གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐབས་ཉེར་གཉིས་པའི་གཡས་རུ་འཆད་རྩོད་ཆེན་མོ་བདེ་ལེགས་ངང་མཇུག་གྲུབ་པའི་གནས་བསྡུས།

དེ་ཡང་བོད་ས་ཕག་ལོའི་བོད་ཟླ་༩བའི་ཚེས་༢ནས་བཟུང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་༢༢པའི་གཡས་རུ་འཆད་རྩོད་ཆེན་མོ་དབུ་ཚུགས་གནང་བ་དང་། དེ་ཡང་གླིང་སྟོད་མཚན་ཉིད་སློབ་དཔོན་བཤད་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ལགས་དང་།

གླིང་སྨད་མཚན་ཉིད་སློབ་དཔོན་བཤད་སྡེའི་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་གཉིས་ནས་མཛད་གནང་
དང་། དེ་ཡང་འཛིན་གྲྭ་སྦྲགས་སྤེལ་གྱིས་གླིང་སྟོད་སྨད་གཉིས་སུ་ཕྱེས་ནས་བདུན་ཕྲག་རེ་འཆར་ཅན་ལྟར་ཐུག་ཆེན་རེ་རྒྱག་པའི་ལམ་སྲོལ་གཞིར་བྱས། བདུན་ཕྲག་རེའི་ཉིན་གསུམ་པ་དང་བཞི་པར་རྩོད་པའི་ཐུག་ཆེན་ཉིན་མོར་གཏན་འཁེལ་གྱིས།


འཁྲིད་གཞི་གཡས་རུའི་སྟོན་པ་༡༨ནང་ཚན་དུས་རབས་༡༢པར་བྱོན་པའི་བོན་གྱི་སྤྱན་ལྡན་ཆེན་མོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་གནང་བའི་༼ཚད་མའི་སྙིང་བོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད༽དེ་ཉིད་ལེའུ་བརྒྱད་དུ་ཕྱེས་པའི་ལེའུ་གཉིས་པ། ཚད་མ་སྤྱིའི་རང་བཞིན་ལས་ཚད་མ་གསུམ་གྱི་གཞལ་བྱ་ལས་འཕྲོས་པའི་མངོན་གྱུར་ལྐོག་གྱུར། ཤིན་ཏུ་ལྐོག་འགྱུར་སོགས་འཇལ་བྱེད་ངོས་འཛིན་དང་གཞལ་བྱ་འཇལ་ཚུལ། དེ་ཡང་ལུང་ལས་བདེན་གཉིས་གཞལ་བྱར་མི་འཇོག་ན། འབེན་མེད་མདའ་ཉེ་འཇལ་བ་འདྲ། ཞེས་དང་མདོ་ལས། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན་ཞེས་དང་། གཞུང་ལས། ད་ནི་གཞལ་བར་བྱ་བ་ལ་དོན་དམ་ཀུན་རྫོབ་སྤྲོས་བྲལ་གསུམ།

ཞེས་སོགས་གསུང་པའི་བདེན་གཉིས་གཞལ་བྱ་འཇོག་ཚུལ། དོན་དམ། ཀུན་རྫོབ། སྤྲོས་བྲལ་གསུམ་ཚད་མ་གསུམ་གྱིས་གཏན་ལ་འབེབ་ཚུལ། རང་བཞིན་བདེན་པ་བདེན་གཉིས་ཀྱི་དབྱེ་གཞི་ཡིན་མིན་སྐོར། དག་པ་ཀུན་རྫོབ་དང་མ་དག་ཀུན་རྫོབ་སྐབས་ཀྱི་བག་ཆགས་ ཅི་རིགས་དང་བྲལ་མ་བྲལ་སྐོར། ཐ་སྙད་པའི་ངོར་གྲུབ་པ་དང་དག་པ་ཀུན་རྫོབ་གཉིས་ཀྱི་ཁྱད་པར་སྐོར། སྣང་བ་ བདེན་མེད་རྟོགས་པའི་རིགས་ཤེས་སྐྱེ་བྱེད་ཀྱི་རྟགས་ཡང་དག་སོང་བའི་གང་ཟག་ངོས་འཛིན་སྐོར་སོགས་ནས་རང་གཞུང་གི་དགོངས་པ་དང་མ་འགལ་བའི་སྒོ་ནས། ཡིན་ལུགས་ཚུལ་བཞིན་དུ་དཔྱོད་པའི་རིག་མ་ཚད་མ་དང་རྒྱལ་འཕགས་ཀྱི་བཀའ་ལུང་ཟབ་མོ་དེ་དག རིགས་པའི་རྒྱབ་བརྟེན་དུ་བཅོལ་ནས་གཏན་ཚིགས་དང་སྒྲུབ་བྱེད་འགོད་པ་སོགས་ཀྱིས་སློབ་གཉེར་བ་རྣམས་ལ་སྔར་མེད་པའི་བློ་སྐྱེད་མི་དམན་པ་རེག་ཡོད་པ་རེད།


དེ་ཡང་བོད་ཚེས་༢༣-༢༤-༢༦ཉིན་གསུམ་རིང་གཡས་རུའི་རྩོད་རྒྱུགས་ཆེན་མོ་དབུ་འཛུགས་གནང་བ་དང་། མཚན་ཉིད་རྒན་ལགས་གཉིས་ནས་རྩོད་རྒྱུགས་ཤོག་དྲིལ་འབྲི་བཟོས་ཀྱིས་གཞུང་གི་ཁྲིད་གཞུང་ལས།

བློ་སྐྱོར་དང་། དེ་དང་
འབྲེལ་བའི་དགག་སྒྲུབ་བྱེད་པ་སོགས་མགོ་བཀའ་རམས་པ་ནས་བཟུང་། ཚད་མ་འཛིན་གྲྭའི་བར་འཛིན་གྲྭ་བཅུ་གཉིས་ཆ་ཚང་ལ་གཞུང་རྒྱུགས་བླངས་ཡོད་པ་དང་།

སྡུད་གྲྭ་འཛིན་གྲྭར་དམིགས་བསལ་གྱིས་ཀུན་མཁྱེན་ཉི་མས་མཛད་གནང་བའི་ཐུན་མོང་སྡུད་གྲྭ་ལྟར་ཡིག་རྒྱུགས་ཤོག་དྲིལ་གྲ་སྒྲིག་གིས་རྟགས་གསལ་རྩོད་རྒྱུགས་དང་བློ་སྐྱོར་བཅས་འཛིན་གྲྭའི་རྒྱུགས་སྤྲོད་གྲུབ་རྗེས། བཤད་སྡེའི་དགེ་སྐོས་མཆོག་ནས་མཐའ་བསྟན་པ་རྒྱས་པའི་ཤིས་སྨོན་གྱིས་རྒྱས་འདེབས་དང་བཅས་གཡས་རུ་འཆད་རྩོད་ཆེན་མོ་ཡོངས་སུ་མཇུག་གྲུབ་པ་བཅས་སོ།