གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཁག་ཅིག་གི་ལྗགས་ལུང་ཟབ་མོ་བསྩལ་བ།

དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་བཅས་ཀྱི་བཀའ་དགོངས་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གོ་སྒྲིག་འོག བོད་ས་ཕག་ལོའི་ཟླ་ལྷག་དང་བསྟུན་ནས་བོད་ཟླ་དང་པོ་ཕྱི་མའི་ཚེས་༠༩ནས་བཟུང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་མདོ་སྔགས་རྫོགས་གསུམ་ལས་བླ་མེད་ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་གཞུང་ཆེན་ཁག་ཅིག་གི་ལྗགས་ལུང་ཟབ་མོ་བཀའ་དྲིན་བསྩལ་ནས་དེ་རིང་ཚེས་༢༠ཉིན་རེ་ཞིག་མཇུག་གྲུབ་པ་དང་།

དེ་ཡང་རྒྱལ་བའི་བཀའ་ལུང་ཟབ་མོ་རྒྱུད་པ་ནི་ཤིན་ཏུ་ཁུངས་བཙུན་ལ་རྩ་ཆེན་ཡིན་ཞིང་། ཡེ་ཉིད་ཀྱི་སྟོན་པ་བོན་སྐུ་ཀུན་ཏུ་བཟང་པོ་ནས་བཟུང་རྒྱུད་གསུམ་བོན་གྱི་འདུས་སོ་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་བར་དུ་རྒྱུད་པ་དང་། དེ་ནས་རྒྱལ་བ་སྨན་རིའི་མཁན་རབས་རིན་བྱོན་མུ་ཏིག་རྩ་ལ་བརྒྱུད་པ་ལྟར་གྱིས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་དང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ལ་རྒྱུད་པ་དང། དེ་ནས་ད་ལན་རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་གནང་བ་པོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་༧སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་དང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ཀྱི་སྐུ་མདུན་ནས་ཐོབ་ཅིང་། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་བཅས་ནི་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེ་སྐུ་མདུན་ནས་ཐོབ་ནས་དབང་ལུང་མན་ངག་གི་ཟམ་མ་ཆད་པར། ཐུགས་རྗེའི་བྱིན་རླབས་ཀྱི་ན་བུན་མ་ཡལ་བར། བུམ་པ་གང་བྱོའི་ཚུལ་དུ་རྒྱལ་བ་སྨན་རི་བའི་རིང་ལུགས་བཞིན་སྐལ་ལྡན་གདུལ་བྱའི་ཚོགས་ལ་དབང་ལུང་ཁྲིད་གདམས་གྱི་བགོ་སྐལ་རྗེས་བཞག་གནང་སྲོལ་ཡོད་པ་བཞིན། ད་ལན་ཡང་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུས་པའི་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་དེ་བཞིན་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་རྒྱལ་བའི་བཀའ་ལུང་ཟབ་མོ་བཀའ་དྲིན་བསྩལ་བ་ནི་ཤིན་ཏུ་ནས་རྩ་ཆེན་པོ་དང་བྱིན་ཆེན་ཡིན་ཞིང་། མདོ་སྔགས་རྫོགས་གསུམ་གྱི་སྒོ་གང་ལ་འཇུག་ཀྱང་དབང་ལུང་ནི་ངེས་པར་དུ་དགོས་ཤིང་། རྩ་རྒྱུད་ལས། དབང་ཐོབ་སྣོད་འདྲ་ལུང་ཐོབ་བཅུད་དང་འདྲ།  མན་ངག་ཐོབ་པས་སྣོད་བཅུད་ཟུང་འབྲེལ་འདྲ། ཞེས་པས་དང་།  དབང་ལུང་གི་རྒྱུད་པ་ནི་གལ་ཆེན་ཡིན་པར་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཞལ་ནས། དེ་ལ་ཚིག་གི་རྒྱུད་པ་མེད་ན་བདག་བྱེད་ཀྱི་ནོར་སྟོར་བའམ་བདག་མེད་ཀྱི་ནོར་དང་འདྲ། དཔེ་ཡི་རྒྱུད་པ་མེད་ན་མི་ལོང་བའི་ལག་ཏུ་རྫས་ཁྲ་བོ་གཏད་པ་དང་འདྲ། དོན་གྱི་བརྒྱུད་པ་མེད་ན་གླང་ཆེན་སྐོམ་པའི་སྨིག་རྒྱུ་སྙོག་པ་དང་འདྲ།   ཞེས་སོགས་གསུངས་པས་དབང་ལུང་མན་ངག་སོགས་ཤིན་ཏུ་ནས་གལ་ཆེན་ཡིན་པར་སྨོས་མི་དགོས་སོ།

དེ་ཡང་ད་ལན་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བསྩལ་བའི་ལྗགས་ལུང་ནི།  བོད་ཟླ་དང་པོ་ཕྱི་མའི་ཚེས་༠༩ ནས་༡༢ བར་དུ་<རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས་སྟེང་ལྷ་ཡུལ་དུ་བསྒྲགས་པ་ལས།> ༡) རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ།   ༢)བྱང་ཆུབ་སེམས་ཀྱི་ཐིགས་པ།  ༣) རྒྱུད་བུ་ཆུང་བཅུ་གཉིས་དང་ས་གཅོད།   ༤) རྫོགས་པ་ཆེན་པོའི་ལུང་དྲུག་དང་ས་གཅོད།    ༥) ལུང་འགྲེལ། ༦)མན་ངག་བརྒྱད་པ།  ༧)གུད་དུ་སྦས་པ།  ༨) ཁ་བྱང་། ༩) ཡིག་ཆུང་བཞི།   ༡༠) ལུང་གི་ཁ་བྱང་།  ༡༡) ཡེ་ཤེས་ངོས་འཛིན་འཕྲུལ་གཞི་རྩེད་གཅོད། ༡༢) སྟོང་ཐུན།   ༡༣) ལུང་ཉི་མ་དགུ་སྐོར།  ༡༤) ལྟ་བ་ལ་ཤར་སྒྲོན་མ་དང་གཉིས་ཀའི་ས་གཅོད།   ༡༥) ལུང་དྲུག་བརྣག་པ། ༡༦) འཁོར་ལོ་ལྟ་སྒོམ་སྤྱོད་གསུམ་གྱི་ཡང་ཞུན།   ༡༧) ཞི་ཁྲོ་ཕུར་གསུམ་གྱི་དབང་སོགས་ཀྱི་ཡིག་ཆུང་།  ༡༨ གཡུང་དྲུང་སྤྱོད་པའི་ཕྲེང་བ། <བར་མི་ཡུལ་དུ་བསྒྲགས་པ་ལས།> ༡) རྒྱུད་དྲུག་དང་ས་གཅོད། ༢) སེམས་དོན་སྡེ་བཅུའི་སྐོར། ༣) ཀློང་ལྔ།  ༤) བརྣག་པ་གསུམ། ༥) ཐིག་ལེ་དྲུག་པ།  ༦)གོལ་ས་བཅད་པ།  ༧)གཅེས་འཕྲེང། ༨) འབྲུ་འཐུས་མན་ངག་ཚད་མ་རང་གྲོལ་ཤོ་ལོ་ཀ་མན་ངག་དང་བཅས་པ།  ༩) ཕུར་པའི་དོན་བཤད། ༡༠) རྒྱལ་མོ་གསུམ་གྱི་ཐུགས་སྒྲུབ་བརྣག་པ་གོ་ཆ་མཆོད་རྟེན་བཅས་པ།  ༡༡)སྒོམ་ཐབས་ཉི་ཤུ་རྩ་བཞི།  ༡༢)  གཤེན་རབ་བཅུ་གསུམ་གྱི་མགུར།  ༡༣) ལི་ཤུའི་མགུར།   ༡༤)གཅོད་ཀྱི་མགུར། ༡༥)སེམས་ཉམས་དྲུག་པ་འཕྲུལ་གྱི་མེ་ལོང་དགུ་སྐོར། <འོག་ཀླུ་ཡུལ་དུ་བསྒྲགས་པ་ལས།>༡) རྒྱུད་སྨར་བྱང།  ༢) སྨར་བྱང་ཡིག་ཆུང་།  ༣) སྨར་བྱང་བར་དོའི་གདམས་པ་སེང་གེ་སྒྲ་བསྒྲགས་ལྟ་བ་ལུང་གི་ས་གཅོད། ༤) ལྟ་བ་སེང་གེ་སྒྲ་བསྒྲགས་མན་ངག་ཚད་མའི་རྩ་འགྲེལ། ༥)ཉི་འོད། ༦)ཟླ་འོད། ༧) ཉི་ཟླ་གཉིས་མེད་ཀྱི་གཟེར་པོ།   ༨) འོག་ཀླུ་ཡུལ་དུ་བསྒྲགས་པའི་ལོ་རྒྱུས།  ༩) མན་ངག་འཁོར་བ་དོང་སྤྲུགས། ༡༠) མན་ངག་ཐུགས་ཀྱི་བརྣག་པ་ཤར་ཆུང་ཉི་ཤུ་རྩ་བདུན།  ༡༡)ཐུགས་གཡང་སྟོན་པའི་འཁོར། ༡༢) གཏན་ཚིགས་གལ་མདོ་རིག་པའི་ཚད་མ།  ༡༣)བྱ་ར་མ་གསུམ་བསྐུལ་པ་བཅས་སོ། བོད་ཚེས་༡༢ནས་༡༨བར་དུ་<རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་ལས།>༡) རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་རྒྱུད་སྐོར་བཞིའི་འཆད་ཐབས།  ༢) བླ་མ་བརྒྱུད་པའི་རྣམ་ཐར།  ༣) རིགས་དྲུག་རང་སྦྱོང་གི་གདམས་པ།  ༤)ཕྱི་ལྟ་བ་སྤྱི་གཅོད་ཀྱི་མན་ངག་ལེའུ་བཅུ་གཉིས།  ༥) རྒྱུད་བུ་ཆུང་བཅུ་གཉིས།  ༦) རྒྱུད་བུ་ཆུང་བཅུ་གཉིས་ཀྱི་དོན་བསྟན་པ། ༧) འཕྲུལ་འཁོར་ལྡེ་མིག། ༨) མདོ་འགྲེལ་གསལ་བའི་སྒྲོན་མེ། ༩) ལྟ་བ་སྤྱི་གཅོད་ཀྱི་མཉམ་བཞག་སྒོམ་པའི་ལག་ལེན།  ༡༠) རྗེ་ཏ་པི་ཧྲི་ཙའི་ལུང་།  ༡༡) བོན་མི་ནུབ་པའི་གཏན་ཚིགས། ༡༢)སྒྲོན་མ་དྲུག་གི་གདམས་པ།  ༡༣) སྒྲོན་མེའི་འགྲེལ་པ་ཉི་འོད་རྒྱན། ༡༤) སྒྲོན་མ་དྲུག་གི་དགོངས་དོན་འགྲེལ་པ།  ༡༥) ཀུན་གཞིའི་ཞལ་ཤེས་གསལ་བའི་སྒྲོན་མ།  ༡༦) བྱང་ཆུབ་སེམས་ཀྱི་གནད་དྲུག་གི་ལག་ལེན།  ༡༧) འཁོར་ལོ་བཞི་སྦྲག  ༡༨) བྱ་བྲལ་རྗེས་མེད།  ༡༩) མན་ངག་ལེའུ་བརྒྱད་པ།  ༢༠) གཟེར་བུ་ཉི་ཤུ་རྩ་གཅིག་དང་འགྲེལ་པ།  ༢༡) འོད་གསལ་སེམས་ཀྱི་མེ་ལོང།  ༢༢) རྟགས་ཚད་གསལ་སྒྲོན་ཆེ་ཆུང་།  ༢༣) རྩ་རླུང་གི་མན་ངག  ༢༤) འཕྲུལ་འཁོར་ཞལ་ཤེས་མན་ངག ༢༥) ངོ་སྤྲོད་ཐིག་ལེ་དྲུག་པ།  ༢༦) རྒྱལ་པོ་ཉི་པང་སད་དང་སྨན་མོའི་བསྐུལ་པ། ༢༧) བོན་བསྟན་རྒྱས་པའི་སྨོན་ལམ་བཅས།  བོད་ཚེས་༡༨ནས་༢༠བར་སྙན་རྒྱུད་ཞལ་གདམས་རྒྱས་འབྲིང་བསྡུས་གསུམ་ལས།༡༠ རྒྱས་པ་ཉམས་རྒྱུད་སྐྱ་རུ་དང་སྨུག་གུ  ༢) ཉམས་རྒྱུད་འབྲིང་པོ་སོར་བཞག༣)ཉམས་རྒྱུད་བསྡུས་པ་ཐོར་བུ་བཅས་སོ།

དེ་ཡང་དེང་སང་ཕྱག་དཔེ་ཁག་དཔེ་བསྐྲུན་གྱི་ཕྱུག་པ་དང་ནང་དོན་ལེའུ་ཚན་སོགས་མི་འདྲ་བ་མང་བས་ཁུངས་དག་ཕྱིར་ཞུས་ན་ད་ལན་གྱི་ལྗགས་ལུང་བསྩལ་བའི་ཕྱག་དཔེ་ཁག་ནི།  ༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཞུགས་པའི་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་གསུང་པོད་བྲིས་མ་ཅན་གཉིས་དང་།  ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་གསུང་པོད་གཅིག་ཅན་དང་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་གསུང་པོད་ལྡི་ལིའི་དཔར་མ་ཅན་གཉིས་བཅས་ཡིན་ནོ།  གཡུང་དྲུང་བོན་གྱི་དྲྭ་བའི་ལས་སྒྲུབ་པས།

པར་པ་ཁྱུངཿཁྲི་རྒྱལ།