ལུང་ཚང་དགེ་བཤེས་ལུང་རྟོགས་བསྟན་འཛིན་ཀུན་ཁྱབ་མཆོག བཙུན་དགོན་རདྣ་སྨན་གླིང་གི་མཚན་ཉིད་མཁན་པོར་ཁྲི་བཞེངས་མངའ་གསོལ་གནང་བ།

ཕྱི་ལོ་༢༠༡༩ ཟླ་བ་༢ པའི་ཚེས་༩ བོད་ས་ཕག་ལོའི་ཟླ་བ་དང་པོའི་ཚེས་༥སྟེ་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ཉིད་སྐུ་འཁྲུངས་པའི་ལོ་ཚིགས་ཀྱི་དུས་མཆོད་ཁྱད་པར་ཅན་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ལུང་ཚང་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་མཆོག་བཙུན་དགོན་རདྣ་སྨན་གླིང་གི་མཚན་ཉིད་མཁན་པོ་ཁྲི་བཞེངས་མངའ་གསོལ་མཛད་ཡོད་པ་རེད།
དེ་ཡང་གོང་ཚེས་ཀྱི་ཞོགས་པའི་ཕྱག་ཚོད་བརྒྱད་པའི་སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་ལ་མངའ་གསོལ་བ་ཆབས་ཅིག
དེ་ནས་༧རྒྱལ་བ་སྨན་རིའི་བླ་བྲང་དང་བཙུན་དགོན་རདྣ་སྨན་གླིང་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་སོགས་གཙོས་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་དང་བོད་གངས་ཅན་ལྗོངས་སུ་གནས་པའི་འབྲེལ་ཡོད་དགོན་སྡེ་ཁག་གི་འཐུས་ཚབ་དང་བོན་ཚོགས་ཁག་བཅས་ཀྱིས་རིམ་བཞིན་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མི་མང་ཡོངས་ནས་ལྷ་དར་བསྒྲོན་འབུལ་དང་མཇལ་ཁ་ཡང་ཞུས་ཡོད་པ་རེད། སྨན་རིའི་བླ་བྲང་དང་སྨན་རིའི་དགེ་འདུན་འདུས་པ་རྒྱ་མཚོ་ལ་འབྲས་སིལ་དང་མང་ཇ་སྐུ་འགྱེད་བཅས་ཕུལ་བ་དང་༧བཙུན་དགོན་རདྣ་སྨན་གླིང་འདུས་སྤྱི་དང་སྤྱང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་དང་བཙུན་དགོན་གྱི་མཚན་ཉིད་སློབ་གཉེར་བ་ཐུན་མོང་བཅས་ཀྱིས་འདུས་པ་རྒྱ་མཚོར་སྐུ་འགྱེད་སོགས་ཕུལ་ཏེ་ཁྲི་བཞེངས་ཀྱི་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྡུས་ཡོད་པ་རེད།

 ལུང་ཚང་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་མཆོག་ནི་ཕྱི་ལོར་༡༩༧༣ ལོར་མདོ་སྨད་ཟིང་ཆུ་ཤར་ཁོག་བར་ཤུལ་གྲོང་སྡེ་རུ་སྐུ་འཁྲུངས་ཤིང་རིན་སྤུངས་དགོན་པར་གྲྭ་སྒོར་ཞུགས་ཏེ་འབྲི་ཀློག་འདོན་གསུམ་གྱི་སྦྱངས་པ་མཐར་ཕྱིན་གནང་། ༡༩༨༡ལོར་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་བཤད་གྲྭ་རུ་ཞུགས་ཏེ་༧སློབ་དཔོན་སྐལ་བཟང་དར་རྒྱས་ཀྱི་སྐུ་མདུན་ནས་སྡུད་གྲ་ནས་བཟུང་སྟེ་ཕར་ཕྱིན་བར་སྦྱངས་པ་གནང་སྟེ་ཕར་ཕྱིན་གྱི་མཛད་སྒོར་གྲུབ་རྗེས་སེམས་ཀྱི་ཞིང་ས་བརླན་པའི་སྒྲུབ་གྲྭ་རུ་ལོ་གསུམ་ཞུགས་ནས་ཐོས་བསམ་སྒོམ་སྒྲུབ་གནང་།

དེ་རྗེས་༡༩༩༧ལོར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་དགོན་དུ་འབྱོར་ནས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ་སྟེ་ལོ་དེར་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། དེ་ནས་བགྲང་བྱའི་ལོ་ངོ་བཅོ་ལྔ་ཙམ་རིང་ལ་ཕྱི་ཡི་དགོན་པའི་སྒྲིག་ཁྲིམས་རང་ཁུར་དང་ནང་གི་སློབ་གཉེར་གཞུང་ཆེན་སྡེ་སྣོད་སོགས་རིག་གནས་དང་བཅས་པ་རྣམས་ལ་འབད་པ་ལྷུར་ལེན་གནང་མཐར། ཕྱི་ལོ་༢༠༡༢ ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཀྱི་མཚན་རྟགས་བཞེས་ནས་ད་ལྟའི་བར་དུ་བཙུན་དགོན་རདྣ་སྨན་གླིང་གི་སློབ་གཉེར་བ་རྣམས་ལ་མཚན་ཉིད་དཔེ་ཁྲིད་བྱེད་མུས་ཡིན་པ་བཅས་ཀྱི་གནས་བསྡུས་སུ་དྲྭ་བའི་ལས་སྒྲུབ་པས།

2,239 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།