གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་(BDRC)དཔེ་མཛོད་དོ་དམ་དབུ་འཛིན་རྒན་ཀརྨ་གོང་བདེ་ལགས་ནས་གཏམ་བཤད་གནང་བ།

དེ་ཡང་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༡༢ཚེས་༧ཉིན་འདི་ག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་དཔེ་མཛོད་ཚོམས་ཆེན་དུ་ཨ་རི་བརྟེན་གཞི་བྱས་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས་(BDRC)དཔེ་མཛོད་དོ་དམ་དབུ་འཛིན་རྒན་ཀརྨ་གོང་བདེ་ལགས་ཆེད་ཕེབས་ཀྱིས་ནང་བསྟན་དཔེ་ཚོགས་ལྟེ་གནས་དང་དེར་བཞུགས་ཆོས་བརྒྱུད་ཁག་གི་དེབ་གསར་རྙིང་སྐོར་སོགས་ནས་ངོ་སྤྲོད་གཏམ་བཤད་གནང་ཡོད་པ་དང་། དེ་ཡང་རྒན་ཀརྨ་གོང་བདེ་ནི།ད་ལྟ་ཨ་རིར་བརྟེན་གཞིར་བྱས་པ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་མཛོད་དོ་དམ་དབུ་འཛིན་གནང་མུས་ཡིན་འདུག་ལ། ༡༩༩༡ལོར་རྒྱ་གར་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་(CIHTS)ནས་ནང་པའི་ལྟ་གྲུབ་དང་བོད་ཀྱི་སྐད་ཡིག་གི་ཨཱཅར་(M.A.)ཐོན། ༡༩༩༢ ལོར་མཐོ་སློབ་དེ་ཉིད་ནས་གཙུག་ལག་དགེ་རྒན་སློབ་ཁྲིད་སྦྱོང་བརྡར་(B.Ed.)མཐར་སོན་གྱི་ཕྱག་འཁྱེར་ཐོབ། སྔ་ཕྱིར་བོན་གཞིས་རྡོ་ལན་ཇི་དང༌། ཧུན་སུར་རབ་གླིང་དང༌། མོན་གྷོ་འདོད་རྒུ་གླིང་བཅས་ཀྱི་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་། ༢༠༠༢ ལོར་ཨ་རིར་གནས་སྤོས་བྱས་པ་ནས་བཟུང་པདྨ་བསམ་ཡས་གླིང་དུ་དབྱར་ཁའི་བོད་ཡིག་སློབ་ཚན་གྱི་སྐབས་ཐོག་དགེ་རྒན་གནང༌། ཡཱེལ་གཙུག་ལག་སློབ་ཆེན་(Yale University)གྱི་བོད་ཡིག་སློབ་ཁྲིད་གནང་། ཁོང་གིས་ACIPཚོགས་པའི་ཆེད་དཔེ་བསྡུར་དང་དཔེ་ཆ་ཞུ་དག་གི་ལས་ཀ་བྱས། རྩོམ་པ་པོ་ Mikel Dunham དང་Douglas Veerhofགྱི་ཉམས་ཞིབ་ཀྱི་རྒྱུ་ཆ་བོད་ཡིག་ནས་དབྱིན་ཡིག་ཏུ་ཡིག་བསྒྱུར་གྱི་ཕྱག་ལས་གནང་མྱོང་ཡོད་པ་རེད།

དེ་ཡང་ནང་བསྟན་དཔེ་ཚོགས་འདི་ཐོག་མར་གསར་འཛུགས་གནང་མཁན་(Ellis Gene Smith)ཨེ་ལི་སི་རྗེན་སི་མི་ཐི་ལགས་ངོ་སྤྲོད་དང་། Ellis Gene Smithལགས་ནས་ནམ་རྒྱུན་གསུང་རྒྱུར་༧སྐྱབས་རྗེ་ཞིང་གཤེགས་དམ་པ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་ནས། ཁོང་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་བོན་གྱི་གསུང་རབ་མང་པོ་བཤེར་འབེབས་རྒྱུ་ཆར་མཁོ་སྤྲོད་གནང་སྐོར་ལས་འཕྲོས། ནང་བསྟན་དཔེ་ཚོགས་འདི་ཉིད་ཀྱི་ཕྱག་ལས་གནང་སྟངས་དང་། དཔེ་རྙིང་ཞིབ་བསྡུར། ཡིག་རྙིང་གཙང་བཟོ་དང་གཤེར་འབེབས།
རྒྱལ་ཁབ་མི་འདྲ་བ་དང་ཡིག་རིགས་མི་འདྲ་བ་དག་གི་དཔེ་རྙིང་དག་སྒྲིག་གིས་དུས་རབས་ཉེར་གཅིག་གི་འགྲོས་དང་མཐུན་པའི་དྲ་རྒྱའི་དཔེ་མཛོད་འདི་ཀུན་གྱིས་རིན་མེད་དུ་སྤྱོད་ཕྱོགས་སྐོར་ནས་ཞིབ་ཕྲའི་བཀའ་སློབ་གནང་ཡོད་པ་དང་། དེ་མིན་དྲ་ཚིགས་དཔེ་མཛོད་འདི་ཉིད་ཀྱི་ཁུངས་སུ་བེད་སྤྱོད་གཏོང་རྐྱང་གི་ཕྱག་དཔེའི་གྲངས། དེ་དག་ཅི་ལྟར་ཕབ་ལེན་བྱེད་སྟངས།
ཐོ་འགོད་དང་དེབ་སྐྱེལ་བྱེད་སྟངས་སོགས་ནས་གསུང་བཤད་གྲུབ་རྗེས་དཔེ་མཛོད་འགན་འཛིན་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་བཀའ་དྲིན་ལེགས་གསོལ་གྱི་ལྷ་དར་ཕུལ་ནས་མཇུག་གྲུབ་ཡོད་པ་བཅས་སོ།