གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རབ་གནས་ས་ཕག་ལོའི་ལོ་གསར།

 དེ་ཡང་མཁས་གྲུབ་བྱེ་བའི་འབྱུང་གནས། གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། མདོ་སྔགས་ཉི་ཟླ་ཤར་བའི་རི་རྩེ། ལེགས་བཤད་ལུང་རིགས་སྒྲོག་པའི་སྐྱེད་ཚལ། མང་ཐོས་མཁས་མང་འདུས་པའི་ལྟེ་གནས། རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ་ཆེན་མོ་བོན་གཞིས་ཐོབ་རྒྱལ་གསར་པ་རུ་གནས་ཆགས་པའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་༣༠༡ གི་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་བོད་ཟླ་དང་པོའི་ཚེས་གཅིག་སྟེ། ཕྱི་ལོ་ ༢༠༡༩ ཟླ་བ་ ༢ ཚེས་ ༥ གྱི་ཐོ་རེངས་སྟག་གི་དུས་ཚོད་ཐོག་སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་ནས་རྒྱལ་བའི་ཚེམས་དུང་འཕར་ཆུང་གི་གསུང་དབྱངས་ཕྱུངས་ཤིང་གསེར་འོད་ནོར་བུ་འོད་འབར་གྱི་གཡང་འབོད་གསུངས། ནམ་ལངས་ཡོས་ཀྱི་ཐོག་ནས་བོན་གཞིས་སེར་སྐྱ་མི་མང་ཡོངས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་བླ་བྲང་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་ལ་མཇལ་ཁ་རིམ་ཞུས་ཀྱིས་གནམ་ལོ་གསར་པའི་ནང་བསྟན་དང་འགྲོ་བའི་ལེགས་ཚོགས་གོང་འཕེལ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུས་པ་དང་སྨན་རིའི་བླ་བྲང་ནས་བྱིན་མདུད་དང་གསོལ་ཇ་བཞེས་ཏོག་བསྩལ་གནང་མཛད།

དེ་རྗེས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོ་རུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་བླ་བྲང་ནས་དགེ་འདུན་འདུས་པ་རྒྱ་མཚོར་བསྙེན་བཀུར་མང་ཇ་རྒྱས་འབུལ་དང་ལོ་གསར་གྱི་མཛད་སྟོན་ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་སློབ་དཔོན་རིན་པོ་ཆེ་དང་བླ་སྤྲུལ་དགེ་བཤེས་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས་ཀྱིས་གནམ་ལོ་གསར་པའི་ནང་བསྟན་དང་འགྲོ་བའི་ལེགས་ཚོགས་གོང་འཕེལ་ཡོང་བའི་གསོལ་འདེབས་སྨོན་ལམ་གསུང་ཡོད་པ་དང་། དེ་རྗེས་བདའ་དགུའི་རོ་མཆོག་ལྡན་པའི་གསོལ་ཇ་དང་སྡེར་ཁའི་ཟས་སྣ་རྣམས་དྲངས་ནས་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་དབྱངས་དང་བཅས་གསོལ་ཇ་བཞེས།
བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གཉིས་ནས་བཀྲ་ཤིས་ཀྱི་དགེ་མཚན་ཡོངས་སུ་ཕྱུགས་པའི་བཀྲ་ཤིས་ཚིག་བཀྲའི་ཚིག་སྙན་དབྱངས་ཀྱི་སྒོ་ནས་བརྗོད་པ་གྲུབ་རྗེས་འདུས་ཚོགས་གྲོལ་ཡང་སེར་སྐྱ་མང་ཚོགས་ནས་འཚང་ཁ་ཤིག་ཤིག་ངང་མུ་མཐུད་དེ་རིན་པོ་ཆེ་རྣམ་གཉིས་ཀྱི་བླ་བྲང་ལ་མཇལ་བཅར་ཞུས་ནས་ལོ་གསར་སྤྲོ་སྐྱིད་རོལ་ཡོད་པ་བཅས་ཀྱི་གནས་བསྡུས་སོ།