གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཕྱི་ལོ་༢༠༡༩ཟླ་༤པའི་ཚེས་༢ཉིན་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མི་ལོ་༤༡འཁོར་བའི་དུས་ཆེན་མཛད་སྒོ་གནས་བསྡུས།

དེ་ཡང་ཕྱི་ལོ་༡༩༧༨ལོའི་ཟླ་བ་༤ཚེས་༡ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་སངས་རྒྱས་བསྟན་འཛིན་མཆོག་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་སྤྱི་ལ་སྨན་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་རྒྱུའི་དགོངས་གཞི་ཡོད་སྐོར་སྙན་གསན་ཞུས་པས། ༧ཡོངས་འཛིན་མཆོག་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལྷ་དར་དང་བཅས་བཀའ་ཆབ་ཤིས་བརྗོད་ཟབ་མོས་སྣེ་དྲངས་ནས་ད་བར་མི་ལོ་ཧྲིལ་བོ་༤༡འཁོར་ཡོད་པ་དང་།
དེ་ཡང་ཕྱི་ལོ་༢༠༡༩ལོའི་ཟླ་༤ཚེས་༢ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པའི་ཐོག་སེར་སྐྱ་མི་མང་ཡོངས་ལྷ་རྒྱལ་རིར་འཛོམས་ནས་བསང་གསོལ་ལྷ་རྒྱལ་དང་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁའི་མཛད་རིམ་གྲུབ་རྗེས་སུ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་།
གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་དཔོན་སློབ་ཡང་སྟོན་རིན་པོ་ཆེ་རྣམ་པ་གཉིས་གདན་ཞུས་ཀྱིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་སྒྲེང་འཛུགས་མཛད་དེ་ཀུན་གྱིས་དགའ་བའི་ཐལ་སྒྲ་ལྡིར་ཞིང་། དེ་ནས་སེར་སྐྱ་ཡོངས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བའི་མཇུག་གྲུབ་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་པ་བཅས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་།
དངོས་གཞིའི་མཛད་རིམ་ཐོག་མར་སྐྱ་སེར་ཡོངས་ལ་རྟེན་འབྲེལ་གྱི་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་པ་དང་ཆབས་ཅིག་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ནས་བཟུང་ད་བར་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་བྱུང་རབས་དང་བསྟན་པའི་ཉེན་འཕྲང་དག་ཏུ་སྔོན་བྱོན་གོང་མ་དག་གིས་དཀའ་བ་བརྒྱ་ཕྲག་སྤྱད་ནས་བསྟན་པ་འདིའི་ལྷུ་འཐོར་དུ་མ་བཅུག་པའི་བྱུང་རབས་བརྗོད་རྗེས། ཐེངས་འདིའི་དུས་ཆེན་ཁྱད་པར་ཅན་གཙིགས་སུ་བཟུང་ནས་ཚོགས་སྡེ་ཁག་ནས་ཕེབས་པའི་ཚོགས་པ་དག་གི་བླ་སྤྲུལ་དང་ས་གནས་དཔོན་རིགས་རྣམས་ཀྱིས་རིམ་བཞིན་བཀའ་སློབ་བསྩལ་ཡོད་པ་དང་།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་དུས་ཆེན་དང་འབྲེལ་བའི་བཀའ་སློབ་བསྩལ་དོན། གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་མི་ལོ་ཆིག་ཁྲི་ལྷག་གི་རིང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་དར་བསྡད་པ་དེ་བླ་གྲྭ་གཅིག་པུ་ཙམ་གྱིས་ཉམས་ལེན་དང་སློབ་སྦྱོང་ཙམ་མ་ཡིན་པར་རང་གི་མེས་པོ་གོང་མ་དག་ནས་རང་གི་བུ་རྒྱུད་ལ་རྒྱུན་འཛིན་དར་སྤེལ་བཏངས་པའི་ནུས་པ་མཐུ་ཆེན་དེ་ལ་ཐུག་བསྡད་ཡོད་སྐོར་དང་། མ་འོངས་པ་ནའང་སྐྱ་སེར་གང་ཡིན་ཡང་རང་ནས་བཟུང་རང་གི་བསྟན་པ་འདིའི་རིག་གཞུང་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་གལ་ཆེན་ཡིན་པ་དང་། དེ་མིན་རང་གིས་རང་གི་བསྟན་པའི་གཞུང་ལུགས་ལ་སློབ་སྦྱོང་མ་བྱས་ནས་བསྟན་པ་རྒྱས་པའི་སྨོན་ལམ་བཏབས་པ་ཙམ་གྱིས་བསྟན་པ་རྒྱས་པ་ལ་བརྔོ་མི་ཐོགས་པས་མི་རེ་ངོས་ནས་བསྟན་པ་འདིའི་གཞུང་ལུགས་ལ་ཐོས་བསམ་མཛད་པ་ནི་བསྟན་པ་རྒྱས་པའི་སྨོན་ལམ་ཡག་ཤོས་ཡིན་སྐོར་གྱི་བཀའ་སློབ་བསྩལ་བ་དང་།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ནས་རྒྱལ་བ་སྨན་རིའི་མཁན་རབས་དག་གི་བར་བཀའ་ལུང་མན་ངག་གི་རྒྱུན་ཟམ་མ་ཆད་པར་བརྒྱུད་ཡོང་བ་དང་། དེ་ཡང་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་ད་ལྟའི་བར་དུ་གནས་པ་འདི་ཡང་སྨན་རིའི་མཁན་རབས་དང་དེའི་སློབ་རྒྱུན་དག་གི་ཐུགས་རྗེ་ཉག་གཅིག་ཡིན་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་ཞེས་པ་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། དགོན་པ་དང་ཚོགས་ཁང་ཙམ་བཞེངས་པ་མ་ཡིན་པར་བཤད་སྒྲུབ་གཉིས་ཀྱི་བསླབ་པའི་ཉིང་བཅུད་ཡུན་རིང་དུ་རྒྱུན་བསྐྱངས་ཐུབ་པ་ཞིག་དགོས་ཕྱིན་སློབ་གཉེར་ལ་འབད་དགོས་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནངས་ཡོད་པ་རེད།
དེ་ཡང་དུས་ཅན་ཁྱད་པར་ཅན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དུས་ཆེན་འདི་གལ་ཆེན་ཡིན་སྐོར་དང་སྲུང་བརྩི་བྱེད་སྟངས་སྐོར་ནས་གསུང་གནང་བ་དང་། སྤྱིར་དགོན་པ་ཡར་རྒྱས་ཞེས་པ་ཕྱིའི་འཛུགས་སྐྲུན་ཁྲ་ཆེམ་ཆེམ་འོད་ཕུང་ཕུང་ཙམ་མ་ཡིན་པར་ནང་གི་བསླབ་པ་གོང་འཕེལ་དང་བསླབ་ཁྲིམས་ཚུལ་བཞིན་བྱེད་པ་ལ་བཤད་པ་རེད། དེ་ཡར་རྒྱས་ཕྱིན་པ་ཡིན་ན་བསྟན་པ་དང་དགོན་པ་ཡར་རྒྱས་ཕྱིན་པ་ཡིན། དེ་ཇག་པས་འཕྲོག་མི་ནུས་ལ། རྐུན་མས་རྐུ་མི་ཐུབ་པ་དེ་ནི་བླ་གྲྭ་དང་སློབ་མ་དག་གི་རྒྱུ་ནོར་ལོངས་སྤྱོད་ཆེ་ཤོས་ཡིན་ཞེས་བཀའ་སློབ་བསྩལ་བ་དང་།

མཇུག་མཐར་དུས་ཆེན་འདིའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་མཆོག་ནས་ཐོག་མར་མཛད་སྒོ་འདིར་ཕེབས་པའི་སེར་སྐྱ་མི་མང་ཡོངས་ལ་འཚམས་འདྲི་བཀྲ་ཤིས་དང་སྦྲགས་བསྟན་པ་འདིའི་བྱུང་རིམ་དང་བསྟན་པ་འདིའི་གོད་ཆག་སོགས་དྲན་གསོ་ཞུ་བ་ཡང་སྐྱེས་ཆེན་གོང་མ་དག་རྗེས་དྲན་དོད་དུ་ཡིན་པ་མཁྱེན་དགོས་སྐོར་དང་། བོན་གྱི་བསྟན་པ་འདི་ནི་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་གཤའ་མ་ཞིག་ཡིན་པ་རང་གི་ཡིན་ཟེར་བ་ཙམ་མ་ཡིན་པར་རྒྱལ་སྤྱིའི་རིག་གཞུང་གི་གར་སྟེགས་སུ་གདེངས་ཐོབ་པའི་མཁས་དབང་དག་གིས་ཚུར་གསུངས་པ་བགྲང་གིས་མི་ལངས་པས། ང་ཚོས་ཀྱང་བོད་རང་གི་རིག་གཞུང་རྟིང་མ་མ་ཉམས་སྒོ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་གོ་ཆ་ལེགས་པར་བགོས་ནས་བསྟན་པ་འདི་དར་སྤེལ་གཏོང་སྐོར་དང་། དགེ་བ་དང་འབྲེལ་བའི་ཁོར་ཡུག་གཙང་སྦྲ་བྱེད་ཕྱོགས་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་ནས་བཀའ་སློབ་མཇུག་གྲུབ་ཡོད་པ་རེད།

ཟླ་དྲུག་སྔ་ཕྱི་གཉིས་ཀྱི་ཡིག་རྒྱུགས་ཁྲོད་རྒྱུགས་འབྲས་རྩེར་སོན་གྱི་སློབ་གཉེར་བ་རྣམས།

ཟླ་དྲུག་སྔ་ཕྱི་གཉིས་ཀྱི་ཡིག་རྒྱུགས་ཁྲོད་རྒྱུགས་འབྲས་ཨང་གཉིས་པ་ཐོབ་མཁན་གྱི་སློབ་གཉེར་བ་རྣམས།

ཟླ་དྲུག་སྔ་ཕྱི་གཉིས་ཀྱི་ཡིག་རྒྱུགས་ཁྲོད་རྒྱུགས་འབྲས་ཨང་གསུམ་པ་ཐོབ་མཁན་གྱི་སློབ་གཉེར་བ་རྣམས།

དམིགས་བསལ་འཕར་རྒྱུགས་ཕུལ་མཁན་གྱི་སློབ་གཉེར་བ་རྣམས།

        བཙུན་དགོན་རདྣ་སྨན་གླིང་གི་རྒྱུགས་འབྲས་རྩེར་སོན་དང་འཕར་རྒྱུགས་ཚོགས་འཆད་སོགས་མ་ཆད་པའི་བཙུན་མ་རྣམས།

དེ་རྗེས་འཆར་ཅན་གཞུང་རྒྱུགས་རིགས་ཕུད་པའི་འཕར་རྒྱུགས་ངག་རྒྱུགས་འབུལ་མཁན་དང་ཟླ་དྲུག་སྔ་ཕྱི་གཉིས་ཀྱི་ཡིག་རྒྱུགས་ཁྲོད་རྒྱུགས་འབྲས་དང་པོ་དང་། གཉིས་པ། གསུམ་པ་ལོན་པའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གསོལ་རས་གཟེངས་བསྟོད་བསྩལ་གནང་སོགས་ཀྱི་མཛད་བཟང་བསྐྱངས་པ་དང་། ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་བཅས་རྒྱལ་ཁའི་ངང་འཇུག་ཡོངས་སུ་གྲུབ་པར་མཛད་པའོ།།