གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་གིས་པྲོག་དབྱིབས་ནད་དུག་གིས་དཀའ་ངལ་འཕྲད་བཞིན་པའི་ཁྱིམ་མཚེས་རྒྱ་གར་བ་རྣམས་ལ་བཟའ་ཆས་བསྩལ་བ།

དེ་རིང་སྟེ་སྤྱི་ལོ་༢༠༢༠ལོའི་ཟླ་༤ཚེས་༤ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༠༠སྟེང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་གི་བཀའ་དགོངས་ཕེབས་པ་བཞིན།

བོན་གཞིས་དཔལ་གཤེན་བསྟན་སྨན་རིའི་གསང་སྔགས་སྒོམ་སྒྲུབ་གླིང་གི་མདུན་སྒོར་དཀའ་ངལ་འཕྲད་བཞིན་པའི་ཁྱིམ་མཚེས་རྒྱ་གར་གྲོང་གསེབ་པ་དག་ལ་ཟ་འབྲུ་སོགས་བསྩལ་ཡོད་པ་རེད། དེང་པྲོག་དབྱིབས་ནད་དུག་འཛམ་གླིང་གང་སར་མཆེད་ནས་མི་མང་པོར་དཀའ་ངལ་འཕྲད་བཞིན་པ་དང་།
འཛམ་གླིང་འཕྲོད་བསྟེན་གྱི་སྡོམ་བརྩིས་བྱས་པ་ལྟར་ན་རྒྱལ་ཁབ་ཉིས་བརྒྱ་ལྷག་ཅིག་ལ་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་ཡིན་འདུག་ལ། གནས་ཡུལ་རྒྱ་གར་གཞུང་དང་རང་གཞུང་སོགས་ནས་ཛ་དྲག་སྔོན་འགོག་གི་བཀའ་རྒྱ་རིམ་པར་ཕེབས་པར།

ས་གནས་དག་ཏུ་སྔོན་འགོག་དང་ཁྱབ་འཕེལ་ནུས་ཚད་འགོག་སྲུང་གི་བྱེད་ནུས་ལག་བསྟར་བྱེད་དང་བྱེད་མུས་ཡིན་ལ། གཞུང་ཕྱོགས་གཉིས་ཀྱི་ཁྱིམ་སྡོད་ལམ་སྟོན་གནང་བ་རྒྱུན་འཁྱོངས་དང་གཞོགས་འདེགས་བྱེད་པའི་བྱེད་སྒོར་ཁྱིམ་མཚེས་རྒྱ་གར་གྲོང་གསེབ་པ་དག་ལ་དཀའ་ངལ་ཀྱང་མི་ཉུང་བ་ཕྲད་ཀྱིན་པའི་གནས་ཚུལ་གྱི་དཀའ་ངལ་སེལ་ཕྱོགས་ཐད་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ནས་ཐུགས་གཞིགས་ཞིབ་བཞེས་དང་།

ཁྲི་འཛིན་ཞིང་གཤེགས་དམ་པས་ནམ་རྒྱུན་བོན་གཞིས་དང་ཁྱིམ་མཚེས་རྒྱ་གར་གྲོང་གསེབ་དག་ཆུ་དང་ཉ་ནང་བཞིན་ཐུགས་ཞིབ་ཡོད་དགོས་ཀྱི་བཀའ་སློབ་གནངས་པ་དོན་ཐོག་ཏུ་བབས་ནས། ཉེ་འཁོར་རྒྱ་གར་ཁྱིམ་མཚེས་ཁྱིམ་གྲངས་བརྒྱད་ཅུ་ལྷག་ལ་གྲོ་ཕྱེ་དང་འབྲས།

སྣུམ། ཚྭ། ཞོག་ཁོག་སོགས་གནངས་ཡོད་ཅིང་། དེ་ཡང་གཞུང་གི་བཀའ་རྒྱ་བཞིན་ས་རྟགས་བཀོད་ནས་འཚངས་ཁ་མེད་པའི་སྒོ་ནས་ཟ་འབྲུ་སོགས་བླངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།