༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧མཁན་ཟུར་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་སྐུ་གཤེགས་ནས་མཆོད་འབུལ་སྨོན་ལམ་ཞུས་པ།

ཕྱི་ལོ་༢༠༡༩ཟླ་༢ ཚེས་༡༨ཉིན་འདི་གར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི༧མཁན་རབས་དང་པོ་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་༧དཔལ་ལྡན་སྨན་རིའི་བླ་བྲང་དང་དཔལ་ལྡན་སྨན་རིའི་འདུས་སྤྱི་ཐུན་མོང་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་ཆོ་གའི་ཞལ་ཕྱེ་བ་དང་དུས་མཚུངས་སུ་སེམས་དཔའ་འདུས་སྡེ་རྒྱ་མཚོ་ལ་སྨོན་ལམ་མང་ཇ་དང་སྐུ་འགྱེད་བཅས་ཕུལ་ནས་མཆོད་འབུལ་སྨོན་ལམ་ཞུས་ཡོད་པ་རེད།

ཞིང་གཤེགས་མཆོག་གི་མཛད་རྣམ་གནད་བསྡུས།

དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་ནི་མདོ་སྨད་ཤར་ཕྱོགས་དུང་རིའི་རི་རྒྱུད་རྒྱ་ནག་གོང་མ་མཁའ་འགྲོ་འུག་གདོང་གི་མདུན་ཞབས་ལྷོ་ཤར་མཚམས་སུ་དཔལ་གཤེན་བསྟན་སྐྱང་ཚང་དགོན་པའི་ལྷ་སྡེ་སྐྱང་ཚང་གྲོང་ཚོའི་ཁྱིམ་རྒྱུད་ཧོས་སྐོར་ཚང་དུ་ཡབ་སྐལ་བཟང་རྒྱལ་དང་ཡུམ་མོ་བ་བཟའ་ཆོས་སྨིན་མཚོ་གཉིས་ཀྱི་སྲས་སུ་ཆུ་བྱ་༼སྤྱི་ལོ་༡༩༣༣༽ལོའི་ཟླ་བ་དང་པོའི་ནང་ལ་སྐུ་འཁྲུངས་ཏེ་མཚན་ལ་འཕགས་ཐར་སྐྱབས་ཞེས་གསོལ།དེ་ཡང་ཆུང་དུས་ནས་བྱིས་པ་གཞན་དག་དང་མི་འདྲ་བ་འགྲོ་བ་སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ་ལྡན་ཞིང་སྐྱབས་ཡུལ་དཀོན་མཆོག་ལ་དད་མོས་དང་ཤེས་རབ་རབ་ཏུ་ཆེ་བ་ཞིག་ཡིན་པས་རྒན་གཞོན་ཚང་མས་གུས་བཀུར་དང་བསྔགས་བརྗོད་སོགས་ཀྱང་གནང་བ་རེད།དེ་ནས་དགུང་ལོ་བརྒྱད་ཀྱི་སྟེང་ཡུལ་གྱི་གོམས་སྲོལ་དང་བསྟུན་ནས་ཡོན་ཏན་ཀུན་གྱི་གཞི་ཡི་གེ་འབྲི་ཀློག་སོགས་བསླབ་པ་དང་།དེ་ནས་དགུང་ལོ་བཅུ་གསུམ་སྟེང་རང་དགོན་སྐྱང་ཚང་ཕུན་ཚོགས་དར་རྒྱས་གླིང་དུ་གྲྭ་སྒོར་བཞུགས་ནས་མཁས་བཙུན་དམ་པ་ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་གི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་དང་།དྲང་སྲོང་གི་སྡོམ་པ་སོགས་རིམ་བཞིན་ཞུས་ནས་མཚན་ལ་ཤེས་རབ་མཐར་ཕྱིན་དུ་གསོལ་བ་དང་།དུས་དེ་ནས་བཟུང་ཕྱིའི་ཚུལ་དང་ནང་གི་ཁྲིམས་སོགས་ཀྱི་སྡོམ་པ་རྣམས་རང་གི་མིན་འབྲས་བཞིན་དུ་བརྩིས་ཏེ་སྲུང་བ་དང་།དེ་ནས་དམ་པ་དེའི་མདུན་ནས་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་ནས་དབུ་བཟུང་སྟེ་རྩིས་དཀར་ནག་དང་།སྙན་ངག་སྡེབ་སྦྱོར་སོགས་ལ་སློབ་སྦྱོང་གནང་བ་དང་།དེ་བཞིན་དུ་སྡུད་རྟགས་ཚད་གསུམ་དང་འདུལ་བ་དང་ཕར་ཕྱིན་མཛོད།ཁྱད་པར་དུ་གསང་སྔགས་དང་བླ་མེད་རྫོགས་ཆེན་བཅས་ལ་སློབ་སྦྱོང་དང་ཞོར་དུ་སྒྲུབ་པ་ཉམས་ལེན་སོགས་མཐིལ་དུ་ཕྱིན་པ་གནང་བ་དང་།

   དེ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཁན་ཆེན་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་།མཁས་དབང་མཁར་རྨེའུ་བསམ་གཏན་རྒྱ་མཚོ་སོགས་ལོ་སྔ་ཕྱི་བྱས་ཏེ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་པ་དང་།གཞན་སྐྱང་ཚང་དབོན་པོ་རིན་པོ་ཆེ་དང་།རྔ་ཡུལ་རྟོགས་ལྡན་དགོན་གྱི་ཡོངས་འཛིན་བཟོད་པ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་ཞིབ་རྒྱས་གསན་བཞེས་མཛད།དེ་ནས་སྐྱང་དགོན་དུ་ལོ་འགར་བཞུགས་ཏེ་ཕྱོགས་ཀྱི་སློབ་མ་རྣམས་ལ་བོན་སྒོ་ཕྱི་ནང་གསང་གསུམ་གྱི་སློབ་ཁྲིད་སོགས་གནང་།དེ་ནས་དུས་ཀྱི་འགྱུར་ལྡོག་ཆེན་མོ་བྱུང་བས་མི་ལོ་དྲུག་གི་རིང་ལ་བཙན་ཁང་དུ་བཞུགས་དགོས་བྱུང་ལ།དེ་ནས་ལོ་རབས་བརྒྱད་ཅུ་ནས་སླར་ཡང་ཆོས་སྒོ་ཕྱེ་བའི་དུས་བཟང་ཤར་ནས་ཁོང་ཉིད་བོད་ཁ་ཅན་གྱི་རིག་གནས་སྤྱི་དང་ཡང་སྒོས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཞབས་ཕྱི་ཞུ་འདོད་སྐོམ་པ་ཆུས་གདུང་བ་ལྟར་གྱི་ཐུགས་སེམས་འཆང་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་ཞྭ་དཀར་བསྟན་པའི་རིང་ལུགས་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ཕྱིའི་སྐུ་གསུང་ཐུགས་རྟེན་གྱི་འཛུགས་སྐྲུན་དང་ནང་གི་བསླབ་པ་གསུམ་གྱི་ཉམས་ལེན་རྒྱུན་སྐྱོང་།

   གཞན་ཡང་དེའི་བར་གསེས་སུ་དབུས་གཙང་དུ་ཕེབས་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་ནས་༧སྨན་རིའི་དཔོན་སློབ་ཚུལ་ཁྲིམས་དབང་ལྡན་རིན་པོ་ཆེ་དང་དགེ་སློང་ཤེས་རབ་བསྟན་འཛིན་རྣམ་གཉིས་ཀྱི་མདུན་ནས་སླར་ཡང་རང་རེ་རྒྱལ་བ་སྨན་རི་བའི་ཕྱག་སྲོལ་རྩིས་སུ་བཟུང་བའི་ཕྱིར་དུ་དྲང་སྲོང་གི་སྡོམ་ཁྲིམས་སོགས་བསྐྱར་ཞུས་ཀྱི་ཚུལ་གནང་སྟེ་ཕྱི་ནང་གསང་གསུམ་གྱི་དབང་ལུང་དུ་མ་ཞུས་པ་དང་། དེ་ནས་མདོ་སྨད་ཟིང་ཆུ་ཡུལ་གྱི་ཕྱི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔའི་བླ་སྤྲུལ་སྐྱ་སེར་ཡོངས་ཀྱི་རེ་ཞུ་བཞིན་དུ་སྐྱེས་ཆེན་དམ་པ་ཁོང་ཉིད་ཀྱིས་མཁན་ཆེན་གྱི་འགན་དང་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་༧དཔོན་སློབ་བསྐལ་བཟང་དར་རྒྱས་ཚང་གིས་དཔོན་སློབ་ཀྱི་འགན་བཞེས་གནང་སྟེ་ཟིང་ཆུའི་དགོན་མ་ལག་བཅོ་བརྒྱད་ཀྱི་གཞི་དགོན་གདན་ས་ཆེན་མོ་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་ནམ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ཕྱག་བཏབས་མཛད་ནས་བཤད་གྲྭ་དང་སྒྲུབ་གྲྭ་སོགས་ཟུང་འབྲེལ་གསར་བཙུགས་གནང་སྟེ་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་བ་བརྒྱ་ཕྲག་མང་པོ་ཞིག་གསོ་སྐྱོང་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་ཆེན་མཛད། དེ་བཞིན་ལྷ་སྡེ་མི་དམངས་སྟོང་ཕྲག་དུ་མ་ལ་ལོ་རེ་བཞིན་དགེ་སྡིག་སྤང་བླང་གི་བསླབ་བྱ་དང་སྔོན་འགྲོ་བསགས་སྦྱོང་སོགས་ཀྱི་བཀའ་དྲིན་བསྩལ་གནང་བ་རེད། དེང་གི་ཆར་མདོ་སྨད་ཟིང་ཆུའམ་ཤར་ཁོག་ཏུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་བྱུང་བ་འདི་ཡང་མཁན་སློབ་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན།

   གཞན་ཡང་ལོ་ངོ་དུ་མའི་རིང་ལ་རྫོང་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་དང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བཞག་རྩིས་སུ་བཟུང་སྟེ་ཟིང་ཆུ་ཕྱོགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཡོངས་ལ་ཕྱོགས་གང་ཐད་ནས་རོགས་སྐྱོར་སོགས་ཀྱང་གནང་བ་རེད། དེ་ནས་༡༩༩༩ལོར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་འགན་ལས་ཁྲི་ཟུར་གནང་ནས་ད་བར་དུ་རང་དགོན་དང་གནས་ཆེན་མཁའ་འགྲོ་འུག་གདོང་རི་ཁྲོད་ལ་སོགས་སུ་ཞུགས་ནས་སྒྲུབ་པ་ཉམས་ལེན་ཁོ་ནར་བསྐྱངས་ནས་མཐར་བོད་ས་ཕག་ལོའི་ཟླ་བ་དང་པོ་ཚེས་༡༠ཉིན་དགོངས་པ་བོན་དབྱིངས་སུ་བསྡུས་པ་སོགས་སོ། 

ཁོང་གི་མཛད་རྣམ་གནད་བསྡུས་དགའ་མལ་དགོན་ཆེན་གྱི་དྲྭ་ཚིགས་ལས་དྲངས།

875 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།