གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁས་དབང་ཆེན་མོ་ལྗོན་(john vincent Bellezza Ph.D)ལགས་ཀྱིས་ཞང་ཞུང་གི་རིག་གནས་ཞིབ་འཇུག་སྐོར་ལ་གཏམ་བཤད་བགྲོ་གླེང་གནངས་པའི་གནས་བསྡུས།

དེ་རིང་སྟེ་ཕྱི་ཟླ་༩ཚེས་༢༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥སྟེང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་འདི་ག་དཔེ་མཛོད་ཁང་གི་བཀོད་སྒྲིག་འོག་གནའ་བོའི་ཞང་ཞུང་རིག་པའི་མཁས་དབང་ཆེན་མོ་ལྗོན་(john vincent Bellezza Ph.D)ལགས་ཀྱིས་ཞང་ཞུང་གི་རིག་གནས་ཞིབ་འཇུག་སྐོར་ལ་གཏམ་བཤད་བགྲོ་གླེང་གནང་ཡོད་པ་དང་།
དེ་ཡང་ཞང་ཞུང་གི་ས་ཁོངས་དང་། རྒྱལ་ཁབ། མི་རིགས། སྐད། ཡི་གེ་སོགས་ལས་འཕྲོས་ཏེ་བྲུ་ཤ་དང་སུམ་པ། མི་ཉག འ་ཞ། མོན། འཇང་། གྲུ་གུ་སོགས་ཞང་ཞུང་དང་འབྲེལ་ཡུལ་སྒོས་གཏམ་བཤད་གནང་འདུག་ལ།

ལྷག་པར་དུ་ཞང་ཞུང་རིག་གནས་དང་འབྲེལ་བའི་པར་རིས་རྩ་ཆེན་ཁག་ཅིག་འཆར་ངོས་བརྒྱུད་ནས་ཀུན་ལ་ངོ་སྤྲོད་ཀྱི་ཚུལ་དུ་གནང་འདུག་ལ། john vincent Bellezza Ph.Dལགས་ནས་ལོ་ངོ་དུ་མའི་རིང་གི་ཞང་ཞུང་ཞིབ་འཇུག་བྱས་པའི་ཉམས་མྱོང་དང་འབྲེལ་བའི་གསུང་བཤད་ཡང་འདུག་ལ། གསུང་བཤད་གྲུབ་རྗེས་ཆུ་ཚོད་ཕྱེད་ཀའི་དྲི་བ་དྲིས་ལན་གྱི་རྣམ་པས་ཡོངས་སུ་མཇུག་གྲུབ་ནས་དཔེ་མཛོད་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་བཀའ་དྲིན་ལེགས་གསོལ་གྱི་ཁ་བཏགས་ཕུལ་རྗེས་ཡོངས་སུ་མཇུག་གྲུབ་ཡོད་པའི་གནས་བསྡུས་སུ།