགོ་བརྩམས་པ་རེད།

ཇི་སྐད་དུ། ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས། རིག་པའི་གནས་ལྔར་མ་སྦྱོང་པར། །ཐམས་ཅད་མཁྱེན་པ་མི་འགྱུར་ཏེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། སྒོ་འགག་དབང་པོས་མཐོང་བ་མིན། །ཞེས་གསུངས་པའི་དཔེ་ལྟར། ང་ཚོ་ཕལ་བའི་དབང་ཤེས་ལ་བལྟོས་ཏེ་བཤད་ཚེ། དོན་བྱེད་ནུས་པའི་དངོས་པོ་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་གྱི་སོ་ན་གནས་ཡོད་སྟབས། མིའི་རིགས་ཀྱི་ལོ་རྒྱུས་ནི་ཆུ་ཀླུང་ཞིག་དང་འདྲ་བར་སྐད་ཅིག་ལ་སྡོད་ཐབས་མེད་པའི་ངང་མདུན་ནས་མདུན་དུ་རླབས་ཀྱིས་བཞུར་བར་སྣང་ཞིང་། རྒྱུ་མཚན་དེ་ལ་བརྟེན་ཏེ་འཛམ་བུའི་གླིང་ཆེན་འདིའི་སྟེང་གི་མི་རིགས་མི་འདྲ་བ་དང་། ཡུལ་ལུང་མི་འདྲ་བ་སོ་སོ་གང་ཞིག་ཡིན་རུང་། དེ་དག་རེ་རེ་ལ་རང་རང་གི་ལོ་རྒྱུས་བཞུར་རྒྱུན་གྱི་སྣང་ཚུལ་མི་འདྲ་བ་སྣ་ཚོགས་སུ་བྱུང་དང་འབྱུང་བཞིན་ཡོད་པ་མང་དུ་སྨོས་མི་དགོས་པ་སྟེ། དཔེར་ན། འཛམ་གླིང་གི་རྒྱ་ཕིབས་ཏེ་སའི་གོ་ལའི་ཡང་རྩེ་རུ་གྲགས་པའི་སྟོད་མངའ་རིས་ཀྱི་ཡུལ་ནི། ཆེས་ཤིན་ཏུ་སྔ་བའི་དུས་ན། ཆུ་ཀླུང་དང་ནགས་ཚལ་སྟུག་པོས་རབ་ཏུ་བརྒྱན་པའི་ཚ་བའི་ས་ཁུལ་དུ་རང་བྱུང་ཚན་རིག་པ་རྣམས་ཀྱིས་གླེངས་ཡང་། ད་ལྟ་མཚོ་ངོས་ནས་སྤྱི་ཁྲི་བཞི་སྟོང་ལྔ་བརྒྱ་ཡན་ཟིན་པའི་མདོ་དབུས་ས་མཐོའི་སྒང་རྒྱུད་གྲགས་ཆེན་དུ་ཆགས་ཡོད་པ་ནང་བཞིན། རང་རེའི་བོད་ཁ་བ་ཅན་གྱི་ལོ་རྒྱུས་ལའང་། འཚུབ་རླུང་གི་འགྱུར་ལྡོག་ཤིན་ཏུ་རྒོད་པོ་ཡིན་པ་དང་། ནང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ་ལ་ཆགས་འཇིག་དང་འཕེལ་འགྲིབ་ཀྱི་རི་མོའི་འགྱུར་བ་ལྟོས་བཅས་ཀྱིས་མང་དུ་བྲིས་ཡོད་པ་ལོ་རྒྱུས་ཀྱི་དོན་དངོས་ཞིག་རེད། གང་ལྟར་རང་རེའི་བོད་རིགས་ཚུད་པའི་མི་རིགས་སུ་དང་གང་འདྲ་ཞིག་ཡིན་རུང་། མི་རིགས་དེ་ཉིད་སྤྱི་ཚོགས་ཁྲོད་སྟོབས་ལྡན་གྱི་མི་རིགས་ཞིག་ཏུ་ལོ་རྒྱུས་ཀྱིས་ཁས་ལེན་ནམ་གདེངས་འཇོག་དོན་མཐུན་བྱ་བ་ལ། མི་གྲངས་མང་ཉུང་ལ་མ་ལྟོས་པའི་མི་རིགས་དེ་ལ་མི་རིགས་རང་གི་ཤེས་རབ་ཀྱི་རླབས་ཤུགས་དང་། བསམ་བློའི་སྙིང་སྟོབས་ཀྱི་དཔལ་ཡོན་མཚོན་ཐུབ་པའི་ཤེས་རིག་གི་ཁྱད་ནོར་ཞིག་ཅིས་ཀྱང་རྨང་གཞིའི་ཆ་རྐྱེན་དུ་ཡོད་ངེས་པ་ནང་བཞིན། བོད་མེས་པོའི་ཆོས་རྒྱུད་རྩ་ཆེན་གཡུང་དྲུང་བོན་གྱི་བསྟན་པ་སྲོག་ཤིང་དུ་གྱུར་བའི་ཞང་ཞུང་ཤེས་རིག་ནི། རང་རེའི་བོད་མི་རིགས་ལ་མཚོན་ན་མི་རིགས་ལ་གསོན་ཤུགས་སྟོབས་ལྡན་སྩོལ་བའི་ཤེས་རིག་གི་བླ་སྲོག་དང་། ཤེས་རིག་དེའི་སྙིང་སྟོབས་ཀྱི་ངོ་བོ་འཛམ་གླིང་ལ་མཚོན་པར་བྱེད་པའི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་བཞུར་རྒྱུན་དུ་ཆགས་ཡོད་ལུགས་སྐོར་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ནས་རྒྱུན་དུ་བཀའ་མོལ་གནང་གི་ཡོད་ཅིང་། རང་རྐྱ་ཐུབ་པའི་མི་རིགས་ཤིག་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཟི་བྱིན་དང་མཛེས་སྡུག་ལྡན་པའི་དཔལ་ཡོན་གྱི་འོད་སྣང་ཐད་ནས་བསམ་ཚེ།  ཞང་ཞུང་ཤེས་རིག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དེ་ནི་བོན་པོའི་ཕྱོགས་ཙམ་ལ་བདོག་པའི་གནས་ཚུལ་ཁོ་ན་ཞིག་མ་ཡིན་ཏེ། ཞང་ཞུང་ཤེས་རིག་ལ་སྤྱི་ཚོགས་འཆམ་མཐུན་དང་འཕེལ་རྒྱས་སྐུལ་སྤེལ་བྱེད་པའི་ནུས་པ་བླ་ལྷག་ཏུ་མངའ་བར་ཁོང་གིས་ཡིད་ཆེས་ཆེན་པོ་གནང་བཞིན་ཡོད།

དེ་ལ་རྒྱལ་སྤྱིའི་བོད་རིག་པ་ཉམས་ཞིབ་ཀྱི་ཆ་ནས་ཡིན་ན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་རང་རྣམ་ལས་ཀྱང་། ཕྱིའི་རྒྱལ་ཁབ་ནས། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ཡང་ཡང་གདན་ཞུ་བྱས་ཀྱང་། རང་ལ་དེ་འདྲའི་ནུས་པ་མེད་སྙམ་ནས་བཏང་སྙོམས་སུ་བཞག སྤྱི་ལོ་ཉིས་སྟོང་གི་ལོར། གྲོགས་རྣམས་ཀྱིས་བསྐུལ་མ་ནན་ཏན་བྱས། སྲིད་གཞུང་ནས་ཀྱང་ཆོག་མཆན་ཐོབ། རང་གིས་ཀྱང་བོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་ཏེ། བོད་ཀྱི་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་ལ་མཁས་པ་རྣམས་བཞེད་པ་མི་འདྲ་བ་མང་པོ་བྱུང་བའི་གནད་དོན་གང་ཡིན་པ་དང་། བོད་ཀྱི་རིག་གནས་ཀྱི་ཁུངས་ཆེས་སྔ་བའི་བདེན་དོན་གསལ་གཤད་དང་། ཆོས་ལུགས་ཕྱོགས་ཞེན་དང་། སྲིད་དབང་འཕྲོག་རྩོད་བྱས་པས། མི་རིགས་རང་ལ་ཉམས་གུད་དང་གནོད་པ་མང་པོ་བྱུང་ཚུལ་སོགས་གཟུ་བོའི་བློས་དཔྱད་དེ་རྩོམ་ཡིག་སྤེལ་ཞིང་། འཛམ་གླིང་གི་མཁས་པ་མང་པོའི་མདུན་སར་སྤོབས་པ་ཆེན་པོས་ཞུས་པས་ཀུན་གྱིས་ཞལ་བཞེས་མཛད། ཅེས་བསྟན་ཡོད་པ་ལྟར་དུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་མཇུག་གི་བྱ་བའི་ཐད་ཁོང་གིས་དགའ་འོས་པའི་ཕྱག་ལས་མང་པོ་གནང་བའི་ཁྲོད་ནས། འདིར་དམིགས་ཀྱིས་རེ་གཉིས་དཔེར་མཚོན་དུ་འགོད་པ་ལ། ༢༠༠༠ལོར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་དགུ་བ་ཧོ་ལན་ཌི་རྒྱལ་ཁབ་ཏུ་འཚོགས་སྐབས་སུ། རིན་པོ་ཆེ་མཆོག་གིས་བོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚིགས་དང་དོན་དངོས་འགར་ཞིབ་མོར་དཔྱད་པ་ཅེས་པའི་དཔྱད་རྩོམ་སྒྲོག་སྦྱོང་གནང་བ་དེས། བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚིགས་མང་པོ་ཞིག་གི་ཐད་ལ་སྔར་མེད་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་མཁོ་སྤྲོད་གནང་ཡོད་ཅིང་། སྐབས་དེར་རྒྱལ་ཁོངས་འདྲ་མིན་གྱི་མཁས་པས་བཀའ་གཏེར་སྙན་རྒྱུད་སྐོར་གྱི་དྲི་བ་མང་དུ་བྱུང་བར་རིག་ལམ་མཐའ་དཔྱོད་དང་འབྲེལ་བའི་ལན་དོན་མཐུན་ཐོབ་པས། ཁང་དཀར་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས་སོགས་མཁས་པ་མང་པོས་ཚད་མཐོའི་མཐོང་ཆེན་དང་རབ་ཏུ་ཐུགས་མཉེས་བྱུང་བས། ཕན་ཚུན་སེམས་མཐུན་གྱི་གྲོགས་པོ་བཟང་པོར་གྱུར་བ་དང་། རྗེས་སོར་དབྱིན་ཇི་དང་འཇར་མན་རྒྱལ་ཁབ་སོགས་སུ་ཞབས་བསྐྱོད་དེ་བོད་རིག་པའི་མཁས་པ་མང་པོ་དང་ལྷན་དུ། རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་བཅུ་བ་དང་བཅུ་གཅིག་པ་བཅས་ཀྱི་སྐབས་སུ་ཡང་། ལོ་རྒྱུས་ཀྱི་དོན་དངོས་ལ་ཁུངས་ལེགས་པར་གཏུགས་ཏེ་ནུས་པ་དང་རྒྱུ་མཚན་ཡོད་པའི་སྒོ་ནས་བྲིས་པའི་དཔྱད་རྩོམ་དེ། གངས་ཅན་བོད་དུ་ཐོག་མར་སངས་རྒྱས་ཀྱི་ཆོས་ལུགས་གང་དར་བ་དང་ཁྱད་པར་དུ་རྫོགས་པ་ཆེན་པོ་དར་བའི་ལོ་རྒྱུས་རགས་ཙམ་དཔྱད་པ་དང་། ཆོས་སྲིད་ཟུང་འབྲེལ་དང་འདྲེས་མའི་འགལ་འབྲེལ་ཕན་གནོད་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ་ཞེས་པའི་དཔྱད་རྩོམ་གྱི་ནང་དོན་དང་འབྲེལ་བའི་གཏམ་བཤད་གནད་ལ་འཁེལ་བ་མཛད་པ་ལ། རྒྱལ་ཁོངས་མི་འདྲ་བའི་མཁས་པ་དུ་མའི་ཁྲོད་ནས་ཨ་ལགས་བོན་བརྒྱ་བ་ཞེས་མཁས་པའི་གྲགས་སྙན་ཆེ་ཆེར་དུ་བདལ་བ་མ་ཟད། མདོ་སྔགས་རྫོགས་གསུམ་རིས་སུ་མ་ཆད་པའི་རྩ་ཆེའི་གཞུང་ལུགས་ཁག་ལ་བྱང་ཆུབ་པའི་ཁོང་གི་མཁྱེན་རྩལ་གྱི་བློ་སྟོབས་དང་། མཁའ་ལྟར་ཡངས་པའི་རྣམ་དཔྱོད་ལས་བོད་ཀྱི་ཤེས་རིག་འཛམ་གླིང་དུ་གོང་འཕེལ་ཡོང་བར་ཤུགས་རྐྱེན་དགའ་འོས་པ་ཞིག་བཞག་ཡོད།

མེས་པོ་གོང་མས་བཞག་པའི་བོད་ཀྱི་སྤྱི་ནོར་འགངས་ཆེན་ཞང་ཞུང་ཤེས་རིག་ནི། མིའི་རིགས་ཀྱི་བསམ་བློའི་ལྟ་སྤྱོད་ཐད་འབྲེལ་བ་ཅི་འདྲ་ཞིག་ཡོད་པ་དང་། ཕན་ནུས་ཀྱི་རིན་ཐང་ག་འདྲ་ཞིག་བདོག་མིན་ཐད་ལ་རིག་གཞུང་གི་རིན་ཐང་ལྟ་བའི་ཐོག་ནས་དོན་དེར་དོ་སྣང་དང་ཉམས་ཞིབ་མཛད་དགོས་པ་ཞིག་སྟེ། ཞང་ཞུང་ཤེས་རིག་རང་སྟེང་གི་འགན་འཁྲིའི་ཆ་ནས་ཡིན་ན་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་དང་། ཀུན་སྤྱོད་ལེགས་སྐྱོང་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་དེ་ལ་རྒྱལ་ཁོངས་དང་། མི་རིགས། དུས་རབས། སྤྱི་ཚོགས་སོགས་ལ་དབྱེ་བ་མེད་པར་མི་ཆོས་ཀྱི་བསམ་བློའི་སྙིང་སྟོབས་སློང་བ་དང་། མི་རྣམས་ལ་དད་སེམས་ཀྱི་འོད་སྣང་སྒྲོན་པ། ཚེ་སྲོག་གི་ངོ་བོ་འདྲ་མཉམ་ཡིན་པའི་རིན་ཐང་ལྟ་བའི་ཐོག་ནས་གཞན་ལ་འཚེ་བ་སྤོང་བར་བརྩོན་ཞིང་། ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལ་བརྟེན་ཏེ་དགེ་སྡིག་བླང་དོར་བྱེད་དགོས་པའི་བསམ་བློའི་འདུ་ཤེས་བཟང་པོ་བསྐྱེད་བསྲིང་བྱ་རྒྱུ་ཡིན་པ་མ་ཟད། དམིགས་པ་སེམས་ཅན་ལ་དམིགས་ནས་འབྲས་བུ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐོབ་ཐབས་སོགས་ལ་འབད་བརྩོན་བྱེད་སྟངས་གནད་དུ་བཟུང་སྟེ་བསྟན་ཡོད་པས་ན། ཞང་ཞུང་ཤེས་རིག་གིས་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་དཔལ་ཡོན་མཐོར་འདེགས་ལ་ལེགས་སྐྱེས་འབུལ་བ་དང་ཆབས་གཅིག་ཏུ། མི་དང་མིའི་བར་ལ་དཀྲུགས་ཤིང་བརྒྱག་པ་སོགས་བརྟན་གཡོ་འཇིག་རྟེན་གྱི་ཁམས་ཆེན་པོའི་བར་འཕྲད་བཞིན་པའི་བསམ་བློའི་དཀའ་རྙོག་གི་རིགས་ཏེ། དཔེར་ན། གང་ཟག་གི་བདག་ཡོད་པར་འཛིན་པའི་གང་ཟག་གི་བདག་འཛིན་དང་། བོན་གྱི་བདག་ཡོད་པར་འཛིན་པའི་བོན་གྱི་བདག་འཛིན་གྱི་བློ་ལ་བརྟེན་ནས་བྱུང་བའི་རང་གཅེས་འཛིན་ཚད་ལས་བརྒལ་བ་བྱེད་ཅིང་། དེར་བསྟུན་མནར་སེམས་ཀྱིས་གཞན་ལ་མི་བཟོད་པའི་ཞེ་སྡང་དང། ཡུལ་ཡིད་དུ་འོང་བ་ལ་ཞེན་ཅིང་ཆགས་པའི་འདོད་ཆགས། བླང་དོར་མི་གསལ་བའི་རྣམ་པ་ཅན་གྱི་གཏི་མིག རང་གི་སེམས་མཐོ་ཞིང་ཁེངས་པའི་ང་རྒྱལ། གཞན་གྱི་བདེ་བ་བློས་མི་བཟོད་པའི་ཕྲག་དོག གནས་ལུགས་ཀྱི་འགལ་ཟླར་གྱུར་བའི་མ་རིག་པ་སོགས་རང་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་གི་སྐོར་རྣམས་ལ་ཞིབ་འཇུག་བྱ་བ་དང་། དེ་དག་གི་མགོ་གནོན་པར་བརྩོན་ཞིང་། ཉོན་མོངས་བ་དེ་དག་གི་ས་བོན་བག་ཆགས་དང་བཅས་པའི་རིགས་རྣམས་དྲུངས་ནས་འབྱིན་པའི་ཐབས་ལམ་བཟུང་ཡོད་པ་ཕུད། ད་དུང་སྤྱི་ཚོགས་སྟེང་ཕན་ཚུན་ཡིད་སྟོན་མེད་པ་དང་། སྒེར་སེམས་ཆེ་དྲག་པ། གཞན་གྱིས་བྱས་པ་ལ་མི་དཔྱོད་པ། དོན་དངོས་ལ་རྡོག་རྫིས་གཏོང་བ། ཚད་ལས་བརྒལ་བའི་བག་མེད་རྒྱས་སྤྲོས་བྱེད་པ། རྒྱུ་འབྲས་དང་འགལ་བའི་ལོག་ལམ་དུ་འཕྱན་པ། ཕན་ཚུན་བརྩི་འཇོག་གི་བསམ་ཤེས་མེད་པའི་འདུ་ཤེས་འཛིན་སྟངས་ཐབས་སྡུག་གི་སྐོར་རྣམས་ཇི་ལྟར་སེལ་བའི་རྣམ་དཔྱོད་སྩོལ་བ་དང་། རྣམ་དཔྱོད་དེ་གོང་འཕེལ་དུ་སོང་བའི་ནུས་སྟོབས་ལ་བརྟེན་ནས་བློ་ངན་པའི་རིགས་ཚོགས་ངང་ངམ་ཤུགས་ཀྱིས་མེད་པར་འགྱུར་བའི་ཕྱོགས་ལ་སྐུལ་འདེད་བྱེད་ཀྱིན་ཡོད་ཅིང་།  གོང་གི་མི་དགེ་བའི་བསམ་བློ་དེ་དག་དང་འགལ་བ་ལྟག་སྤྲོད་དུ་གྱུར་བའི་དགེ་བའི་སེམས་བྱུང་གི་སྐོར་ཏེ། གཞན་ལ་ཕན་འདོགས་ཀྱི་བསམ་པ་དང་། གཞན་གྱི་དྲིན་ལན་ལ་བསམ་ཤེས་བྱེད་པ། རང་གཞན་གྱིས་དོན་དུ་བསོད་ནམས་ཀྱི་གསོག་པར་འབད་པ། བདེན་དོན་གཙོ་བོར་བཟུང་ནས་གནས་ལུགས་ལ་ལག་འཇུ་བྱེད་པ། རང་ཉིད་ཀྱི་བྱ་སྤྱོད་ལེགས་ལམ་དུ་གཅུན་པ། འཕྲོད་བསྟེན་དང་བདེ་ཐང་ལ་འབད་པ། སློབ་གསོའི་དཔལ་ཡོན་གཙིགས་འཛིན་བྱེད་པ། རང་ཉིད་ལ་ཡིད་ཆེས་ཡོད་ཅིང་། འཚོ་བ་ལ་སྤོབས་པས་ཁེངས་པ། འདི་ཕྱི་ལ་འགྲོ་ལམ་ཡོད་པ། མི་གཞི་ཡི་ཀུན་སྤྱོད་མཛེས་པ། ཤེས་རབ་ཀྱི་རླབས་རྒྱུན་འདོན་པ། གཞན་ལ་ལྷག་བསམ་དང་གུས་བརྩི་ཡོད་པ། འཕེལ་རྒྱས་ལ་སྐུལ་ལྕག་བྱ་བ། བདེ་དགའི་བྱམས་གཟིགས་ཆེ་བ། སྙིང་རྗེ་ཡི་འོད་རླབས་སྩོལ་བ། སྒྲིག་བརྩི་ཁྲིམས་བསྲུང་ལ་འབད་པ། ཆགས་པ་མེད་ཅིང་ཕན་སེམས་ཀྱིས་གཏོང་བའི་སྦྱིན་པར་བརྩོན་པ། འཆལ་བའི་ཉེས་སྤྱོད་སྤངས་པའི་ཚུལ་ཁྲིམས་བསྲུང་བ་ལ་ནན་ཏན་བྱེད་པ། གནོད་པ་ལ་བསྲན་ཚུགས་པའི་བཟོད་སེམས་ལྡན་པ། དགེ་བ་ལ་མངོན་པར་སྤྲོ་བའི་བརྩོན་འགྲུས་ཆེ་བ། སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱི་ངོ་བོ་བརྟན་པ། བོན་ཐམས་ཅད་སོ་སོར་འབྱེད་པའི་ཤེས་རབ་ལ་བློ་སྦྱོང་བ། ལས་མ་བྱས་པ་དང་མི་འཕྲད་ཅིང་བྱས་པ་ཆུད་མི་ཟ་བར་ལྟ་བུའི་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པས་མཚོན། མདོར་ན། ཞི་བདེ། དཀྱེལ་ཡངས། འཆམ་མཐུན་ཡུན་གནས་ལ་བརྩོན་པ་སོགས་འཇིག་རྟེན་གྱི་གནས་སྐབས་ཀྱི་བདེ་བ་དང་། མདོ་སྔགས་རྫོགས་ཆེན་དང་བཅས་པའི་གྲུབ་མཐའ་སོ་སོའི་བཞེད་གཞུང་ཐུན་མོང་མ་ཡིན་པ་ལྟར་དུ། སྲིད་ཞིའི་འཇིགས་པ་ཐར་བའི་ཐར་བ་དང་དོན་གཉིས་ཕུན་ཚོགས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱ་བའི་ཕྱོགས་ལ་མི་ཚེའི་ཆེས་མཐོའི་དད་འདུན་གྱིས་རེ་སྙེག་བྱེད་པ་དང་། སེམས་ཀྱི་སྒྲིབ་པ་སེལ་བའི་ཡུན་གྱི་བདེ་བ་འཚོལ་བའི་ཆ་ནས་སོ་སོའི་ཚེ་སྲོག་གི་རིན་ཐང་མངོན་པར་བྱེད་རྒྱུ་ནི་གངས་ལྗོངས་མདོ་དབུས་མཐོ་སྒང་ནས་རྩ་བ་རྒྱས་ཤིང་། འབྲས་བུ་འཛམ་གླིང་ཤེས་རིག་གི་གྲུབ་ཆ་གལ་ཆེན་གྱི་དཔལ་དུ་མི་དམན་པའི་ཞང་ཞུང་ཤེས་རིག་གི་གཞུང་ལུགས་ཀྱི་བསྟན་དོན་གཙོ་བོའི་སྐོར་ཡིན་པས་ན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་བོད་རང་གི་ཆོས་བརྒྱུད་རྩ་ཆེན་གཡུང་དྲུང་བོན་དང་ཞང་ཞུང་ཤེས་རིག་རྒྱུན་འཛིན་སྲུང་སྐྱོབ་དར་སྤེལ་བྱེད་པ་ལ། དུས་ཐོག་ཆར་བའི་དཔེ་བཞིན་ཞབས་འདེགས་བླ་མེད་མཛད་པའི་ཚུལ་དེ་རིགས་ཀྱང་། རིན་པོ་ཆེ་མཆོག་ཉིད་ཤེས་རིག་སྤྱི་ལ་དུང་ཞེན་ཡོད་ཅིང་། ལྷག་དོན་སྒང་བ་བོད་པ་ཡིན་པའི་ཆ་ནས་འོས་ཤིང་འཚམས་ལ་གཟི་བརྗིད་དང་ལྡན་པ་ཞིག་ཏུ་མངོན་པར་མཐོ་བ་ལྟར་རེད་སྙམ་མོ། །

མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྐྱབས་རྗེ་བླ་མ་བོན་བརྒྱ་ཆེན་པོའི་ཐུགས་ནུས་ཀྱི་རླབས་ཤུགས་ལ་བལྟ་བ།

དེང་རབས་ཀྱི་སྐད་ཆའི་བཤད་སྟངས་ལྟར་ཡིན་ན། བོད་ཀྱི་དགོན་སྡེ་ནི་ཆོས་ལུགས་རིག་གནས་ཀྱི་སྡེ་ཁག་གལ་ཆེན་ཞིག་ཡིན། བོད་ཀྱི་དགོན་སྡེ་ཁྲོད་དུ་མདོ་སྔགས་རྫོགས་གསུམ་གྱི་བཤད་དང་སྒྲུབ་པའི་བསྟན་པ་ཡོད་པ་ཙམ་དུ་མ་ཟད། ད་དུང་བརྡ་དག་སྙན་ངག་དང་། སྒྲ་ཚད་བཟོ་གསོ། རྩིས་རིག་དཀར་ནག་སོགས་སྲོལ་རྒྱུན་རིག་གནས་ཀྱི་ཆ་མང་པོ་ཞིག་བོད་ཀྱི་དགོན་སྡེ་ཁྲོད་དུ་ཚད་མི་འདྲ་བའི་ཆ་ནས་རྒྱུན་འཛིན་དར་སྤེལ་གཏོང་བཞིན་ཡོད། རྒྱ་ཆེའི་སེར་མོ་བ་རྣམས་ཀྱིས་མི་ཚེ་སློབ་སྦྱོང་དང་ཉམས་ལེན་ལ་བསྟིམས་ས་གཙོ་བོ་བོད་ཀྱི་དགོན་སྡེ་ཁག་ཆགས་ཡོད་ཅིང་། དགོན་སྡེ་མང་ཆེ་ཤོས་ནི་ད་རུང་ལྷ་བྲིས་ཡིག་གཟུགས་དང་རྩ་རླུང་འཁྲུལ་འཁོར། གར་ཐིག་འབུད་བརྡུང་གིས་མཚོན་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གར་སྟེགས་ཆེན་པོ་ཞིག་ཏུ་ངོས་བཟུང་ནའང་ཡུལ་དངོས་ཀྱི་གནས་ལུགས་དང་མཐུན་པ་ཞིག་ཡིན། དངོས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན་ཏེ་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཀྱི། དང་དོད་དང་ཐུགས་སྨོན་ཆེན་པོས་བོད་ཀྱི་དགོན་སྡེ་རིག་གནས་འཕེལ་རྒྱས་ཀྱི་ཐད་ལ་ནུས་པ་གང་ཡོད་འདོན་སྤྲོད་མཛད་པ་དང་། ལྷག་དོན་དུ། མདོ་སྨད་བྱང་རྒྱུད་ཀྱི་བོན་དགོན་མཐའ་དག་ཉམས་རྒུད་དུ་འགྲོ་བའི་འཇིག་ཉེན་ལས་བསྐྱབས་ཤིང་བོན་བསྟན་ཤེས་རིག་གི་སྲོག་རྩ་སྲ་བརྟན་དུ་གཏོང་བར། ཐོག་མཐའ་བར་གསུམ་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སྐུ་ངལ་ཆེན་པོ་ཕྲག་ཏུ་འཁྱེར་བའི་ཁོང་གི་ཕྱག་རྗེས་ནི་རྡོ་ལ་བརྐོས་པའི་རི་མོ་ཅི་བཞིན་གཏན་དུ་བསུབ་ཐབས་བྲལ།

དེ་ཡང་དམངས་གཙོའི་བཅོས་བསྒྱུར་དང་རིག་གསར་གྱི་འཚུབ་རླུང་དྲག་པོའི་ནང་དུ། བོད་ཁུལ་གྱི་འཛུགས་སྐྲུན་བྱ་བཞག་དང་ཆོས་ལུགས་རིག་གནས་སློབ་གསོ་བཅས་ལ་ཕྱོགས་ཡོངས་ནས་ཉམས་ཉེས་ཚབས་ཆེན་ཐེབས་རུང་། སྐད་ཅིག་མ་མི་རྟག་པའི་མཚན་ཉིད་ཡིན་པ་ལྟར། ལོ་རྒྱུས་འཕེལ་འགྱུར་གྱི་སྣང་ཚུལ་ནི་དབྱར་གྱི་གནམ་ངོ་དང་འདྲ་བར་ནམ་ཡང་འགྱུར་ལྡོག་གི་ཁྲོད་ན་གནས་ཡོད་སྟབས། ༡༩༨༠ ལོ་ནས་བཟུང་ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་བཟང་པོ་རིམ་བཞིན་དོན་འཁྱོལ་ཡོང་བར་མཛད་པ་མ་ཟད། རིག་གསར་སོགས་ཀྱི་སྐབས་སུ་ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་གཞིའི་རིགས་ལ་དཀར་འདོན་དག་སེལ་བྱེད་པའི་སྐལ་བཟང་མངོན་དུ་གྱུར་ཞིང་། བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་འབྱོར་རིག་པའི་འཕེལ་ཁ་སྔར་ལས་ཇེ་མགྱོགས་ལ་སྐུལ་འདེད་ཀྱི་ནུས་ཤུགས་འདོན་པར་དགོངས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དགའ་ཞིང་གུས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་ཉིད་བོད་ཁུལ་གྱི་བྱ་བར་གཟིགས་ཞིབ་གནང་བ་ལ་ཕེབས་ནས། མི་རིགས་སྲིད་ཇུས་དངོས་འབེབས་དང་བསྟན་པ་བསྐྱར་དར་ཡོང་བའི་ཆེད་དུ་གནད་ལ་འཁེལ་བའི་ཕྱག་ལས་མང་པོ་ལག་བསྟར་གནང་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་བཀའ་ཆོས་ཀྱི་འདོད་པ་བསྐངས་པར་བྱས་ཐོག་ཕྱག་དབང་བྱིན་རླབས་བསྩལ་ཞིང་། རྒྱལ་གཅེས་ཆོས་གཅེས་དང་སློབ་གསོ་གཙིགས་འཛིན། དཔལ་འབྱོར་དར་སྤེལ། བོད་ཁུལ་འཛུགས་སྐྲུན། མཐུན་ལས་ཆིག་སྒྲིལ། གྲུབ་མཐའ་རིས་མེད་སྐོར་སོགས་བརྗོད་བྱར་བཟུང་སྟེ་ས་གནས་སོ་སོར་བཀའ་སློབ་ཆུ་བོའི་རྒྱུན་ལྟར་གསུང་འགོ་ཚུགས་པར་གྱུར་བ་དང་། སྐབས་དེ་དག་ཅི་རིགས་དང་བསྟུན་ཏེ་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་གཡུང་དྲུང་བོན་གྱི་བསྟན་དོན་སྐོར་ལ་སྐྱབས་འཇུག་དགོངས་བཞེས་གནང་རོགས་ཞུ་སླད་སོགས་སུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་མདུན་ལ་སྔ་ཕྱིར་བསྡོམས་པའི་ལན་བདུན་དུ་མཇལ་བཅར་ཞུས་པའི་མཛད་པ་བསྐྱངས་པ་རེད།

ལྷག་དོན་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཚོ་སྔོན་རེབ་གོང་ཕྱོགས་སུ་ཕེབས་སྐབས། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་དངོས་ཀྱིས་བཀོད་འདོམས་གནང་བ་ལྟར་དུ། རེབ་གོང་བོན་མང་ཕུར་སྟོང་དང་དགུ་བརྒྱར་གྲགས་པའི་འདུས་པ་རྒྱ་མཚོ་ནས་བོན་གྱི་གྲུབ་མཐའི་ཚབ་བྱས་ཏེ། གསང་སྔགས་པར་མཁོ་བའི་དོམ་ར་དང་། དཀར་མོ་རྩེ་རྒྱལ། སྟག་གཟིག་གི་གོང་བེར་སོགས་སྔགས་ཀྱི་ཆ་བྱད་ཐམས་ཅད་ཡོངས་སུ་འཛོམས་པའི་སྒོ་ནས་སེར་ཕྲེང་གི་བཀོད་པ་གྱ་ནོམ་གྱིས་མདུན་བསུས་པ་དང་། ཉིན་དེར་རོང་བོ་སྡེ་བདུན་གྱི་ནང་གསེས་སུ་གྱུར་བ། ཐེ་བུའི་གྲོང་ཚོ་རུ་ཡོད་པའི་བསེ་ཚང་བློ་བཟང་དཔལ་ལྡན་ཚང་གི་འཁྲུངས་གཞིས་སུ་རེབ་གོང་བོན་མང་གིས་རིན་པོ་ཆེ་སྐུའི་ཕྱྭ་རིམ་དུ། ཡི་དམ་ཀུན་བཟང་རྒྱལ་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱ་ཆེར་ཕུལ་བ་ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་རབ་ཏུ་དགྱེས་པའི་ཞལ་བཀོད་ལྟར། ཁོང་གིས་ཡབ་གཞིས་གུར་མགོན་ཚེ་བརྟན་ལགས་ནས་རིག་འཛིན་དབལ་བོན་གྱི་སྡེ་ལ་མང་ཇའི་བསྙེན་བཀུར་དང་། འགྱེད་གཏོང་རྒྱ་ཆེར་མཛད་པའི་ལོ་རྒྱུས་རང་བཞིན་ཅན་གྱི་བཀའ་དྲིན་བླ་མེད་བསྐྱངས་ཤིང་། རེབ་གོང་བོན་མང་ལ་ཆོས་སྒོ་འབྱེད་པའི་ཆོག་མཆན་ཡང་ཐོབ་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་བྱམས་བརྩེ་ལྡན་པའི་ངང་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་རྗེས་སུ་བཟུང་སྟེ། བོད་མེས་པོའི་ཤེས་རིག་གི་བླ་མཁར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་སྟངས་ཆ་ནས་ཐུགས་ནང་གཤིན་པའི་བཀའ་མཆིད་རབ་དང་རིམ་པར་གནང་བ་མ་ཟད། སྐབས་དེར་མཚོན་ན་ཡང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ལ་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་བརྙན་གཅིག་དང་རྟེན་རྫས་བྱིན་ཅན། ཕྱག་མདུད་བརྒྱ་དང་བརྒྱད། དམངས་སྒོར་སྟོང་ཕྲག་གཅིག་བཅས་གནང་སྟེ་རང་རང་གི་བསྟན་པ་ལ་བདག་པོ་ཡག་པོ་གྱིས་ལ། ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེ་གཞི་བཟུང་ཅེས་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་བཀའ་ཡི་དབུགས་དབྱུང་ཟབ་མོས་མདོ་སྨད་བྱང་རྒྱུད་ཀྱི་རྒྱལ་གཤེན་བསྟན་པའི་བདག་པོར་བསྐུལ་བ་དང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་ཀྱང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གསུང་གི་བདུད་རྩི་སྤྱི་བོའི་རྒྱན་དུ་བླངས་ཏེ། དུས་ཀྱི་མཐའ་ན་བཤད་སྒྲུབ་བསྟན་པའི་རྩ་ལག་འགངས་ཆེན་དུ་ཡོད་པའི། བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་སྡེ་འདི་ཉིད་བསྟན་པའི་ལྗོན་རྩར་བསྐྱར་བཞེངས་དང་འབྲེལ། འཆད་ཉན་བཤད་སྒྲུབ་ཀྱི་རྒྱུན་བཟང་ཡར་ལྡན་འཕེལ་བའི་མཛད་བཟང་བླ་མེད་བསྐྱངས་པ་ཀུན་གྱིས་མིག་མཐོང་ལག་ཟིན་དུ་ཡོད་པ་ལྟར་ཡིན།

དེ་རྗེས་སྣང་བ་མཐའ་ཡས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྗེའི་སྐུ་འབུམ་དུ་ཕེབས་སྐབས་ཀྱང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་དང་། སེ་བརྒྱའི་སྔགས་འཆང་ཨ་ཁུ་རིག་གྲོལ་ཞུ་བ་སོགས་རིན་པོ་ཆེའི་གམ་དུ་བཅར་ནས་མཇལ་ཁ་ཞུས་པ་དང་འབྲེལ་ཏེ་མཚོ་སྔོན་ཁྲི་ཀ་རྫོང་ཁྱུང་མོ་དགོན་པ་དང་། སེར་བརྒྱ་བོན་མང་། སྟོང་ཆེ་བོན་མང་། གསེར་ཆེན་རྫོང་ནས་རྐ་སར་བོན་མང་། བ་ཡན་རྫོང་ནས་དོ་ཞི་བོན་མང་སོགས་ཀྱི་སྔར་སོང་ལོ་རྒྱུས་དང་ད་ལྟའི་གནས་བབ། ཆོས་དད་མང་ཚོགས་ཀྱི་རེ་ལྟོས་གནས་ཚུལ་པཎ་ཆེན་ཐམས་ཅད་མཁྱེན་པའི་སྙན་སར་ཕུལ་ཞིང་། དགོན་སྡེ་དེ་དག་ལ་ཆོས་སྒོ་ཕྱེ་རྒྱུའི་རེ་འབོད་ཡི་གེ་ཡར་འབུལ་བྱས་པར། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དམངས་ཀྱི་རེ་ཞུ་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་ཐད་ཀར་བཀའ་མཆིད་མཛུབ་སྟོན་གནང་བ་སྟེ། དོན་དེར་མྱུར་དུ་བརྡ་ལན་གནང་དགོས་པའི་བླང་བྱ་བཏོན་པ་ལྟར་དུ། མཚོ་སྔོན་ཕྱོགས་ཀྱི་བོན་རྩ་སོ་སོའི་ཆོས་སྒོ་ཆེས་ཐོག་མའི་གྲས་སུ་བཞག་ནས་ཕྱེས་པའི་སྐལ་བཟང་མངོན་འགྱུར་བྱུང་བ་ཡིན།

༡༩༨༠ལོར་བསྟན་པ་ཐམས་ཅད་ཀྱི་བདག་པོ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཕེབས་པ་དང་འབྲེལ། ཇི་སྐད་དུ།  གསང་སྔགས་ཉིང་ཁུ་མ་རྒྱུད་གསང་བའི་བོན། །སུམ་བརྒྱ་དྲུག་ཅུའི་དཀྱིལ་འཁོར་རྫོགས་པའི་ལྷ། །མཁའ་ལ་ཆུ་ཟླའི་གཟུགས་བརྙན་ལྟ་བུར་ཤར། །བྱིན་རླབས་འོད་ཟེར་ལྷོ་རྒྱལ་གླིང་ཀུན་ཁྱབ། །གསང་བའི་གནས་མཆོག་རྒྱན་གྱ་བྲག་དཀར་འདི། །ཞེས་རྒན་གྱའི་བྲག་དཀར་གྱི་དཀར་ཆག་གསང་བ་མཁའ་འགྲོའི་ལུང་བསྟན་དུ་འབྱུང་བའི་གནས་ཁྱད་པར་ཅན་ཏེ། གཡུང་དྲུང་བོན་གྱི་ལུགས་ལྟར་ན། མ་རྒྱུད་ཐུགས་རྗེ་ཉི་མའི་སྒྲུབ་གནས་སུ་བསྔགས་པའི་གནས་མཆོག རྒན་གྱའི་བྲག་དཀར་གནས་ཁང་ཞེས་པར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཟིགས་ཞིབ་ཏུ་ཕེབས་ཚེ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་ཆེད་ཕེབས་ཀྱིས་བཀོད་སྒྲིག་གནང་སྟེ་ཟ་ཆེན་ཐང་ཞེས་པ་ནས། དབུ་ལ་དཀར་མོ་རྩེ་རྒྱལ་གསོལ་བའི་སྔགས་འཆང་བརྒྱ་ལྷག་ཙམ་གྱིས་སྣེ་དྲངས། རྩེ་དབུས་རུ་དགོན་གཉིས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་སེར་ཕྲེང་གི་མཆོད་པ་ཕུལ་ཏེ་མཇལ་ཁ་ཞུས་ཤིང་། རྩེ་ཞིག་དགོན་པ་ནི་ལོ་རྒྱུས་ཆེས་རིང་བའི་དགོན་རྙིང་རྩ་ཆེན་ཞིག་ཏུ་ཡོད་ཚུལ་སོགས་ཀྱི་སྙན་ཞུའི་ཡི་གེ་ཕུལ་ནས་ཆོས་སྒོ་ཕྱེ་བའི་གསོལ་བ་བཏབ་པ་ལ། མྱུར་དུ་རེ་འབྲས་དོན་སྨིན་བྱུང་བ་སྟེ། རྩེ་ཞིག་དགོན་པ་བསྐྱར་གསོ་བྱེད་ཆོག་པའི་གྲས་སུ་ལེགས་པར་འཁོད་པ་སོགས་ཀྱང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་སྐྱབས་རྗེ་བླ་མ་མཆོག་གི་སྙན་ཞུ་ལ་ཚད་མཐོའི་མཐོང་ཆེན་གནང་བའི་བཀའ་དྲིན་ཉག་གཅིག་ཏུ་འཁུམས་ཤིང་། ཇི་སྐད་དུ། རྗེ་ཁྲོ་ཚང་འབྲུག་ལྷའི་ཞལ་ནས། བྱིན་རླབས་རང་གི་སེམས་ལ་ཞུས། །སྦྱིན་པ་དབུལ་བོ་རྣམས་ལ་ཐོངས། །བཟོད་པ་ཁྲོ་གཏུམ་ཅན་ལ་བསྒོམ། །སྙིང་རྗེ་མ་ནུས་པ་ལ་བསྐྱེད། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །རང་བས་གཞན་གྱིས་དོན་དུ་སྤྱད། །ཅེས་གསུངས་པ་ནང་བཞིན་ཆོལ་ཁ་དང་ཆོས་རྒྱུད་ལ་རིས་གཅོད་མི་མཛད་པའི་སྟེང་ས་གནས་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་ཁེ་ཕན་སྙིང་ནས་གཙོ་བོར་འཛིན་ཞིང་། ཉིན་རེ་ལྟར་ཉམས་རྒུད་ཐེབས་བཞིན་པའི་གནས་ཚུལ་འདིའི་སྐོར་ལ་ཕངས་སེམས་ཀྱིས་ཤ་ཚའི་ཐུགས་ཁུར་ཆེན་པོ་གནང་བ་སྟེ། མི་རིགས་ཀྱི་རིག་གནས་དང་ཆོས་ལུགས། རྩ་ཆེའི་སྲོལ་རྒྱུན་སྐོར་ཇི་ལྟར་སྲུང་སྐྱོབ་བྱ་བ་དང་། མ་ཉམས་འཕེལ་རྒྱས་གཏོང་བར་རོགས་མགོན་གང་ཐུབ་གནང་མཁན་གྱི་སྐྱབས་མགོན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་རྣམས་ནི། དུས་རབས་དང་ལོ་རབས་ཇི་འདྲ་བརྒལ་ནའང་། ལོ་རྒྱུས་ཀྱི་སྟེགས་བུ་དང་མི་རྣམས་ཀྱི་སེམས་ཁོང་ན་ནམ་ཡང་གཅེས་ཤིང་དྲོད་རླབས་དང་ལྡན་པར་བཞུགས་ཡོད་ལ། མིའི་རིགས་ཀྱི་ཁྲོད་ན་བཀུར་འོས་གཟི་བྱིན་རིན་ཐང་གི་བཀྲག་མདངས་ཆེས་ཆེར་འབར་ཞིང་། ཕྱོགས་དང་རིས་སུ་མ་ལྷུང་བའི་བསྟན་འགྲོའི་དཔུང་གཉེན་ཟླ་མེད་ཀྱི་མི་མཆོག་ནོར་བུ་དངོས་ཡིན་པར་ལོ་རྒྱུས་ཀྱིས་ནམ་ཡང་གསལ་བཤད་གནང་ངེས་ཡིན་པ་དེ་རེད།

གོང་ཞུས་གནས་ཚུལ་དེ་རིགས་ཀྱིས་མཚོན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་ད་དུང་བོན་བརྒྱ་ལ་རོང་འབྲོག་དང་། རེབ་གོང་ཕྱོགས་ཀྱི་བོན་རྩ་སོ་སོའི་གསས་ཁང་བསྐྱར་བཞེངས་ཀྱི་ཐད་ལའང་ཐུགས་ཁུར་ཆེན་པོ་གནང་བ་སྟེ། རེབ་གོང་བོན་བརྒྱ་དགོན་པ་ལྟེ་བར་བྱས་པའི་རེབ་གོང་བོན་མང་གི་ཡན་ལག་སྒྲུབ་སྡེ་རྣམས་དང་། ཡར་ནང་བོན་སྡེ་ཁག་གསུམ། མར་ནང་བོན་སྡེ་ཁག་གསུམ། སྙན་བཟང་བོན་མང་། ཞོ་འོང་ཉིན་ཐ་བོན་མང་། དར་གྲོང་བོན་མང་། སོ་ནག་བོན་དགོན། བོན་བརྒྱ་འབྲོག་པའི་བོན་པོ་སྤྱི་བ་སོགས་ཏེ། མདོར་ན་མཚོ་སྔོན་གྱི་རེབ་གོང་རྫོང་ཁོངས་ན་ཡོད་པའི་མག་སར་གཡུང་དྲུང་དར་རྒྱས་གླིང་དང་། བོན་བརྒྱ་གསང་སྔགས་དར་རྒྱས་གླིང་། གྱང་རི་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་། ངོ་མོ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་། རྩེ་ཞིག་ཆོས་རྗེ་བའི་གདན་ས་ཀུན་ཁྱབ་གཡུང་དྲུང་གླིང་། གདོང་མགོ་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་། ཨ་རྒ་རྟིང་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་། གད་པ་སྐྱ་བོ་གསང་སྔགས་རིག་འཛིན་དར་རྒྱས་གླིང་། མཁར་གོང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་། གནམ་རྟིང་ཞྭ་དཀར་གཡུང་དྲུང་གླིང་། སྙན་བཟང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་། སྟོང་ཆེ་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་། ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་། ནོའུ་རོང་གཡུང་དྲུང་གསང་སྔགས་གླིང་། ཐེ་བུ་ཚང་ཚོ་འདུ་དཔག་བསམ་བཀྲ་ཤིས་དར་རྒྱས་གླིང་། དར་ཀྲོང་རྒྱལ་མཚན་མི་འགྱུར་གླིང་། ཞོ་འོང་ཉིན་མཐའ་ཀུན་འདུས་གཡུང་དྲུང་འགྱུར་མེད་གླིང་། གླིང་བརྒྱ་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་། ཁྱུང་བོ་ཐང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་དར་རྒྱས་གླིང་། སྡོང་སྐམ་གསང་སྔགས་བདུད་འདུལ་ལྷུན་གྲུབ་གླིང་། དྲན་པའི་སྒྲུབ་གནས་གོང་མོ་གུར་ཁང་སོགས་དང་། མཚོ་སྔོན་མང་རྫོང་གི་བོན་བརྒྱ་འབྲོག་པའི་བོན་པོ་སྤྱི་བ། རྨ་ལྷོའི་རྩེ་ཁོག་རྫོང་གི་སོ་ནག་བོན་དགོན་མདོ་སྔགས་གཤེན་བསྟན་དར་རྒྱས་གླིང་དང་བོན་བརྒྱ་ཆོས་ལུང་བོན་དགོན། དེ་བཞིན་མཚོ་སྔོན་གྱི་ཞོན་ཧྭ་རྫོང་ཁོངས་ན་ཡོད་པའི་བོན་ཚང་མའི་སྐྱི་ཚང་བོན་པོའི་གསས་ཁང་དང་། བ་ལུང་ཁེས་རྡོ་བོན་པོའི་གསས་ཁང་།  ལྷོ་རན་གདོང་ངེས་བོན་པོའི་གསས་ཁང་སོགས་ཀྱིས་མཚོན་པའི་ཕྱོགས་འདིའི་སྒྲུབ་སྡེ་སོ་སོའི་གསས་ཁང་བསྐྱར་བཞེངས་ལ་ཤུགས་དང་ལྡན་པའི་ཐུགས་ནུས་རྩལ་སྤྲུགས་བྱེད་པ་དང་། བུ་སློབ་སྟོང་ཕྲག་མང་པོ་མདོ་སྔགས་རྫོགས་གསུམ་གྱི་གདམས་པའི་སྒོ་ནས་སྨོན་གྲོལ་གྱི་ལམ་དུ་བཀོད་པར་མཛད་པ་སོགས་ཀྱིས། བསྟན་པའི་མེ་རོ་དེ་ལྟར་རྨང་ནས་བསྐྱར་དུ་གསོས་པ་ལ་སྐབས་དེའི་བོན་འབངས་ཡོངས་ཀྱི་བསམ་བློའི་གོ་རྟོགས་ཀྱི་ཆུ་ཚད་མཐོ་དམན་དང་། འདུ་ཤེས་འཛིན་སྟངས་ཀྱི་མིག་རྒྱའི་རིང་ཐུང་སོགས་ཕྱི་ནང་གི་ཆ་རྐྱེན་དང་ཁོར་ཡུག་གི་གནས་བབ། གཞན་གྱིས་འགོག་རྒོལ་བྱེད་པའི་སྣང་ཚུལ་གྱི་བརྒྱུད་རིམ་སོགས་ལ་བློ་རྩེ་ནང་དུ་བསྐོར་ཏེ་བསམ་བློ་ཞིབ་ཏུ་བཏང་བ་ཡིན་ན། སྐྱབས་རྗེ་བླ་མ་རིན་པོ་ཆེའི་འགྲན་ཟླ་མེད་པའི་བསམ་བློའི་ཐུགས་སྟོབས་དང་། བསྟན་དོན་དུ་ལྷག་བསམ་གཙང་མ་ཡིན་པའི་རྗེས་བཞག་བཀའ་དྲིན་ནི་ནམ་ཡང་གཞལ་མཐའ་མེད་པ་ཞིག་ཏུ་ཆགས་ཡོད་པ་ཡིན།

བློ་གྲོས་ཀྱི་ཉིང་བཅུད་ལས་སྦྲུམ་པའི་སྐྱབས་རྗེ་བླ་མ་བོན་བརྒྱ་ཆེན་པོའི་འཆད་རྩོད་རྩོམ་གསུམ་གྱི་ཟིལ་ཤུགས་ལ་བལྟ་བ།

སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ནི་བཅུ་ཕྲག་རིག་པའི་གནས་ཀུན་ཐུགས་སུ་ཆུབ་ཅིང་། མདོ་སྔགས་རྫོགས་ཆེན་དང་བཅས་པའི་གཞུང་ལུགས་མཐའ་དག་གི་དགོངས་དོན་ལ་ཤིན་ཏུ་རྩད་ཅིང་འདྲིས་པ་ཞིག་ཡིན་པ་མ་ཟད། གཞན་དག་རྗེས་སུ་འཛིན་པའི་འཆད་རྩོད་རྩོམ་གསུམ་ལ་ངེས་པ་དོན་གྱི་མཁས་དང་གྲུབ་པའི་བདག་ཉིད་ཆེན་པོར་གྱུར་ཡོད་སྟབས། བསྟན་འགྲོའི་བདེ་སྐྱིད་འཕེལ་རྒྱས་ཀྱི་དཔུང་འདེགས་ལ་གཙིགས་སུ་ཆེ་བའི་གྲུབ་འབྲས་གཡུར་དུ་ཟ་བ་འཇོག་གནང་མཛད་ཡོད། དྲན་གསོས་པར་ཉིན་ཞིག་གི་མཇལ་ཞུས་སྐབས་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ལ་ཁོང་གི་སྐུ་ཚེ་བརྒྱུད་རིམ་སྐོར་ནས་ཕྲན་གྱིས་བཀའ་སློབ་ཞུས་པར། ཁོང་གིས་ཐུགས་རྩ་བརྟན་པོ་དང་ཚིག་ཐག་ཆོད་པོའི་སྒོ་ནས་ང་ལ་འདི་ལྟར་གསུངས་པ་སྟེ། གཡུང་དྲུང་བོན་གྱིས་ཁོ་བོའི་ཚེ་སྲོག་ལ་དགེ་སྡུག་གི་སྤང་བླང་སྐོར་ཤན་འབྱེད་ཐུབ་པའི་རིན་ཐང་གི་འོད་སྣང་བསྩལ་བ་ཡིན་པས། ང་རང་ལ་དབང་བའི་ཤེས་རབ་ཀྱི་འོད་སྣང་ཆུང་ཆུང་དང་། ནུས་པ་ཕྲ་མོ། ལྷག་བསམ་རྣམ་དག་གི་ཆ་བཅས་ནི་བསྟན་འགྲོའི་བདེ་སྐྱིད་འཕེལ་རྒྱས་ཀྱི་ཆེད་དུ་འབུལ་བའི་སེམས་ཐག་གཙང་བཅད་བྱས་ཡོད། ཁོ་བོས་གཞན་ལེགས་ལམ་ལ་འགོད་པར་ཕན་པ་སྤུ་རྩེ་ཙམ་ལས་མ་ཐོགས་ན་ཡང་། ཕན་པ་དེས་བསྐྱེད་པའི་གཞན་གྱི་ལེགས་པའི་ཆ་རྣམས་རང་གི་ལུས་ངག་ཡིད་གསུམ་གང་རུང་ཞིག་ནས་ཚོར་སྐབས་སུ། རང་ཉིད་བོན་སྒོར་ཞུགས་པའི་དོན་སྒོ་མ་བརླག་པར་བསམ་བཞིན་དགའ་བ་སྒོམ་གྱི་ཡོད་ཅིང་། སྔོན་མའི་ལས་དང་སྐལ་བ་ཞིག་ལ་བརྟེན་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་དགོངས་དོན་ཅུང་ཙམ་རང་རྒྱུད་དུ་ལེན་ཁུལ་བྱས་པའི་གྲུབ་འབྲས་མི་གཞན་གྱི་ཁེ་ཕན་སྟེང་ནས་ཚུར་མངོན་པ་བྱ་རྒྱུ་དེ་ནི། ཁོ་བོའི་ཚེ་སྲོག་གི་རིན་ཐང་དུ་བརྩིས་ནས་མི་ཚེ་སྐྱེལ་གྱི་ཡོད་ཅེས་གསུངས་པ་ལྟར། ང་རང་ལ་བློ་བསྐྱེད་ཐོབ་ཙམ་དུ་མ་ཟད་ཁོང་གི་ཕྱག་ལས་གནང་སྟངས་ཁྲོད་ཉམས་མྱོང་ཆེན་པོ་ཡོད་པ་ཞིག་ལ། མདོ་ལས། གང་ཞིག་སྙིང་རྗེ་ལྡན་བཞིན་དགེ་བ་འཕེལ། །སྙིང་རྗེ་མེད་ན་དགེ་བྱེད་སྲིན་པོའི་ལུས། །དེ་ལ་ཕན་དང་ཡོན་ཏན་འབྱུང་མི་སྲིད། །དེ་ཕྱིར་སྙིང་རྗེ་དཔག་མེད་བསྒོམ་པར་བྱ། །ཞེས་བསྟན་པ་ནང་བཞིན། སྲོག་གིས་བསྡུས་པའི་སྐྱེ་རྒུ་ཡོད་དོ་ཅོག་སྡུག་བསྔལ་དང་རྒྱུ་འབྲས་གཉིས་དང་བྲལ་བར་འདོད་པའི་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་རྒྱུད་ཀྱི་སྙིང་རྗེ་ཟབ་མོས་བདག་ཡིད་དབང་མེད་དུ་འཕྲོག་པར་གྱུར་ཞིང་། ཁོང་ནི་མདོ་སྔགས་རྫོགས་གསུམ་གྱི་བང་མཛོད་དུ་གྱུར་བའི་སྐྱེས་བུ་དམ་པ་ཞིག་དང་བོད་མེས་པོའི་ཤེས་རིག་གི་བླ་མཁར་རྨང་ནས་བསྲུང་བའི་སྐྱེས་བུ་དམ་པ་ཞིག བསྟན་པའི་བདག་པོ་ངོ་གནོང་མི་དགོས་པའི་སྐྱེས་བུ་དམ་པ་ཞིག་བཅས་ཡིན་པར་རང་ལ་ཧ་ཅང་ཆ་རྒྱུས་ཆེན་པོ་ཡོད་པ་ལྟར་ཡིན།

སྤྱི་ཚོགས་རྙིང་བའི་སྐབས་ཏེ་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ནང་ལ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་མ་ཡུམ་སློབ་གླིང་མདའ་ཆེན་དཀར་མོ་རི་ཁྲོད་ནས་སླར་ཡང་རེབ་གོང་སྟོད་དུ་ཕེབས་རྗེས། ཁོང་གིས་བོན་བརྒྱ་སྐུ་ཐོག་གོང་མའི་གདན་ས་བསྐྱར་བཞེངས་ཀྱི་བྱ་བཞག་གི་ཁུར་ཆེན་དང་འབྲེལ་ཏེ། ཕྱོགས་འདུས་ཀྱི་སློབ་བུའི་ཚོགས་ལ་འཆད་ཉན་གྱི་དབུ་བཟུང་བ་སོགས་བསྟན་འགྲོའི་དོན་ཆེན་འཁོར་ལོ་གསུམ་གྱི་སྒོ་ནས་འཕྲག་ཏུ་འཁྱེར་བར་མཛད་ན་ཡང་། རབ་རྒྱལ་ས་ཁྱི་སྟེ། ༡༩༥༨ལོའི་དུས་འཇིག་སྐབས་སུ་སྤྱི་མཐུན་གྱི་ལས་དབང་གཉོམ་པོ་ལྟར། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་ཀྱང་དུས་འགྱུར་གྱི་གནས་བབ་ནང་ལོ་མང་རིང་ཁྲི་མུན་དུ་བཞུགས་གནང་མཛད་དགོས་བྱུང་བ་སྐྱེས་བུ་དམ་པ་གཞན་དང་གཅིག་མཚུངས་སུ་གྱུར། ཡིན་ནའང་། རྐྱེན་ངན་དགེ་བའི་གྲོགས་ཟེར་བ་ནང་བཞིན། མཚོ་སྔོན་གྱི་ཐར་ཤུལ་ཡོངས་འཛིན་རིན་པོ་ཆེ་དང་ལབ་བསོད་ནམས་རྩེ་མོ་སོགས་སྐྱེས་བུ་གྲགས་སུ་ཆེ་བ་འགའ་དང་ལྷན་བཞུགས་བྱས་སྟབས། ཁོང་གི་དགེ་སྦྱོར་ཉམས་རྟོགས་ཀྱི་འཕེལ་ཁ་དང་ཕན་ཚུན་ཡོན་ཏན་གྱི་ཉམས་མྱོང་བརྗེ་རེས་བྱེད་པའི་ཆ་ལ་གོ་སྐབས་ལེགས་པོ་ཐོབ་པ་དང་། རྗེས་སུ་རིག་གསར་གྱི་འཚུབ་རླུང་དྲག་པོའི་ཁྲོད་རྩེ་དབུས་སོགས་ཡུལ་ལུང་ངེས་མེད་དུ་འཁྱར་ནས་བཞུགས་དགོས་བྱུང་ཡང་། སྐབས་དེ་དག་ཀྱང་སྐུ་སྲོག་ལ་མ་འཛེམ་པར་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་པ་མ་ཟད། འཁྱག་ལྟོགས་བཀྲེས་སྐོམ་གྱིས་ཇི་ལྟར་མནར་རུང་། ཕྱོགས་གཞན་ཞིག་གི་ཆ་ནས་མ་འོངས་བསྟན་པའི་ཆ་རྐྱེན་དུ་དམིགས་ཏེ། རིག་གནས་དངོས་རྫས་སྲུང་སྐྱོབ་ལ་བརྩོན་པ་དྲག་པོས་འབད་པ་དང་། ཡི་དམ་དབལ་གསས་རྔམ་པའི་སྒྲུབ་སྐོར་གྱིས་མཚོན་བོན་སྤྱོད་ཆོ་གའི་གླེགས་བམ་ཉི་ཤུ་ལྷག་ཕྱག་བྲིས་མཛད་ནས་ཕྱོགས་ཀྱི་སློབ་མ་རྣམས་ལ་བོན་སྦྱིན་དུ་བསྩལ་ཞིང་། སྡེ་སྣོད་རིན་པོ་ཆེ་མཛོད་རྩ་དང་། བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེའི་པར་རྩ་ཚུད་པའི་ཤིང་པར་སྟོང་ཕྲག་གཉིས་ཙམ་བརྐོས་པའི་མཛད་རྗེས་བླ་ན་མཐོ་བར་བཞག་པ་ཡིན།

འདས་སོང་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱི་ཐོག་ནས་ང་ཚོར་གསལ་བོར་བསྟན་ཡོད་པ་ཞིག་ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཀའ་དགོངས་བཞིན་བོན་བརྒྱ་དགོན་སྨན་རི་དགོན་བཤད་སྒྲུབ་སྨིན་གློལ་གླིང་བསྐྱར་བཞེངས་ལེགས་འགྲུབ་བྱུང་བ་དང་བསྟུན། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་དགོན་སྡེ་འདི་ཉིད་ལ་མེད་ཐབས་མེད་པའི་ཕྱི་འདུལ་བའི་ཀུན་སྤྱོད་ཀྱི་རྣམ་བཞག་དང་། ནང་འཆད་ཉན་བཤད་སྒྲུབ་ཀྱི་འགྲོ་རིམ། གསང་བ་སྒོམ་པ་ཉམས་ལེན་གྱི་ཕྱག་སྲོལ་ལག་ལེན་དུ་འདེབས་སྟངས་ཀྱི་ཆ་ནས། དགོན་སྡེ་འདི་ཉིད་རྒྱལ་བ་སྨན་རིའི་རིང་ལུགས་གཙང་མ་རྨ་མེད་དུ་འཛིན་པའི་དགོན་སྡེ་ཞིག་ཏུ་བསྐྱངས་པར་མཛད་པ་ནི། མདོ་ལས། ལྟ་བ་ཡས་ཕུབ་ཐེག་ཆེན་དོན་དང་ལྡན། །སྤྱོད་པ་མས་འཛེགས་འདུལ་ཁྲིམས་ཟབ་མོ་བསྲུང་། །དམ་ཚིག་རྣམ་དག་གསང་བ་སྔགས་ཀྱིས་སྤྱོད། །མ་ནོར་ཐར་བའི་ལམ་ལ་འཇུག་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ཞིང་། རེབ་གོང་བོན་བརྒྱ་དགོན་པ་བསྐྱར་བཞེངས་ཀྱི་ཐོག་མའི་གྲ་སྒྲིག་དང་ལས་ཀའི་ཐག་གཅོད། ཐ་ན་དཔལ་འབྱོར་འགྲོ་སོང་བཅས་ཀྱི་ཐད་ནས་ཀྱང་ཁོང་གིས་ཀ་གདུང་ལྟ་བུའི་ནུས་པ་ཐོན་པར་བྱས་ཐོག གྲྭ་ཚང་འདུས་པའི་བཅའ་གཞིའི་སྒྲིག་ལམ་དང་། ཀློག་འཛིན་སྐྱོར་གསུམ། དཀྱིལ་འཁོར་བཅའ་གཞི ཆོ་གའི་ལག་ལེན། བཅའ་བརྡུང་འབུད་གྲོལ། གར་ཐིག་གྱེར་དབྱངས། ཡིག་གཟུགས་ལྷ་བྲིས་ཚུན་ཆད་ལ་སྐྱབས་རྗེ་བླ་མ་རིན་པོ་ཆེ་རང་ཉིད་ནས་དགེ་རྒན་གྱི་འགན་འཁུར་ཕྲག་ཏུ་བཞེས་ཏེ། དེ་དག་གི་སྐོར་ཀྱང་དོན་ཆུང་དུ་མ་ལུས་པར་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་མཐུན་རྐྱེན་དུ་ཧུར་ཐག་གིས་མཛུབ་ཁྲིད་གནང་བ་དང་། གྲྭ་སའི་རིང་ལུགས་ལྟར་སློབ་གཉེར་གྱི་རྐང་ཚུགས་པར་མཛད་པའི་བཀའ་དྲིན་གཞལ་མཐའ་མེད་པར་བསྐྱངས་ཤིང་། ཁོང་གིས་དེ་ལྟར་གྱིས་འབད་བརྩོན་ལ་བརྟེན་ད་ལྟ་དགོན་སྡེ་འདིར་ཐུན་མོང་རིག་གནས་དང་བཅས་པའི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལ། རང་དོན་དུ་ཐོས་བསམ་སྒོམ་པ་དང་། གཞན་དོན་དུ་འཆད་རྩོད་རྩོམ་པ། གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ་བཅས་ཀྱི་སྒོ་ནས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྙེལ་བ་མེད་པར་བསྒྲེངས་པ་དང་། ལྷག་པར་དུ། དབང་ལུང་མན་ངག་དང་ཁྲིད་རིམ་ཡོངས་རྫོགས་ཀྱི་འགན་ཆ་ཚང་སྐྱབས་རྗེ་བླ་མ་རིན་པོ་ཆེ་སྐུ་དངོས་ཀྱིས་གཅིག་ལྕོགས་མཛད་པའི་བསོད་ནམས་ཆེན་པོའི་འོག་ནས།  ད་ལོར་མཐར་ཕྱིན་པའི་ལོ་གསུམ་སྒྲུབ་གྲྭར་མཚོན་ན་རེབ་གོང་བོན་བརྒྱ་དགོན་པའི་གཤེན་གྱི་སྒྲུབ་ཐོན་མཛད་སྒོ་ཐེངས་བཅུ་བར་འཁེལ་ཡོད་པ་ལྟར་རེད།

དེ་དང་ཆབས་ཅིག་དཔྱིད་ཀའི་དྲོད་འཇམ་གྱི་ཉི་འོད་སྙོམས་པོར་ནོར་འཛིན་ཡངས་པོའི་དཔལ་དུ་ཕོག་པ་ལྟར། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་བསྟན་པའི་རྩ་ལག་མཆོག་གྱུར་རེབ་གོང་རོང་འབྲོག་གི་སྒྲུབ་སྡེ་རྣམས་གཙོར་བྱས་ཐོག མདོ་སྨད་བྱང་རྒྱུད་དུ་ཡོད་པའི་རྩེ་ཞིག་དགོན་དང་། ཁྱུང་མོ་དགོན།  དུང་དཀར་དགོན།  སོ་ནག་བོན་དགོན། སྟོང་ཆུང་དགོན། སེར་བརྒྱ་བོན་མང་། སྟོང་ཆེ་བོན་མང་། མར་ནང་བོན་སྡེ་ཁག་གསུམ། དཔའ་ལུང་སོགས་ཚུད་པའི་ཕྱོགས་འདིའི་བོན་གྱི་དགོན་སྡེ་དང་སྒྲུབ་སྡེ་རྣམས་སུ་ཕེབས་ཏེ་དབང་ལུང་ཁྲིད་གསུམ་གྱི་གདམས་པའི་ཆར་ཆེན་ཕབ་ཞིང་། འཆད་ཉན་གྱི་རྒྱུན་གསོས་པའི་སྐུ་དྲིན་གཏན་དུ་གཞལ་མཐའ་བྲལ་བར་བྱས་པ་སྟེ། དཔེར་ན། རྩེ་ཞིག་སོགས་སུ་སེམས་བསྐྱེད་མཆོད་པ་དང་འབྲེལ་སྔོན་འགྲོ་འབུམ་དགུ་དང་། འཕོ་ཁྲིད། དངོས་གཞིའི་ཉམས་ལེན་ལ་སེམས་རིག་དབྱེ་འབྱེད་མཚན་བཅས་མཚན་མེད་ཀྱི་ཁྲིད་དང་། འཁོར་འདས་རུ་ཤན་ལ་རིགས་དྲུག་རང་སྦྱོང་གི་གདམས་པ།  དེ་བཞིན་གཏུམ་མོའི་ཉམས་ལེན། རྩ་རླུང་ཐིག་གསུམ། གེགས་སེལ་འཁྲུལ་འཁོར། བཅུད་ལེན། ཉིན་སྣང་མཚན་སྣང་། མུན་ཁྲིད་སོགས་ཀྱི་སྦྱང་བ་ལག་ལེན་བསྟར་མཁན་གྱི་ལོ་གསུམ་སྒྲུབ་གྲྭ་བསྐྱངས་པའི་བཀའ་དྲིན་རི་ལྟར་བརྗིད་པར་བྱས་པ་དང་། སྤྱི་རྟིང་གཡུང་དྲུང་ཀུན་ཁྱབ་གླིང་དུ་མཁའ་འགྲོ་གསང་གཅོད་ཀྱི་སྒོ་ནས་རུ་འགྲིམས་བརྒྱ་རྩར་འགྲོ་བའི་བཀའ་སྲོལ་ལག་ལེན་དུ་ཐེབས་པར་མཛད་ཅིང་། ཚེ་དབང་སྙན་རྒྱུད་ལྟར་གཉན་ཁྲོད་རུ་འགྲིམས་བརྒྱ་རྩར་ཕེབས་མཁན་ལ་རེབ་གོང་བོན་མང་དང་། བོན་བརྒྱ། སེར་བརྒྱ། སོ་ནག་བོན་དགོན་སོགས་ནས་སྔགས་འཆང་རྒན་པ་གང་མང་བསྐྱངས་པའི་ཐུགས་རྗེ་དང་བཀའ་དྲིན་བརྗོད་ཀྱིས་མི་ལང་བ་ཡིན།

སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་གསུང་སྐྱེས་བུ་སློབ་ཀྱི་ཆ་ནས་ཡིན་ན། སྙིགས་དུས་ཀྱི་རྩོད་མེད་འཇའ་ལུས་པ་ཆེན་པོ༧ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་དམ་པ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་། བྱ་འཕུར་ནམ་མཁའ་རྒྱལ་མཚན། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། མཁར་ནག་བསྐལ་བཟང་རྒྱ་མཚོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། ཀོ་དགོན་དགེ་ལེགས་ཚུལ་ཁྲིམས། ཁྲོ་ཚང་གཡུང་དྲུང་བསམ་གཏན། དགེ་བཤེས་ཡེ་ཤེས་བློ་གྲོས། ཁྲི་བདེ་མཆོག གླིང་བརྒྱའི་སྔགས་འཆང་ཤ་བོ་ཚེ་རིང་། སྔགས་འཆང་ཚེ་བརྟན་རྡོ་རྗེ། སྙན་བཟང་བསོད་ནམས་གཡུང་དྲུང་སོགས་ཀྱིས་མཚོན་ཏེ། སྟོད་མངའ་རིས་དང་། བར་དབུས་གཙང་། ཁམས་ཁྱུང་པོ། འཇོ་མདའ། སྡེ་དགེ ཉག་རོང་། རྔ་བ། ཀན་སུའུ། མཚོ་སྔོན་སོགས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་སློབ་ཚོགས་དབྱར་གྱི་མཚོ་ལྟར་འཕེལ་ཞིང་རྒྱས་པ་ལས། དེ་དག་གི་ཁྲོད་དུ་མདོ་སྔགས་རྫོགས་གསུམ་ལ་མཁས་པ་དང་། རིགས་རུས་ཡོན་ཏན་གྱིས་མཐོ་བ། སྐུ་ཕྲེང་རིམ་བྱོན་གྱིས་བརྗིད་པ། ལྟ་སྒོམ་སྤྱོད་གསུམ་གྱིས་འཕགས་པ། སྲིད་འབྱོར་རིག་གསུམ་གྱིས་ཕྱུག་པ། ཤེས་འཇོན་ལྷག་གསུམ་གྱིས་མཚར་བ། མཁས་མཛངས་ཞི་དྲག་གིས་བརླིང་བ། དད་པ་དམ་ཚིག་གིས་གཙང་བ་སོགས་ཏེ། མདོར་ན། ཐུན་མོང་མ་ཡིན་པའི་ཁྱད་བོན་ཅན་ཡང་མི་ཉུང་བར་ཡོད་པ་ཡིན།

དེར་བསྟུན་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཞབས་ཀྱིས་ནམ་ཡང་ཕན་གནོད་སྤང་བླང་གི་གནས་ལ་ཤིན་ཏུ་ནས་གཟབ་ཅི་ཐུབ་བྱེད་ཅིང་། སྡེ་དགོན་ཕན་ཚུན་དང་མི་སྒེར་སོ་སོའི་བར་གྱི་མཐུན་ལམ་དང་བདེ་འཇགས་ལ་ཐུགས་ཀྱི་གཏིང་ནས་སློབ་སྟོན་སེམས་ཁུར་བྱ་བ་དང་། ཆོས་རྒྱུད་གྲུབ་མཐའ་དང་རིག་གཞུང་གསར་རྙིང་བར་གྱི་རྩོད་ཉོག་ཞི་བར་བདེན་པ་དང་གནས་ལུགས་དཔང་དུ་བཞག་ནས་འབད་པ་ཤུགས་ཆེན་འདོན་སྟངས་ལ་བསམ་ན། ཁོང་དང་མཇལ་འདྲིས་ཡོད་མཁན་གྱི་མི་ཚང་མའི་སེམས་སུ་བརྗེད་དཀའ་བའི་བག་ཆགས་བཟང་པོ་བཞག་ཡོད། དེ་ལ་ཚ་ཚ་འུར་འུར་གྱི་དམངས་གཙོའི་བཅོས་བསྒྱུར་སྐབས་ཀྱང་རང་སྲོག་ལ་མ་འཛེམས་པར་རྒྱལ་ཁབ་ཀྱི་ལས་བྱེད་པའི་ཚེ་སྲོག་བསྐྱབས་པ་དང་། ཐུན་རིན་རྫོང་སྲིད་གྲོས་ཀྲུའི་ཞི་གཞོན་པའི་འགན་ཁུར་སྐབས་སུ། རེབ་གོང་གི་འདོ་བ་ཡུལ་ཚོ་དང་བསང་ཆུའི་བསང་ཁོག་བར་གྱི་རྩ་སའི་གྱོད་དོན་བསྡུམ་པར་ནུས་པ་འགངས་ཆེན་ཐོན་པར་གྲགས། རྗེས་སོར་བོན་བརྒྱ་དང་སྐྱ་གྱ་སྡེ་བ་གཉིས་ལ་འགལ་རྐྱེན་བྱུང་ཚེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་གཉིས་ཀྱི་མཐུན་ལམ་ལ་ཕན་པའི་ཞབས་འདེགས་གནད་སྨིན་བྱུང་བ་མ་ཟད།  སོ་ནག་སྐྱ་བོན་མག་སར་བཅས་ཀྱི་སློབ་གྲྭའི་འཕེལ་རྒྱས་ལ་རྟག་ཏུ་གཟིགས་རྟོགས་གང་ལེགས་མཛད་ཅིང་། ཀོས་ནན་བོན་བརྒྱ་སྡེ་དྲུག་གི་སློབ་གྲྭ་དང་བོན་བརྒྱ་ཉི་མ་ལུང་དང་གསེར་གཤོང་སློབ་གྲྭ། གཞན་གཅན་ཚ་རྫོང་བོད་སྨན་ཁང་སོགས་ལ་དཔལ་འབྱོར་གྱི་ཕྱོགས་ནས་རོགས་འདེགས་མི་དམན་པ་གནང་བ་དང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྐབས་ནས་བཟུང་སྟེ། དཔེར་ན། གཙང་བཀྲ་ཤིས་ལྷུན་པོ་ལ་དམངས་སྒོར་ཁྲི་གཅིག་སྟོང་གསུམ་དང་། མར་བརྒྱ་མ་ཆིག་སྟོང་། འབྲུ་རིགས་རྒྱ་མ་ཆིག་སྟོང་བཅས་ཀྱིས་འབྲེལ་འཇོག་དང་། དེ་བཞིན་སྐབས་དེར་གྲྭ་ས་གཡུང་དྲུང་གླིང་ལ་མར་རྒྱ་མ་སུམ་བརྒྱ། འབྲུ་རིགས་རྒྱ་མ་ཆིག་སྟོང་། སྒོར་སྟོང་ཕྲག་གསུམ། གོས་ཆེན་བཟང་པོ་སུམ་ཅུ་སོ་གཅིག་བཅས་ཕུལ་བ་དང་། རྩ་བ་སྟོང་ཆུང་དགོན་པ་བསྐྱར་བཞེངས་ལ་སྒོར་ཆིག་ཁྲི། སོ་ནག་དགོན་པ་ལ་སྒོར་ཆིག་ཁྲི། བོན་བརྒྱ་འབྲོག་གི་བན་དེ་སྤྱི་བ་ལ་སྒོར་ཆིག་ཁྲི་ཕུལ་བས་མཚོན། ཆོས་རྒྱུད་གྲུབ་མཐའ་དང་ས་ཕྱོགས་རིས་སུ་མ་ཆད་པའི་དགོན་སྡེ་དང་སྒྲུབ་སྡེ། སློབ་གྲྭ་ཁག་བཅས་ལ་ཞལ་འདེབས་རོགས་མགོན་མཛད་པའི་སྣང་ཚུལ་བརྗོད་ཀྱིས་མི་ལང་བ་འདུག་སྟབས། སྲིད་གཞུང་ནས་ཀྱང་མི་དམངས་ལ་བློ་སེམས་དཀར་ཞིང་། གྲུབ་མཐའ་སོ་སོའི་བར་མཛའ་བརྩེ་མཐུན་ལམ་ལེགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་བཟང་མི་སྣའི་མཚན་སྙན་ཡང་ཡང་དུ་ཕུལ་བ་སོགས་ཏེ། རྩ་དང་ཆུ་ཡི་དོན་དུ་མི་མ་གསོད། །རྩ་མི་ཤིང་མི་ཟེར་ནས་ཤི་མི་རུང་། །དོན་ཆུང་ཕྱུགས་ཀྱི་ཁ་ཟས་ཙམ་བརྩད་ནས། །དོན་ཆེན་ལུས་སྲོག་གཏོང་བ་བླུན་པོའི་ལུགས། །ཤེས་དང་། ཕྱོགས་རིས་ཆེ་བ་ཆོས་པས་སྤང་བྱ་ཡིན། །ཕྱོགས་འཛིན་ངོ་བོ་འདོད་ཆགས་ཞེ་སྡང་རེད། །གྲུབ་མཐའི་ཕྱོགས་འཛིན་བསྟན་དོན་ཡིན་འདོད་ཀྱང་། །གྲུབ་པ་མིན་པ་ཉོན་མོངས་ཆེ་བས་གསལ། ཞེས་དང་། དེ་བཞིན་དུ། ཀུན་ལ་མཐུན་པའི་སྒོ་ནས་མི་རིགས་ལ་ཕན་པ། ཞིབ་འཇུག་ཡང་དག་པའི་སྒོ་ནས་ལོ་རྒྱུས་ལ་ཕན་པ། རྩོམ་རིག་མང་སྤེལ་གྱི་སྒོ་ནས་རིག་གནས་ལ་ཕན་པ་སྟེ་གསུམ་པོ་འདི། མཁས་བརྒྱ་མཉམ་གླེང་དང་མེ་ཏོག་མཉམ་བཞད། སྙིགས་དོར་བཅུད་ལེན་བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་ནས། མི་རིགས་རང་གི་དོ་ཁུར་ཞིག་ཏུ་བརྩི་དགོས་ཤེས་ཁོང་གིས་ཚིག་ཐག་ཆོད་པའི་སྒོ་ནས་བསྟན་ཡོད་པ་ནི། སྐྱབས་རྗེ་བླ་མ་རིན་པོ་ཆེ་རང་གི་བྱ་བའི་ལག་ལེན་གྱིས་སྟེང་ནས་བདེན་དཔང་ནུས་ལྡན་དང་བཅས་མཐོང་ཐུབ་པའི་གནས་ཚུལ་སྤྱིར་བཏང་གི་ཚུལ་དུ་ཡོད་ཅིང་། ཁོང་གི་ཡངས་ཤིང་རྒྱ་ཆེ་བའི་ཐུགས་སྟོབས་ལ་གཟི་བྱིན་གྱི་འོད་མདངས་གཞན་ལས་ཆེས་ཆེར་འཕྲོ་བ་ཞིག་ལ། མཚོ་སྔོན་ནང་བསྟན་སློབ་གླིང་གི་རྒན་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ལགས་ཀྱིས་བརྩམས་པའི་ཁོང་གི་རྣམ་ཐར་ལས། སངས་རྒྱས་ཐམས་ཅད་ཐུགས་དགོངས་རོ་གཅིག་ཏུ་རྟོགས་ཤིང་རྒྱལ་བསྟན་ཀུན་གྱི་དགོངས་པ་འགལ་མེད་དུ་གཟིགས་ནས༧གོང་ས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་དང་། ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། ལབ་བསོད་ནམས་བྱང་ཆུབ་རྩེ་མོ། གྲུབ་དབང་སེམས་དཔའ་རིན་པོ་ཆེ་སོགས་ལས། དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་ཆེན་དང་བདེ་གསང་འཇིགས་གསུམ། ཡོན་ཏན་མཛོད་རྩ་འགྲེལ། སྤྱོད་འཇུག་ཆེན་མོ་སོགས་ཀྱི་ཞལ་ལུང་ལེགས་པར་གསན་པས། དེང་སང་གངས་རིའི་ཁྲོད་ན་རིས་མེད་ཀྱི་གྲུབ་མཐའ་སྤེལ་ཞིང་རང་གཞན་ཀུན་གྱི་ལུགས་ལ་གཟིགས་རྒྱ་ཡངས་པ་རྒྱུད་ལུང་མན་ངག་གི་གཏེར་ཆེན་འཛིན་པའི་ཡིད་བཞིན་ནོར་བུ་ལྟར་གྱུར་བ་ནི་དམ་པ་འདི་ཉིད་གཅིག་པར་འཁུམས་སོ་ཤེས་མགྲིན་པ་གཟེངས་སུ་བཏེགས་ཏེ་གསུངས་ཡོད་པ་ལྟར་ཡིན།

སྤྱི་ཚོགས་ཀྱི་བྱེད་སྒོ་དང་འབྲེལ་བའི་ཆ་ནས་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་སྟོབས་ཀྱི་རིན་ཐང་ལ་བསམ་ན། སྤྱིར་འགྲོ་བ་མིའི་བསམ་བློའི་ཁོག་རྒྱ་ཆེ་ཆུང་དང་གོ་རྟོག་གི་མཐོ་དམན་མི་འདྲ་བ་དེ་ནི་སློབ་སྦྱོང་ཚུད་པའི་ཁོར་ཡུག་གི་ཚད་བཀག་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པ་ནང་བཞིན། ཁོ་བོ་རང་ཉིད་ལྟར་རྣམ་ཀུན་གཞན་སྐྱོན་ཐུར་མས་འཚོལ་བར་སྟོབས་ཀྱང་མཁས་ལ། རྒྱུ་འབྲས་ལ་སྐུར་འདེབས་བྱས་ཏེ་གཞན་ལ་ཁྱད་གསོད་བྱེད་པར་མགུ་བའི་སེམས་རྩའི་ཁྲག་རྒྱུན་རབ་ཏུ་ཚ་ན་ཡང་། དོན་ལ་རང་གི་ཕོར་ཁ་ཙམ་ལས་གཞན་གྱིས་བྱས་པ་དང་བདེན་པའི་གནས་ལུགས་གང་ལའང་བལྟ་མི་ཤེས་པའི་བློ་མིག་གི་སེམས་ཁོང་དོག་མོ་དེས། ང་ཚོ་ཆོས་ལུགས་པའི་རང་སྟེང་གི་འཛུགས་སྐྲུན་བྱ་བཞག་དང་དགོན་པའི་འཕེལ་རྒྱས་ལ་འགོག་རྐྱེན་ངན་པ་བཟོས་པ་མ་ཟད། རང་ཉིད་ཀྱི་བྱ་བའི་བྱང་ཚད་དང་རང་གི་ཉེ་འཁོར་ན་ཡོད་པའི་མི་བུ་གཞན་དག་ལའང་གནོད་པ་གང་འཚམས་སྐྱེལ་བཞིན་ཡོད། དེ་བས། མང་པོ་ཞིག་གི་བསམ་པར་ང་ཚོའི་ཕྲག་སྟེང་ན་ཤེས་རིག་རྒྱུན་འཛིན་དར་སྤེལ་བྱེད་ཅིང་བསྟན་དོན་འཕེལ་རྒྱས་ཐད་ལ་ཚང་མས་མཐུན་ལམ་ཆིག་སྒྲིལ་བྱེད་དགོས་པའི་འགན་འཁྲི་ཞིག་ཡོད་པ་དང་། བསྟན་པ་སྤྱིའི་ནང་ཁུལ་གྱི་མཐུན་ལམ་ལ་དམིགས་ཏེ་ཕན་ཚུན་བསམ་ཤེས་བྱེད་དགོས་པའི་རང་གཅུན་གྱི་འདུ་ཤེས་དེ་ལར་ནས་ཆགས་མ་ཐུབ་པར་བརྟེན། རང་དང་སྐྱིད་སྡུག་ཉམས་མྱོང་གི་བསམ་བློ་གཅིག་ཡིན་པའི་མི་རིགས་ནང་ཁུལ་དང་། གྲུབ་མཐའ་ནང་ཁུལ་གྱི་དགོན་སྡེ་ཕན་ཚུན་བར་དང་། བླ་མ་ཆེ་ཆུང་བར། ལུང་བ་ཤོག་པའི་བར་ལ་ཆགས་སྡང་ཚ་བོ་བྱེད་པ་སྟེ་ནང་ཁུལ་ལ་ཆེ་ཆེ་དྲག་དྲག་གི་རྫིག་རྟགས་སྟོན་པར་དཔའ་ཞིང་སྒྲིན་པོ་ཡིན་པ་ཙམ་ལས། བོད་བརྒྱུད་ནང་བསྟན་གཙོས་པའི་མི་རིགས་སློབ་གསོའི་ལས་དོན་ཁྱོན་ཡོངས་ནས་གོང་དུ་སྤེལ་བའི་མཐུན་སྒྲིལ་གྱི་ཧུར་བརྩོན་རང་བཞིན་དང་གནས་ལུགས་ཀྱི་དྲང་བདེན་རང་བཞིན་སོགས་ལ། ལྡོག་ཕྱོགས་ཀྱི་བསམ་བློའི་ནུས་པ་འདོན་པའི་རྫོབ་རྟགས་ཀྱི་འཁོར་ལོ་སྐོར་མཁན་མང་དུ་ཡོད་ནའང་།  སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ནི་ནམ་ཡང་མཐུན་སྒྲིལ་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མི་བུ་རླབས་ཆེན་ཞིག་ཡིན་པ་གོང་དུ་སོང་ཟིན་ཡང་། འདིར་བརྗེད་མི་རུང་ཞིག་ལ། ཁོང་གིས་དགོན་སྡེ་དང་དགོན་སྡེ་བར་གྱི་རྨང་གཞིའི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ་དང་། གཡུང་དྲུང་བོན་གྱི་དགོན་སྡེ་སོ་སོའི་འདྲ་མཉམ་ཐོབ་ཐང་གི་ཁེ་དབང་ལ་བརྩི་འཇོག་བྱེད་པར་ནམ་ཡང་སེམས་ཤུགས་སྣོན་པ་སྟེ། དཔེར་ན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་ ༢༠༠༦ ལོའི་པེ་ཅིན་གྱི་གྲོས་འགོའི་ཚོགས་འདུ་དང་། ༢༠༠༧ ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་སྣང་ཞིག་དགོན་ཆེན་གྱི་ལྟ་གོན་ཚོགས་འདུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པའི་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་བཅས་ལ་སྐུ་དངོས་སུ་ཕེབས་གནང་མཛད་པ་མ་ཟད། རྒྱ་ཆེའི་དགོན་སྡེ་དང་ཤེས་ལྡན་མི་སྣ་ཡོངས་ཀྱིས་དུས་རབས་ཀྱི་འབོད་སྐུལ་ལྟར་བསྟན་དོན་དུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱས་ཏེ། གཡུང་དྲུང་བོན་དང་དེ་འབྲེལ་ཞང་ཞུང་ཤེས་རིག་ཉམས་པ་སླར་གསོའི་ཐད་དུ་ཚང་མས་སྟོབས་ཤུགས་འབུལ་དགོས་པའི་སྐོར་ལ་གསུང་བཤད་གལ་ཆེན་གནང་བ་དང་། ལྷག་པར་དགའ་འོས་པ་ཞིག་ལ། མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པའི་དོན་ཆེན་བཟང་པོ་དེས། བོད་ཀྱི་ཆོས་རིག་གཙུག་ལག་སྤྱི་དང་ལྷག་དོན་གཡུང་དྲུང་བོན་སྲོག་ཤིང་ཡིན་པའི་ཞང་ཞུང་ཤེས་རིག་སྐོར་ལ་དོ་སྣང་བྱེད་མཁན་སྔར་ལས་མང་དུ་འགྲོ་ཞིང་། ཞང་བོད་ཤེས་རིག་སྔར་ལས་མགྱོགས་པར་འཛམ་གླིང་དུ་སྤེལ་བ་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་བོད་ཀྱི་ལོ་རྒྱུས་སྟེང་བོན་གྱི་ཤེས་རིག་གི་འོད་སྣང་འདྲེན་པའི་མཐུན་རྐྱེན་འགངས་ཆེན་ཞིག་ཏུ་འགྱུར་བར། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ་དང་། རྟོགས་ལྡན་ཁྲི་བ་རིན་པོ་ཆེ། དགེ་བཤེས་ཟླ་བ་བསྟན་འཛིན་རིན་པོ་ཆེ་སོགས་སྐུ་གཤེགས་བསྟན་འཛིན་སྐྱེས་ཆེན་གཞན་དག་ལྟར་ནམ་ཡང་དགའ་འབོད་དང་ཡིད་ཆེས་བརྟན་པོ་ཐུགས་ལ་བསྣམ་བཞིན་ཕེབས་ཡོད།

སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་དུ་གྱུར་བ་དང་། རྗེས་འཇུག་གདུལ་བྱའི་ཚོགས་ཀྱི་ཐར་བའི་ལམ་སྟེགས་ཀྱི་རྒྱགས་ཕྱེ་དམ་པ་ཡིན་ཞིང་། བོད་ཀྱི་གཙུག་ལག་ཤེས་རིག་འཕེལ་རྒྱས་ཀྱི་སྡོངས་འདེགས་ཐད་རྗེས་སུ་བཞག་པའི་གསུང་རྩོམ་གྱི་ཆ་ནས་ཡིན་ན། ལམ་ཁྲིད་ཐམས་ཅད་མཁྱེན་པའི་ལམ་བཟང་དང་། བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན། སེམས་ཀྱི་རྣམ་བཞག་ཡིད་ཀྱི་མུན་སེལ། ཉམས་ལེན་ཀུན་མཁྱེན་ཞལ་གྱི་བདུད་རྩི། ལམ་བསྡུས་ཐར་ལམ་གསལ་བའི་མེ་ལོང་། དབལ་གསས་ལམ་རིམ་གྱི་འགྲེལ་བ། རིས་མེད་བསྟན་རྩིས་མུན་སེལ་སྒྲོན་མེ། བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ཀ་རྩོམས་ཕྱོགས་བསྒྲིགས་དབྱངས་ཅན་བཞད་སྒྲས་མཚོན། དོགས་དཔྱོད་ཀྱི་སྐོར། དྲིས་ལན་གྱི་སྐོར། བརྒལ་བརྟག་ཀྱི་སྐོར། དཔྱད་རྩོམ་གྱི་སྐོར། བློ་སྦྱོང་གི་སྐོར། ས་བཅད་ཀྱི་སྐོར། གྲངས་འདྲེན་གྱི་སྐོར། འགོ་བརྗོད་ཀྱི་སྐོར། བསྟོད་ཚོགས་ཀྱི་སྐོར། ཟིན་བྲིས་ཀྱི་སྐོར། གསོལ་མཆོད་ཀྱི་སྐོར། ཆོ་གའི་སྐོར། ཉམས་མགུར་གྱི་སྐོར། རྣམ་ཐར་གྱི་སྐོར། ཆབ་ཤོག་གི་སྐོར། སྙན་རྩོམ་གྱི་སྐོར། བརྡ་དག་གི་སྐོར། ཡིག་གཟུགས་ཀྱི་སྐོར། རི་མོ་སྣ་ཚོགས་ཀྱི་སྐོར་བཅས་ཁྱོན་བསྡོམས་པོད་ཆེན་བརྒྱད་ཙམ་འདུག་པ་རྣམས་བོད་ཀྱི་ཤེས་རིག་གི་གཟི་མདངས་མི་དམན་པའི་དགའ་ཚལ་དམ་པར། ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད་ཀྱི་ཁྲོད་དུ་བདམས་ཏེ་པར་འདེབས་དཔེ་བསྐྲུན་གྱི་བྱ་བཞག་གི་ལས་ཀ་གཉེར་བཞིན་པའི་སྒང་ཡིན་པ་ལྟར་རེད།

བོན་པོ་སྤྱིའི་ཚབ་མཚོན་རང་བཞིན་ལྡན་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས། རྣམ་འགྱུར་གཟབ་ནན་ཡིན་པ་དང་ལོ་རྒྱུས་ལ་འགན་འཁུར་ཐུབ་དགོས་པའི་བླང་བྱ་ལྟར་དུ། སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཆེས་མཐོའི་གཟི་བརྗིད་དཔང་ཡིག་བསྩལ་བའི་ནང་འདི་ལྟར་བསྟན་འདུག་པ་སྟེ། སྐུ་ཉིད་དུས་རབས་འདིའི་ཁྲོད་ན། བསྟན་སྤེལ་འགྲོ་ཕན་གྱི་མཛད་རྗེས་དང་། མཁས་བཙུན་བཟང་པོའི་ཡོན་ཏན་འབུར་དུ་ཐོན་ཞིང་སྒོ་ཀུན་ནས་བསྟན་པའི་མིག་རྒྱན་དང་། གཤེན་བསྟན་སྲི་ཞུར་བླ་ལྷག་བགྱིས་པའི་རྟགས་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེས་མཐོའི་བསྔགས་འོས་ཀྱི་དཔལ་དུ་སྐུ་དྲིན་ལེགས་མཚོན་གྱི་གཟི་བརྗིད་དཔང་ཡིག་འདི་ཆེད་དུ་ཕུལ་བའོ་ཞེས་བསྔགས་འོས་ཀྱི་ཡོན་ཏན་དང་བཅས་བོན་བསྟན་ལོ་རྒྱུས་འཕེལ་རྒྱས་ཀྱི་དེབ་ཐེར་རྡོ་རིང་སྟེང་བཀོད་པའི་ཚུལ་ལ་བསམ་ཚེ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་རེ་ཞིག་ང་ཚོ་དང་ཞལ་གྱེས་རུང་། ཁོང་གི་ཚེ་སྲོག་གི་རིན་ཐང་ཤེས་རིག་གིས་བརྒྱན་པའི་སྐུ་ཚེའི་འོད་རླབས་རྨང་གཞི་བྱས་པའི་ཁྱད་འཕགས་ཀྱི་འཇོན་ཐང་རང་སྟེང་ལ་ལེན་པར་ང་ཚོས་འབད་བརྩོན་གནང་དགོས་པ་མ་ཟད། རིན་པོ་ཆེ་མཆོག་གི་དྲི་མ་མེད་པའི་ལྷག་བསམ་གྱི་རང་གཤིས་དར་སྤེལ་གཏོང་བ་གཙིགས་ཆེན་དུ་འཛིན་དགོས་ཤིང་། དེ་བཞིན་ཁོང་གི་གསེར་སྦྱངས་ལྟ་བུའི་མི་གཞི་ལ་སློབ་སྦྱོང་བྱེད་རྒྱུ་བཅས་ནི། ཁོང་གིས་ང་ཚོར་བཞག་པའི་འཛད་མེད་ནོར་བུའི་བང་མཛོད་ཡིན་པ་ཧ་གོ་བར་བྱས་ཏེ། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་རྣམ་ཐར་ཤུལ་འཛིན་དང་། སློབ་སྦྱོང་། དར་སྤེལ་གཏོང་བར་ཁོང་གི་ཐུགས་འདུན་ལྟར་ང་ཚོས་ནམ་ཡིན་ཡང་། ཟབ་པ་དང་རྒྱ་ཆེ་བའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལ་ཐོས་བསམ་སྒོམ་པ་དང་། འཆད་རྩོད་རྩོམ་པ། བཤད་དང་སྒྲུབ་པ་བཅས་ཀྱི་སྒོ་ནས་བོད་ཀྱི་ཤེས་རིག་དར་སྤེལ་ལ་འབད་ཐབས་ལྷོད་མེད་བྱེད་དགོས་པ་དེ་ཡིན།

སྐྱབས་རྗེ་བླ་མ་བོན་བརྒྱ་ཆེན་པོ་ལོ་རྒྱུས་ཀྱིས་གཏན་དུ་བརྗེད་མི་སྲིད་ལ། ཁོང་གི་བཞེད་དགོངས་མཐའ་དག་ཇི་སྲིད་བསྐལ་པའི་བར་འགྱུར་མེད་དུ་གནས་པ་མ་ཟད། རྒྱ་ཆད་ཕྱོགས་ལྷུང་དང་རིས་ཀྱི་མཐའ་ལ་གཏན་དུ་མ་ལྷུང་བའི་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་བརྩེ་ཆེན་ཉི་མ་ཕྱོགས་མཚམས་ཡོངས་སུ་བདལ་བའི་དཀྱིལ་འཁོར་ཀྱི་ཀློང་ནས། ང་ཚོར་བྱིན་རླབས་དང་ཤེས་རབ་ཀྱི་འོད་སྣང་འཛད་མེད་དུ་སྩོལ་བཞིན་ཡོད།

སྤྱི་གཙུག་གི་ཉི་ཟླ། སྲིད་པའི་ཁྱུང་ཆེན། སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཉིད་ང་ཚོའི་སེམས་ནང་དུ་ཇི་སྲིད་བར་གནས་ངེས་ཡིན།

རྩོམ་པ་པོ་རྩེ་ཞིག་ཚང་། ཤེས་རབ་བསྟན་པའི་ཟླ་བ།

603 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།