གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་༣༩པའི་རྒྱུན་ལས་ནས་པར་སྐྲུན་གྲུབ་པའི་དཔེ་དཀོན་དེབ་འཕྲེང་གསུམ།

༄༅།།  སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཞང་བོད་ལྗོངས་སུ་མི་ལོ་གཅིག་ཁྲི་བརྒྱད་སྟོང་གོང་ནས་དར་ཞིང་རྒྱས་པ་བྱུང་ཡོད་ཀྱང་།
དུས་སྙིགས་མའི་སེམས་ཅན་རྣམས་ཀྱི་ལས་བསོད་དང་དར་ནུབ་ཀྱི་གཉེན་འཕྲང་གང་མང་བརྒྱུད་ནས་དབུགས་རྒྱུན་མ་ཆད་ཙམ་དུ་གྱུར། དུས་རབས་ཉི་ཤུ་པའི་དཀྱིལ་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་མཚན་བརྗོད་པར་དཀའ་བ་དོན་སླད་ཀྱི་ཚུལ་དུ་ཞུས་ན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་།༧གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན།༧སྨན་རིའི་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན། ༧གསང་གསུམ་བོན་གྱི་མཛོད་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་འཕགས་ཡུལ་སྨན་གྱི་རི་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་བརྒྱ་ཡངས་པོར་ཕྱེས་ཤིང་། 

མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་གསུང་རབ་གང་མང་ཞིག་བཞེངས་བསྐྲུན་སོགས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས།
དེ་བཞིན་བསིལ་ལྡན་གངས་རིའི་ལྗོངས་སུ་བླ་སྤྲུལ་སྐྱེས་ཆེན་དུ་མས་བོན་བསྟན་ཉམས་གསོའི་ཐུགས་ཁུར་ཕྲག་ཏུ་བཞེས་ནས་ཡ་ཐོག་ཞང་བོད་ཀྱི་ཆོས་དང་རིག་གཞུང་གི་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པ་རེད།  ལྷག་པར་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ཕྱི་ལོ་༡༩༧༨ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་པ་ནས་བཟུང་བོན་ལུགས་ཀྱི་དཔེ་རྙིང་རྣམས་སློབ་གཉེར་བ་རྣམས་ལ་དགོས་མཁོ་ཆེ་བ་དང་དེའི་ཆ་རྐྱེན་དཔེ་དཀོན་རིགས་དཔར་བསྐྲུན་ཐུབ་ན་ལེགས་པའི་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་སོའི་རྒྱུན་ལས་རྣམས་ཀྱིས་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་རིགས་གང་ཐུབ་ཀྱིས་དཔར་བསྐྲུན་ཞུས་ཡོད་པ་རེད།

ད་ལན་ངེད་ཅག་གཡུང་དྲུང་བོན་གྱི་བཤད་བསྒྲུབ་འདུས་སྡེའི་སྐབས་སོ་དགུ་པའི་རྒྱུན་ལས་ངོས་ནས་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཟུང་ཐོག་ནས་བཀའ་དྲིན་གསུམ་ལྡན་གྱི་༧རྒྱལ་བའི་རྒྱལ་ཚབ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་དྲིན་རྗེས་དྲན་དང་སློབ་གཉེར་པའི་མཐུན་རྐྱེན་ཏུ་དམིགས་ནས་གཡུང་དྲུང་བོན་གྱི་དཔེ་དཀོན་ཁག་ཅིག་དཔར་བསྐྲུན་ཞུས་ཡོད།
དེབ་དང་པོ།<<བཀའ་བྱང་སེམས་གབ་པ་དགུ་སྐོར་དང<<བྱང་སེམས་གབ་པ་དགུ་སྐོར་གྱི་དབུ་ཡི་ས་གཅོད་ཀྱི་ལེའུ<<སེམས་ལུང་གབ་པ་དགུ་སྐོར་གྱི་འགྲེལ་བ་རྒྱ་ཆེར་བཤད་པ>>བླ་མེད་རྫོགས་པ་ཆེན་པོའི་བྱང་ཆུབ་གྱི་སེམས་གབ་པ་དགུ་སྐོར་གྱི་འགྲེལ་རིག་པའི་བང་མཛོད>>བྱང་སེམས་གབ་པའི་འགྲེལ་བ>>བཅས་ཀྱི་གླེགས་བམ་གཅིག་དང་།
དེབ་གཉིས་པ།རྒྱ་རིགས་གནམ་བོན་རྫིའུ་གར་གྱི་གདུང་རབས་རིན་ཆེན་ཕྲེང་བ་དང་།
སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་པདྨོ་ཕྲེང་བ>>རྗེ་སྨན་རི་བའི་མཁན་རབས་ཉེར་ལྔ་པ་སྐྱབས་རྗེ་འགྲོ་མགོན་རིན་པོ་ཆེའི་རྣམ་ཐར་གེ་སར་འབུམ་བཞད་>>བཅས་ཀྱི་གླེགས་བམ་གཅིག།
དེབ་གསུམ་པ།རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་སྨྲ་བའི་དབང་ཕྱུག་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཀུན་གྱི་དད་པས་སྣང་བ་དྭངས་པའི་བདེ་འདྲེན>>རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཀུན་སྣང་དང་འདྲེན>>སྣང་ཞིག་ཟླ་བ་རྒྱལ་མཚན་གྱི་གསོལ་འདེབས་མཁན་ཆེན་བསོད་བློའི་བཀའ་ལུང་འགྲེལ་ཆུང་མ་རིག་མུན་སེལ>>བཅས་གླེགས་བམ་གསུམ་དཔར་བསྐྲུན་གྱི་བྱ་བ་ལྷུར་ལེན་བྱས་པའི་འབྲས་བུ་དངོས་སུ་གྲུབ་པ་ནི་ཧ་ཅང་གི་བཀྲ་ཤིས་པའི་དགེ་མཚན་ཉིད་དུ་སེམས་སོ།།
ང་ཚོས་ཞུ་དག་གི་ལས་གཞི་འདིར་ཤིན་ཏུ་གཟབ་ནན་བྱས་ཁུལ་བགྱིས་མོད།ཉམས་མྱོང་སོགས་ཞན་རྐྱེན་ཆད་ལྷག་ནོར་གསུམ་ཇི་སྙེད་ཅིག་ཡོད་ངེས་པས་རྒྱ་ཆེ་བའི་གཟིགས་པ་པོ་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ཡིན།
མཇུག་མཐར་ངེད་སྐབས་སོ་དགུ་པའི་རྒྱུན་ལས་ཐུན་མོང་ནས་ཆེད་དུ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་དགོས་པ་ནི།       གླེང་བརྗོད་མཛད་པ་པོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་དང་དཔར་རྩ་གནང་མཁན་ཨ་ལགས་རྩེ་ཞིག་ཟླ་བ་ཚང་།རིན་སྤུངས་ཚུལ་བསྟན།དེབ་གཟུགས་ཇུས་འགོད་པ་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་ལགས། གཞན་ཡང་དེབ་ཕྲེང་དང་པོའི་སྦྱིན་བདག་ལ་ཧ་ཁྲོམ་མཆོག་དང་གླས་དབང་སྐན་གཉིས། དེབ་ཕྲེང་གཉིས་པའི་སྦྱིན་བདག་གཉའ་རུས་ཚང་བསྟན་པའི་ཟླ་བ།
དེབ་ཕྲེང་གསུམ་པའི་སྦྱིན་བདག་ཟིང་ཆུ་བ་སྐལ་བཟང་ཉི་མ།བསོད་ནམས་ཚེ་རིང་།ཀུན་གྲགས་གསུམ་གྱིས་དཔར་བསྐྲུན་གྱི་འགྲོ་སོང་ཆ་ཚང་གནང་བ་ཡོད་པ་དང་།དེ་བཞིན་ག་གཟི་ཚེ་རིང་དབང་རྒྱལ་ནས་ཞལ་འདེབས་ཧིན་སྒོར༡༠༠༠།གྲྭ་བསྟན་པ་དར་ནས་རྒྱས་ཧིན་སྒོར་༥༠༠༠།གྲྭ་ཨ་ལྕགས་ནས་ཧིན་སྒོར༢༠༦༠༠།ཁུ་ནུ་པ་གྲྭ་སངས་རྒྱས་རྒྱ་མཚོ་ནས་ཧིན་སྒོར་༥༠༠༠༠བཅས་གནང་འབྱོར་བྱུང་བ་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེ་མིན་དཔེ་བསྡུར་གྱི་ལས་རིམ་ཁྲོད་ཕྱག་རོགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
མཐའ་དོན་དུ་རྒྱལ་བ་སྲས་དང་བཅས་པའི་གསུང་རབ་རིན་པོ་ཆེ་དཔར་བསྐྲུན་བྱས་པའི་དགེ་ཚོགས་འདི་ལ་བརྟེན་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། ཡངས་པའི་ཞིང་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩོད་ལ་སོགས་མི་མཐུན་རྒུད་པའི་ཚོགས་ཀུན་ཞི་ནས་སེམས་ཅན་ཀུན་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་པའི་སྨོན་འདུན་དང་བཅས་
ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་དགུ་པའི་རྒྱུན་ལས་ཐུན་མོང་ནས་
སྤྱི་ལོར་༢༠༡༩ཟླ༨པའི་ཚེས་༡༩ཉིན།