གཡུང་དྲུང་བོན་གྱི་དྲྭ་རྒྱ།

༄༅།།    བན་བོན་གཉིས་ཀྱི་མཛོད་རྩའི་སྐོར་ལ་དབྱེ་ཞིབ་གསལ་བའི་མེ་ལོང་བཞུགས།     

དང་པོ་བོན་སྲིད་པའི་མཛོད་ཕུགས་ཀྱི་བྱུང་རབས་ལོ་རྒྱུས་མདོར་བསྡུས།
༧སངས་རྒྱས་གཡུང་དྲུང་བོན་གྱི་མཛོད་གཞུང་༼སྲིད་པའི་མཛོད་ཕུགས་༽འདི་ཉིད་ཕྱི་ལོ་དུས་རབས་སྔོན་གྱི་མི་ལོ་(༡༦༠༡༧)མཚམས་སུ་སྐུ་བལྟམས་པའི་བདག་ཅག་གི་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས།     འཁོར་སྟོབས་དང་ལྡན་པའི་ཞུ་འཁོར་ཡིད་ཀྱི་ཁྱེའུ་ཆུང་ལས་སོགས་བརྒྱད་དང་།   བློ་གསལ་བའི་བརྒྱུད་འཁོར་ཚངས་པ་གཙུག་ཕུད་ལས་སོགས་བརྒྱད་དང་།   དད་པ་ལྡན་པ་ནི་དྲང་སྲོང་རྒྱལ་བ་ལས་སོགས་པའི་ཉན་པའི་འཁོར་གཤེན་བརྒྱད་ལ་སོགས་ལ་ཞལ་ནས་གསུངས་པའི་བཀར་གྱུར་ཡོད།    ཡང་མཛོད་དེ་ཉིད་ཐོག་མར་༧སྟོན་པ་སངས་རྒྱས་ཀྱིས་ཡི་གེ་ཚིག་བཅད་དང་ཚིག་ལྷུག་ཚིག་ལྷུག་སྤེལ་མ་གསུམ་གང་གི་སྟེང་དུ་གསུངས་པ་ཡིན་མིན་སྐོར་ལ་དཔྱད་བརྗོད་སྤེལ་མཁན་མཐོང་མྱོང་མེད་ན་ཡང་བློ་ཚིམས་པ་ཞིག་ལ།    ཕྱི་ལོ་དུས་རབས་སྔོན་གྱི་མི་ལོ་(༩༡༤)ཡི་མཚམས་སུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་<མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>གི་ཤོག་ངོས་(143)ལས་“དེ་ལྟར་ལྔ་དང་ལྡན་པའི་གཤེན་བརྒྱད་ཀྱིས།    གཤེན་རབ་ཀྱིས་གསུངས་པའི་བོན་ལྷུག་པ།    ཚིག་གཏམ་ཐབས་ལས།     ཚིགས་སུ་བཅད་ནས་གསལ་བ་འོད་ཀྱི་གླིང་ལ་བསྡུས་སོ་”།    ཞེས་གསུངས་པ་དང་།    ཡང་མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་>གི་ཤོག་ངོས་(46)ལས་“གཤེན་རབ་ཀྱིས་གསུངས་པའི་བོན་ཚིག་ལྷུག་པ་གཏམ་ཐབས་ལས།     ཚིགས་སུ་བཅད་དེ་གསལ་བ་འོད་ཀྱི་གླིང་ལ་བསྡུས་སོ་”།    ཞེས་གསུངས་ཡོད་པའི་ལུང་དེ་དག་གིས་མ་ཚིག་ཚིག་ལྷུག་ཡིན་པ་ཚིགས་བཅད་དུ་བྱས་པ་གསལ་ཞིང་།     དེ་ཡང་བརྒྱུད་པ་ལའང་ཚངས་པ་གཙུག་ཕུད་ཀྱིས་སྤང་ལ་གནམ་གཤེན།     དེས་ལྷ་གཤེན་ཡོངས་སུ་དག་པ་ལ་བཤད་དེ་བརྒྱུད།    དེས་མི་ལུས་བསམ་ལེགས་ལ་བརྒྱུད།    དེས་ནམ་མཁའ་སྣང་བའི་མདོག་ཅན་དང་།    མུ་ཁྲི་བཙན་པོ་དང་།    ཨ་ནུ་འཕྲག་ཐག་དང་།    སད་ནེ་གའུ་དང་།    ད་མི་ཐད་ཀེ་དང་།    སྲིང་ནི་མི་རིང་དང་།   ཤད་ར་ཁུག་དང་།    སུམ་པ་སྦུག་ག་དང་།    རླང་མུ་ཝེར་དང་།     ཟིངས་བ་མཐུ་ཆེན་དང་།    སྤེ་ཐོག་ཙེ་དང་།    སྤེ་ཐོག་འཕྲུལ་དང་།    སྟོང་རྒྱུང་མཐུ་ཆེན་དང་།    ཤ་རི་དབུ་ཆེན་དང་།    ལྡེ་གྱིམ་ཚ་དང་། མེ་ཉག་ལྕེ་ཚ་དང་།     དེ་རྣམས་ལ་རིམས་གྱིས་བརྒྱུད་དོ་“།    ཞེས་གསུངས་པ་དེ་ནི་༧འགྲོ་མགོན་རིན་པོ་ཆེས་མཛད་པའི་<མཛོད་འགྲེལ་> གྱི་ཤོག་ངོས་(48)ལས་གསལ་བ་ལྟར་རོ།    ཡང་<མཛོད་སྒྲ་འགྲེལ་>ལྟར་ན་“ཚངས་པ་གཙུག་ཕུད་ཀྱིས་སྤང་ལ་གནམ་གཤེན་ལ་བཤད་དེ་བརྒྱུད།     དེས་གཤེན་མི་ལུས་བསམ་ལེགས་ལ་བཤད་དེ་བརྒྱུད།    དེས་ཨ་ནུ་ཕྲ་ཐག་ལས་སོགས་ཏེ་གྲུབ་པའི་གཤེན་རྒུ་ལ་བཤད་དེ་བརྒྱུད།    ད་མི་ཐད་ཀྱིས་ལོ་ཙ་བ་ཆེན་པོ་བརྒྱད་ལ་བཤད་དེ་བརྒྱུད་དོ་”།     ཞེས་གསུངས་པས་སོ།    འདི་ཡན་ནི་བསྟན་པ་སྔ་དར་གྱི་བརྒྱུད་ཚུལ་ལོ།།    དེ་ནས་མཁས་པ་མི་བཞིའི་སྐུ་ཚེའི་སྨད་ལ་བོད་རྒྱལ་གྲི་གུམ་བཙད་པོའི་རིང་ལ་ཕྱི་ཡི་རྐྱེན་དང་སེམས་ཅན་གྱི་ལས་ཞན་པའི་དབང་གིས་བསྟན་པ་རིན་པོ་ཆེ་འདི་རེ་ཞིག་(སྔོན་683)ལོར་གཏེར་དུ་གཤེགས་སོ།   ཞེས་པའི་ལོ་ཚིགས་ནི་༧ཀུན་མཁྱེན་ཉི་མས་མཛད་པའི་<བསྟན་རྩིས་ངོ་མཚར་ནོར་བུའི་འཕྲེང་བ་>ལས་དེ་ལྟར་གཏན་འབེབས་མཛད་གནང་ཡོད་པའོ།  “དེ་ནས་  མི་ལོ་སྟོང་དང་ལྷག་འདས་པའི་མཚམས་སུ།   ལས་དང་སྐལ་པ་ལྡན་པའི་རིན་པོ་ཆེ་གཤེན་སྒུར་གྱིས།   གཡུང་དྲུང་ཞི་ཁྲོ་རྒྱས་པ་དང་མཆོད་གཏོར་ཤོག་གཅིག་མ་བསྒྲུབ་པའི་ཚེ་ལོ་ཟླ་ཞག་དང་ཟ་མ་ཉམས་རྟགས་བྱུང་ནས་དངོས་གྲུབ་ཅིག་པུ་བྱིན་པའི་ཤེལ་གྱི་རྟེའུ་ཁྲིད་ནས་སྡོང་པོ་ལ་ཆ་བཅུས་པ་འདྲ་བ་སྟོན་པའི་ཤུལ་དུ་ཁ་བྱང་རྙེད་ནས་མེ་མོ་སྦྲུལ་གྱི་ལོ་ལ་གཏེར་སྒོ་ཕྱེ་ནས་བྲུ་ཞུ་སྤ་ཅོག་ལས་སོགས་བརྒྱུད་པའོ་”།    ཞེས་པ་ནི་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་མ་ཅན་༧འགྲོ་མགོན་རིན་པོ་ཆེས་མཛད་པའི་<མཛོད་འགྲེལ་>ལྟར་ཤོག་ངོས་(54)ལས་གསལ་ལོ།    ཡང་༧རྗེ་རིན་པོ་ཆེས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་>ལྟར་ན་“དེ་ནས་ཡུན་རིང་པོ་ཞིག་ནས་སྔོན་གྱི་མཁས་པ་གོང་མའི་སྨོན་ལམ་དང་།    བདེར་གཤེགས་ཀྱི་ཐུགས་རྗེ་དང་།    སེམས་ཅན་གྱི་ལས་འཕྲོ་བཟང་སྟོབས་ཀྱིས་གཤེན་འབྲིག་མཚམས་པ་ཆེན་པོས་མེ་མོ་སྦྲུལ་གྱི་ལོ་དགུན་ཟླ་འབྲིང་པོའི་ཉི་ཤུ་བཞིའི་གདུགས་ལ་འབྲིག་འཚམས་མཐའ་དཀར་གྱི་བྲག་ནས།     བསྟན་པ་རིན་པོ་ཆེ་གདན་དྲངས་ནས་བྲུ་ཞུ་སྤ་ཅོག་ལ་སོགས་ལ་བརྒྱུད་དོ།   དེ་ནས་དབུས་རྩང་ལ་སོགས་སྟོད་སྨད་ཀུན་ཏུ་དར་བའོ་”།    ཞེས་གསུངས་ཡོད་པའོ།  འོ་ན་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱི་ལོ་དུས་རབས་གང་གི་སྐབས་སུ་གཏེར་ལས་གདན་དྲངས་པ་ཡིན་ཞེ་ན།   ༧ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མཛད་པའི་<བསྟན་རྩིས་ནོར་བུའི་འཕྲེང་བ་>ལས་“སྟོང་རྒྱུང་མངོན་བྱོན་གཤེན་ཆེན་གྱིས།   འབྲིག་མཚམས་མཐའ་དཀར་ཟབ་གཏེར་བཞེས།   བསྟན་པ་ཕྱི་དར་ཐོག་མའི་ལོ་(སྤྱི་ལོ་1017)ལོར་གཏན་འབེབས་མཛད་གནང་ཡོད་པ་ལྟར་རོ”།     ཞེས་པ་གོང་གི་ལུང་དག་མདོར་དོན་གཅིག་ཡིན་པར་སེམས་ནས་འདིར་དྲངས་བའོ།    ཞེས་པ་འདི་ནི་བསྟན་པ་ཕྱི་དར་གྱི་སྐོར་ཡིན་པ་ལགས་སོ།

                 གཉིས་པ་བན་གྱི་ཆོས་མངོན་པ་མཛོད་ཀྱི་འཕེལ་རིམ་ལོ་རྒྱུས། 

ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ་འདི་ཉིད་༧སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བ་ན་རིག་པའི་གནས་མ་ལུས་པ་ཐུགས་སུ་ཆུད་ཅིང་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པ་སློན་དཔོན་ཆེན་པོ་དབྱིགས་གཉེན་ཞེས་བྱ་བ་དེ་ཉིད་ཀྱིས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མངོན་པ་སྡེ་བདུན་དང་།    བྱེ་བྲག་བཤད་པ་ཆེན་པོའི་མཛོད་ཅེས་བྱ་བ་ལ་སོགས་པའི་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་རྣམས་ཕྱོགས་གཅིག་ཏུ་ལེགས་པར་བསྡུས་ཏེ།    ཁ་ཆེ་བྱེ་ བྲག་སྨྲ་བའི་གྲུབ་མཐའི་ཚུལ་དུ་རྣམ་པར་བཤད་པ་ཆོས་མངོན་པའི་མཛོད་འདི་མཛད་ཡོད།     ཡང་དམ་པར་ཁོང་གི་འཁྲུངས་ལོའི་ལོ་ཚིགས་སྐོར་རྣམ་ཐར་ལས་གཏན་འབེབས་གནང་མེད་པས་འདི་རུ་བཀོད་ཐབས་བྲལ།   གཞན་ཡང་དེའི་སྐོར་ལ་མཁས་པ་མི་ཉུང་ཞིག་གི་དཔྱད་བརྗོད་མང་དུ་མཆིས་ཀྱང་ཞལ་མཐུན་དུ་མེད་པས་ཡིག་ཚོགས་མང་བ་འཇིགས་པས་འདིར་དྲངས་མེད་དོ།    ཡང་ཆོས་མཛོད་ཚིག་ལེའུ་བྱས་པ་འདི་ཉིད་དར་འཕེལ་སྐོར་ལ་སྡེ་ཚན་གཉིས་སུ་ཕྱེ་དགོས་པ་གལ་ཆེ།    དེ་ལས་དང་པོ་མཛོད་འདི་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་དར་འཕེལ་བྱུང་རིམ་ནི།     སློབ་དཔོན་ཆེན་པོ་ཁོང་གི་རྗེས་འབྲངས་སློབ་མ་དང་བཅས་པས་དེའི་འགྲེལ་པ་མང་དུ་མཛད་པ་ནས་བསྟན་བཅོས་འདི་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་ཚ་རླབས་ཅིག་འཕྱུར་བ་རེད།   དེ་ཡང་ཐོག་མར་སློབ་དཔོན་ཆེན་མོ་དབྱིག་གཉེན་མཆོག་གིས་<ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་>འདིའི་རང་འགྲེལ་<ཆོས་མངོན་པ་མཛོད་ཀྱི་བཤད་པ་>བམ་པོ་སུམ་ཅུ་པ་ཅན་ཞིག་མཛད་པ་ལགས་སོ།     དེ་རྗེས་སློབ་དཔོན་འདུ་བཟང་ཞུ་བ་ཞིག་གིས་<ཆོས་མངོན་པའི་མཛོད་ཀྱི་བསྟན་བཅོས་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་>ཞེས་བྱ་བ་མཛད།     སློན་དཔོན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་ཤོ་ལོ་ཀ་ཁྲི་བརྒྱད་སྟོང་དང་།     བམ་པོ་དྲུག་ཅུ་ཡོད་པའི་<ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་>ཞེས་བྱ་མཛད།     སློབ་དཔོན་གང་བ་སྤེལ་གྱིས་<ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་>ཞེས་པ་མཛད།   བལ་པོའི་མཁས་པ་དགེ་སློང་ཞི་གནས་ལྷས་<ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་>ཞེས་པ་མཛད།     སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིས་<ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནས་ཀྱི་སྒྲོན་མེ་>ཞེས་པ་མཛད།     གཞན་ཡང་སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞི་ཡོད་པའི་ཡ་གྱལ་སློབ་དཔོན་བློ་གྲོས་བརྟན་པས་<ཆོས་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་འགྲེལ་པ་རྣམ་པར་བཤད་པ་>ཞེས་བྱ་བ་སོགས་མཛད་ནས་རིམ་གྱིས་རྒྱ་གར་ཡུལ་དུ་དར་ཁྱབ་བྱུང་ཡོད།    གཉིས་པ་བོད་དུ་དར་འཕེལ་བྱུང་ཚུལ་ནི།    བོད་རང་གི་ལོ་ཙྭ་བ་རྣམས་ཀྱིས་རྒྱ་གར་གྱི་༧སྟོན་པ་ཤཱཀྱ་ཐུབ་པའི་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་བོད་དུ་ནང་འདྲེན་བྱས་ནས།   དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་པཎྚི་ཏ་ཛི་ན་མི་ཏྲ་དང་།    ལོ་ཙཱ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་༧སློབ་དཔོན་དབྱིགས་གཉེན་གྱིས་མཛད་<ཆོས་མངོན་པའི་མཛོད་>དང་དེའི་རང་འགྲེལ་སོགས་བོད་བསྒྱུར་བྱས་ཏེ་འཆད་ཉན་སྤེལ་བ་དང་།    དེ་དག་གི་སློབ་མ་སྣ་ནམ་ཟླ་བ་རྡོ་རྗེ་དང་།     ལྷ་ལུང་དཔལ་གྱི་རྡོ་རྗེ།    ཡེ་ཤེས་རྒྱལ་བ་སོགས་མཁས་གྲུབ་དུ་མ་བྱུང་ཡོད།     ལྷག་ཏུ་ས་སྐྱའི་དགེ་སློང་མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་<མཛོད་འགྲེལ་མངོན་པའི་རྒྱན་ནམ་མཆིམས་མཛོད་>ཅེས་བྱ་དེ་མཛད་པ་ནས་བཟུང།    ས་དགེ་བཀའ་རྙིང་སོགས་ཆོས་བརྒྱུད་རིས་མེད་ཀྱིས་ཁས་འཆེ་ཞིང་མངོན་པ་འོག་མའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་སྟོན་བྱེད་ཆོས་མངོན་པའི་མཛོད་འདི་ལ་འཆད་ཉན་གྱི་སྲོལ་རྒྱུན་མ་ཉམས་པར་ཁ་བ་གངས་རིའི་ལྗོངས་སུ་དར་ཁྱབ་ཆེན་པོར་བྱུང་ནས་ད་བར་དུ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་འདི་མཐོང་ཆོས་སུ་གྱུར་ཡོད་པ་ལགས་སོ།      ཞེས་པ་འདི་ནི་རྩོམ་པ་པོ་སྤེན་རྒོད་ཞུ་བ་ཞིག་གིས་གངས་ལྗོངས་ཉི་གཞོན་དྲྭ་བའི་ཐོག་ཏུ་སྤེལ་བའི་<.ཆོས་མངོན་པའི་མཛོད་ཀྱི་སྐོར་ལ་དཔྱད་པ> ཞེས་པ་གཞིར་བྱས་པའོ།

                  གསུམ་པ་བོན་སྲིད་པའི་མཛོད་ཕུགས་ཀྱི་མཛོད་གནས་གྲངས།

༡ ཡོད་པ་སྲིད་པ་གསུམ་གྱི་མཛོད།  ༢ མེད་པ་བསྐལ་པ་དགུའི་མཛོད།  ༣ མི་གཡོ་དབྱིངས་ནི་བཞི་ཡི་མཛོད།  ༤ གསལ་ བ་ཡེ་ཤེས་ལྔ་ཡི་མཛོད།   ༥ ཀུན་གནས་སྣོད་ནི་བཞི་ཡི་མཛོད།  ༦ སྐྱེ་འཕེལ་བཅུད་ནི་གསུམ་གྱི་མཛོད།  ༧ གཅོད་བྱེད་དབང་པོ་དྲུག་གི་མཛོད།  ༨ ཕྲ་རྒྱས་དུག་ནི་གསུམ་གྱི་མཛོད།  ༩ རྟེན་གནས་འབྲེལ་བ་གཉིས་ཀྱི་མཛོད།  ༡༠ འདུས་པ་ཕུང་པོ་གཉིས་ཀྱི་མཛོད།   ༡༡ མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད།  ༡༢ རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད།   ༡༣ རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད།  ༡༤ ལས་དང་སྤྱོད་པ་ལྔ་ཡི་མཛོད།  ༡༥ འགྲོ་བའི་ལམ་ཡང་བཞི་ཡི་མཛོད།   ༡༦  ས་དང་གནས་ནི་གསུམ་གྱི་མཛོད།   ༡༧ བསྒྲུབ་པའི་འབྲས་བུ་བཞི་ཡི་མཛོད་དང་གནས་བཅུ་བདུན་ནོ། །

                         བཞི་པ་ཆོས་མངོན་པའི་མཛོད་ཀྱི་མཛོད་གནས་གྲངས།

༡ ཁམས་བསྟན་པ།   ༢ དབང་པོ་སོགས་བསྟན་པ།   ༣ འཇིག་རྟེན་བསྟན་པ།   ༤ ལས་བསྟན་པ།    ༥ ཕྲ་རྒྱས་བསྟན་པ།  ༦ ལམ་དང་གང་ཟག་བསྟན་པ།    ༧ ཡེ་ཤེས་བསྟན་པ།   ༨ སྙོམས་འཇུག་བསྟན་པ་དང་མཛོད་གནས་བརྒྱད་དོ།
 ལྔ་པ་བོན་སྲིད་པའི་མཛོད་ཕུགས་ཀྱི་བརྗོད་བྱ་སྙིང་བསྡུས།

འཁོར་བ་དང་མྱང་འདས་འཁོར་འདས་ཟུང་འབྲེལ་ལམ་ཟུང་འཇུག་ལ་འཇོག་གོ    དེ་གང་གང་ཡིན་ཞེ་ན།     སྲིད་པ་དང་བསྐལ་པ་གཉིས།    ཕྲ་རྒྱས་དང་རྟེན་འབྲེལ་གཉིས་ཏེ་བཞི་དང་།   སྐྱེ་མཆེད་དང་ཁམས་གཉིས་ཏེ་དྲུག་བཅས་འཁོར་བ་དང་།    དབྱིངས་དང་ཡེ་ཤེས་དབང་པོ་གསུམ་མྱང་འདས་སོ།    སྣོད་བཅུད་གཉིས་དང་།    ཕུང་པོ་མཚན་ཉིད་གཉིས་ཏེ་བཞི་དང་།     ལས་སྤྱོད་དང་འགྲོ་བའི་ལམ་གཉིས་དང་།     ས་གནས་དང་འབྲས་བུའི་གནས་བཅས་བརྒྱད་དེ་འཁོར་འདས་ཟུང་འཇུག་གོ    ཞེས་པ་དེ་ནི་༧བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་<སྲིད་པའི་མཛོད་ཕུགས་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་>ལས་གསུངས་པ་ལྟར་གཞིར་བྱས་ཏེ་དེའི་སྟེང་རང་གིས་ཀྱང་གསལ་ཁ་ཅུང་ཙམ་ཞུས་ཡོད།  རྒྱས་པར་གཟིགས་འདོད་ན་དེར་ལྟ་བར་བྱའོ།

                              དྲུག་པ་ཆོས་མངོན་པའི་མཛོད་ཀྱི་བརྗོད་བྱ་སྙིང་བསྡུས།

འོ་ན་བསྟན་བཅོས་འདིའི་བརྗོད་བྱའི་སྙིིང་པོ་དེ་གང་ཡིན་ཞེ་ན།    ཟག་པ་དང་བཅས་པ་དང་།    ཟག་པ་མེད་པའི་ཆོས་རྣམས་ཞིང་།    ཞེས་པ་དེ་ནི་རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་<དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>ཀྱི་གླེང་བརྗོད་སྐབས་སུ་གསལ་བ་ཇི་བཞིན་བཀོད་པའོ།

    བདུན་པ་བོན་སྲིད་པའི་མཛོད་ཕུགས་ལས་མཛོད་གནས་རེ་སྟོན་བྱེད་གཤེན་གྱི་སྡོམ་ཚིག་གི་གྲངས།

༡ མཛོད་གནས་དང་པོ་སྲིད་པ་གསུམ་སྟོན་བྱེད་ཀྱི་གཞུང་ཚིག་ཤོ་ལོ་ཀའམ་གཤེན་གྱི་སྡོམ་ཚིག(༡༡༣)དང་ཚིག་རྐང་(༢)བཅས་ཡོད།  ༢ མཛོད་གནས་གཉིས་པ་བསྐལ་པ་དགུ་སྟོན་བྱེད་གཞུང་གཤེན་གྱི་སྡོམ་ཚིག་གྲངས་ནི་(༥༠)དང་ཚིག་རྐང་(༢)བཅས་ཡོད་དོ།  ༣ མཛོད་གནས་གསུམ་པ་དབྱིངས་དགུ་སྟོན་བྱེད་ཀྱི་གཞུང་ཤོ་ལོ་ཀའི་གྲངས་ནི་(༤༩)དང་ཚིག་རྐང་(༣)བཅས་ཡོད།  ༤ མཛོད་གནས་བཞི་པ་ཡེ་ཤེས་ལྔ་སྟོན་བྱེད་གཞུང་ཤོ་ལོ་ཀའི་གྲངས་ནི་(༢༢)ཚིག་རྐང་(༣)བཅས་ཡོད།  ༥ མཛོད་གནས་ལྔ་པ་སྣོད་བཞིར་སྟོན་བྱེད་གཞུང་ཤོ་ལོ་ཀའི་གྲངས་ནི་(༩༦)དང་ཚིག་རྐང་(༣)བཅས་ཡོད།   ༦ མཛོད་གནས་དྲུག་པ་བཅུད་གསུམ་སྟོན་བྱེད་ཀྱི་གཞུང་གི་སྡོམ་ཚིག་གྲངས་ནི་(༦༠)ཡོད།  ༧ མཛོད་གནས་བདུན་པ་གཅོད་བྱེད་དབང་པོ་དྲུག་སྟོན་བྱེད་ཀྱི་གཞུང་ཤོ་ལོ་ཀའི་གྲངས་ནི་(༡༩༧)དང་ཚིག་རྐང་(༣)བཅས་ཡོད།   ༨ མཛོད་གནས་བརྒྱད་པ་ཕྲ་རྒྱས་གསུམ་སྟོན་བྱེད་ཀྱི་གཤེན་གྱི་སྡོམ་ཚིག་གི་གྲངས་(༥༤)ཡོད།    ༩ མཛོད་གནས་དགུ་པ་རྟེན་འབྲེལ་སྟོན་བྱེད་ཀྱི་གཞུང་ཤོ་ལོ་ཀའི་གྲངས་(༨༡)དང་ཚིག་རྐང་(༣)བཅས་ཡོད།    ༡༠ མཛོད་གནས་བཅུ་པ་ཕུང་པོ་གཉིས་སྟོན་བྱེད་ཀྱི་གཞུང་ཚིག་ཤོ་ལོ་ཀའི་གྲངས་(༡༦༩)ཡོད།   ༡༡ མཛོད་གནས་བཅུ་གཅིག་པ་མངོན་རྟོགས་སྐྱེ་མཆེད་དྲུག་སྟོན་བྱེད་ཀྱི་གཞུང་ཚིག་ཤོ་ལོ་ཀའི་གྲངས་(༤༨)དང་ཚིག་རྐང་(༣)ཡོད།   ༡༢ མཛོད་གནས་བཅུ་གཉིས་པ་རྒྱ་ཆེ་ཁམས་སྟོན་བྱེད་ཀྱི་གཞུང་ཚིག་ཤོ་ལོ་ཀའི་གྲངས་ནི་(༤༢)ཡོད།   ༡༣ མཛོད་གནས་བཅུ་གསུམ་པ་རང་འཛིན་མཚན་ཉིད་གཉིས་སྟོན་བྱེད་ཀྱི་གཞུང་ཤོ་ལོ་ཀའི་གྲངས་(༤༡༥)དང་ཚིག་རྐང་(༡)བཅས་ཡོད།    ༡༤ མཛོད་གནས་བཅུ་བཞི་པ་ལས་དང་སྤྱོད་པ་སྟོན་བྱེད་ཀྱི་གཞུང་ཚིག་ཤོ་ལོ་ཀའི་གྲངས་ནི་(༢༡)དང་ཚིག་རྐང་(༢)བཅས་ཡོད།    ༡༥ མཛོད་གནས་བཅོ་ལྔ་པ་འགྲོ་བའི་ལམ་སྟོན་བྱེད་ཀྱི་གཤེན་གྱི་སྡོམ་ཚིག་གི་གྲངས་(༡༤)དང་ཚིག་རྐང་(༡)བཅས་ཡོད།   ༡༦ མཛོད་གནས་བཅུ་དྲུག་པ་ས་དང་གནས་སྟོན་བྱེད་ཀྱི་གཞུང་ཚིག་ཤོ་ལོ་ཀའི་གྲངས་(༡༢)དང་ཚིག་རྐང་(༡)བཅས་ཡོད།    ༡༧ མཛོད་གནས་བཅུ་བདུན་པ་བསྒྲུབ་པའི་འབྲས་བུ་བཞི་སྟོན་བྱེད་ཀྱི་གཤེན་གྱི་སྡོམ་ཚིག་གྲངས་(༤༠)ཡོད།   དམིགས་གསལ་སྔོན་འགྲོའི་སྐོར་སྟོན་བྱེད་གཞུང་ཚིག་ཤོ་ལོ་ཀའི་གྲངས་ནི་(༡༣)དང་ཚིག་རྐང་(༣)བཅས་ཡོད།     མདོར་ན་སྲིད་པའི་མཛོད་ཕུགས་ལས་སྔོན་འགྲོ་དང་དངོས་གཞི་རྗེས་བྱ་ཡོངས་སྟོན་པར་བྱེད་པའི་གཞུང་ཚིག་ཤོ་ལོ་ཀའི་གྲངས་ཁྱོན་བསྡོམས(༡༥༠༣)དང་ཚིག་རྐང་(༡)ཡོད་པར་སྣང་ངོ་།   འདི་རུ་གསལ་བཤད་ཞུ་དགོས་པ་ཞིག་ལ་སྤྱིར་བོན་<སྲིད་པའི་མཛོད་ཕུགས་>ནི་ཞང་བོད་གཉིས་ཀྱི་ཚིག་གིས་བསྡེབས་པའི་གཞུང་ཆེན་མོ་ཞིག་ཆགས་ཡོད་པ་དང་གུས་པས་མཛོད་གཞུང་དེའི་ནང་དུ་གསལ་ཡོད་པའི་ཞང་བོད་གཉིས་ཀྱི་ཚིག་ཡོངས་སུ་བརྩིས་ནས་གྲངས་ཐོ་བཀོད་པ་ཡིན་ནོ།

བརྒྱད་པ་ཆོས་མངོན་པའི་མཛོད་ལས་གནས་རེ་སྟོན་བྱེད་གཞུང་ཚིག་ཤོ་ལོ་ཀའི་གྲངས།

༡ མཛོད་གནས་དང་པོར་ཁམས་ཤོ་ལོ་ཀ་(༤༢)དང་ཚིག་རྐང་གཉིས།   ༢ མཛོད་གཉིས་པར་དབང་པོ་ཤོ་ལོ་ཀ་(༧༣)དང་ཚིག་རྐང་གཉིས།    ༣ མཛོད་གནས་གསུམ་པར་འཇིག་རྟེན་ཤོ་ལོ་ཀ་(༡༠༢)་ཚིག་རྐང་གཉིས།  ༤ མཛོད་གནས་བཞི་པར་ཤོ་ལོ་ཀ་(༡༢༧)ཡོད།   ༥ མཛོད་གནས་ལྔ་པར་ཤོ་ལོ་ཀ་(༧༠)ཡོད།  ༦ མཛོད་གནས་དྲུག་པར་ཤོ་ལོ་ཀ་(༧༩)ཡོད།   ༧ མཛོད་གནས་བདུན་པར་ཤོ་ལོ་ཀ་(༥༦)ཡོད།   ༨ མཛོད་གནས་བརྒྱད་པར་ཤོ་ལོ་ཀ་(༤༣) བཅས་གཅིག་ཏུ་བསྡོམ་ན་ཤོ་ལོ་ཀ་(༥༦༠)དང་ཚིག་རྐང་གཉིས་ཡོད་པར་སྣང་ངོ་།    ཞེས་པ་དེ་ནི་ལྦཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་གིས་དཔར་བསྐྲུན་ཞུས་པའི་<དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>ཀྱི་གླེང་བརྗོད་སྐབས་སུ་བསྡོམ་བརྩིས་བཀོད་པ་ལྟར་རོ།    གུས་རང་གིས་དཔེ་དེབ་དེ་ག་རང་ལས་གསལ་བའི་གྲངས་ལ་ཞིབ་བརྩིས་བྱེད་ན་ཤོ་ལོ་ཀའི་གྲངས་བསྡོམ་པའི་(༥༩༡)བཅས་ཡོད་པར་སྣང་སྙམ།   ཡིན་ཡང་དཔྱད་པའི་གནས་སུ་གྱུར་རོ།།

                          དགུ་པ་བོན་སྲིད་པའི་མཛོད་ཕུགས་ལས་མཛོད་གནས་ཀྱི་གོ་རིམ།

༡ ཆད་པར་ལྟ་བ་ལྡོག་པ་ལ་སོགས་ཀྱི་ཆེད་དུ་མཛོད་གནས་དང་པོ་སྲིད་པ་བསྟན།    ༢ དེ་ལྟར་ཆད་པའི་མཐའ་སེལ་བའི་སྲིད་པ་བསྟན་ནས་རྟག་པའི་མཐའ་སེལ་བའི་སྲིད་པ་དངོས་པོ་མེད་པ་ཤེས་པའི་ཆེད་དུ་མཛོད་གནས་གཉིས་པ་བསྐལ་པ་བསྟན།   ༣ དེ་ལྟར་རྟག་ཆད་ཀྱི་མཐར་འཛིན་སེལ་བའི་ཆེད་དུ་བསྐལ་སྲིད་བསྟན་ནས།    རྟག་ཆད་དང་བྲལ་བའི་ཡིན་ལུགས་མཛོད་གནས་གསུམ་པ་དབྱིངས་བསྟན།   ༤ དེ་ལྟར་གནས་ལུགས་སྤྲོས་བྲལ་གྱི་དབྱིངས་བསྟན་ནས་དེ་རྟོགས་བྱེད་མཛོད་གནས་བཞི་པ་ཡེ་ཤེས་བསྟན།    ༥ དེ་ལྟར་དབྱིངས་ཤེས་གཉིས་མེད་ཀྱི་སངས་རྒྱས་ཀྱི་སྤང་རྟོགས་ལ་སོགས་བསྟན་ནས།    ཡེ་ཤེས་ཀྱི་ཡུལ་དང་སངས་རྒྱས་ཀྱི་གདུལ་ཞིང་དང་།    གདུལ་བྱའི་རྟེན་མཛོད་གནས་ལྔ་པ་སྣོད་བསྟན།    ༦ དེ་ལྟར་སྣོད་བསྟན་ནས་བརྟེན་པ་མཛོད་གནས་དྲུག་པ་བཅུད་བསྟན།    ༧ དེ་ལྟར་སྣོད་དང་བཅུད་བཤད་ནས་སྣོད་བཅུད་ལ་དབང་བསྒྱུར་བར་བྱེད་པའི་མཛོད་གནས་བདུན་པ་དབང་པོ་བསྟན།   ༨ དེ་ལྟར་འཁོར་འདས་ལ་དབང་བསྒྱུར་པའི་དབང་པོ་བསྟན་ནས་དེ་ཡི་མི་མཐུན་ཕྱོགས་དང་གེགས་སྤང་བར་ཤེས་པའི་ཕྱིར་དུ་མཛོད་གནས་བརྒྱད་པ་ཕྲ་རྒྱས་བསྟན། ༩ དེ་ལྟར་འཁོར་བའི་རྒྱུ་ཕྲ་རྒྱས་བཤད་ནས་འཁོར་ཚུལ་མཛོད་གནས་དགུ་པ་རྟེན་འབྲེལ་བསྟན།    ༡༠ དེ་ལྟར་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་བསྟན་ནས་མཛོད་གནས་བཅུ་པ་ཕུང་པོ་བསྟན།   ༡༡ དེ་ལྟར་ཚོགས་གཞིའི་ཁྱད་པར་བྱས་པ་ཕུང་པོ་བཤད་ཟིན་ནས་ཡ་གྱལ་གྱི་ཁྱད་པར་བྱས་པའི་མཛོད་གནས་བཅུ་གཅིག་པ་སྐྱེ་མཆེད་བསྟན།   ༡༢ དེ་ལྟར་སྐྱེ་མཆེད་ཀྱི་མངོན་རྟོགས་ཡུལ་ཅན་གྱི་ཡིན་ལུགས་བཤད་ནས།    མངོན་དུ་རྟོགས་བྱའི་རིགས་སོགས་རྒྱ་ཆེ་ཞིང་རང་མཚན་མ་འདྲེས་པར་གནས་པའི་ཁྱད་པར་མཛོད་གནས་བཅུ་གཉིས་པ་ཁམས་བསྟན།   ༡༣ དེ་ལྟར་སྤྱི་དང་རང་སམཚན་གྱི་འཚོགས་དོན་གྱི་ཁྱད་པར་ཁམས་ཀྱི་ཡིན་ལུགས་བཤད་ནས་རང་མཚན་མ་འདྲེས་པའི་ཁྱད་པར་མཛོད་གནས་བཅུ་གསུམ་པ་མཚན་ཉིད་བསྟན།   ༡༤ དེ་ལྟར་འཁོར་འདས་རང་རང་གི་མཚན་ཉིད་འཛིན་པའི་རང་མཚན་མ་འདྲེས་པར་བཤད་ནས།     དེ་ལས་འཇུག་ལྡོག་བྱེད་པའི་མཛོད་གནས་བཅུ་བཞི་པ་ལས་སྤྱོད་བསྟན།   ༡༥ དེ་ལྟར་རྒྱུའི་ཁྱད་པར་རམ་འཇུག་ཚུལ་གྱི་ངོ་བོ་མཛོད་གནས་བཅོ་ལྔ་པ་ལས་སྤྱོད་བསྟན།    ༡༦ དེ་ལྟར་བགྲོད་པར་བྱེད་པའི་ལམ་བསྟན་ནས་བགྲོད་པར་བྱ་བའི་མཛོད་གནས་བཅུ་དྲུག་པ་ས་དང་གནས་བསྟན།   ༡༧ དེ་ལྟར་རྟེན་གྱི་ཁྱད་པར་དུ་བྱས་པ་ས་དང་གནས་བསྟན་ནས་བརྟེན་པ་བདེ་སྡུག་ལ་སོགས་ཁྱད་པར་དུ་བྱས་པའི་མཛོད་གནས་བཅུ་བདུན་པ་འབྲས་བུ་བསྟན་པའོ།

ཞེས་པ་ནི་༧རྗེ་རིན་པོ་ཆེས་མཛད་པའི་<སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་>ལས་གང་གསུང་ཡོད་པ་གཞིར་བྱས་པའོ།  ཡང་དེའི་སྐོར་བཤད་ཚུལ་གཞན་ཞིག་ནི་སྤྱི་ལོ་དུས་རབས་སྔོན་གྱི་མི་ལོ་(༩༡༤)ཡི་མཚམས་སུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་<མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>གི་ཤོག་གྲངས་(157)ལས་“འདུ་ཚུལ་གོ་རིམ་ལ་ཡོད།    ལ་ལ་མཆོག་དང་དམན་པའི་གོ་རིམ་ཡོད།    ལ་ལ་གནས་ས་མཐོ་དམན་གྱི་གོ་རིམ་ཡོད།   ལ་ལ་གྲངས་མང་ཉུང་གི་གོ་རིམ་ཡོད།    ལ་ལ་སྐྱེ་བ་སྔ་ཕྱིའི་གོ་རིམ་ཡོད།    ལ་ལ་བེམ་རིག་གསལ་འགྲིབ་ཀྱི་གོ་རིམ་ཡོད།     ལ་ལ་གཟུགས་འཕྲ་རགས་ཀྱི་གོ་རིམ་ཡོད་ཀྱང་།    གཞུང་འདིའི་རིམ་པ་ནི།    དང་པོ་སྲིད་པ་བསྟན་པ་ནི་འཁྲུལ་པའི་གཞི་ཡིན།    གཉིས་པ་བསྐལ་པ་བསྟན་པ་འཁྲུལ་པ་རང་གི་ངོ་བོ་ཡིན།    གསུམ་པ་དབྱིངས་བསྟན་པ་འཁྲུལ་གཞི་དབྱིངས་སུ་དག་པ་ཡིན།   དེ་ནས་ཡེ་ཤེས་བསྟན་པ་འཁྲུལ་པ་ཡེ་ནས་དག་པ་ཡིན།     ཕྱི་མ་ལོ་རྒྱུས་སུ་བཤད་པས་ཤེས་སོ་”།    ཞེས་གསུངས་ཡོད།   མཛོད་གནས་ཕྱི་མ་དག་གི་སྐོར་གཟིགས་འདོད་ན་གོང་མཚུངས་<མཛོད་འགྲེལ་>ལས་ཤོག་གྲངས་(121ནས་123)བར་གསལ་ཡོད།    ཡང་མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་>གི་ཤོག་ངོས་(48)ལས་“གོ་རིམ་ཀྱང་ངེས་པ་མེད་དེ།   དབྱིངས་ཡེ་དབང་པོ་གསུམ་ལྷན་ཅིག་དང་།   བསྐལ་སྲིད་སྣོད་བཅུད་ལྷན་ཅིག་ཀྱང་འཐད་པས་སོ་”ཞེས་གསུངས་ཡོད།    ཅེས་པའི་ལུང་དག་འདིར་དྲངས་པ་དེ་ཡང་བོན་ལུགས་ཀྱི་མཛོད་སྐོར་ལ་གོ་རྟོགས་འཕེལ་ཆེད་དུ་བཀོད་པ་ཞིག་ལགས་སོ། །

 བཅུ་པ་ཆོས་མངོན་པའི་མཛོད་ལས་མཛོད་གནས་གོ་རིམ།

ཆོས་མངོན་པའི་བརྗོད་བྱ་ཟག་བཅས་ཟག་མེད་སྟོན་པའི་དབང་དུ་མཛད་ནས་གནས་དང་པོ་བཤད་དོ།    དེར་མིང་ཙམ་ སྨོས་པའི་དབང་པོ་དང་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱས་པར་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་གཉིས་པ་དང་།    དེ་དག་ཏུ་ཁམས་གསུམ་གྱི་མིང་ཙམ་སྨོས་པ་རྒྱས་པར་བཤད་པའི་ཕྱིར་དུ་དེའི་རྗེས་ལ་གནས་གསུམ་པ་དང་།    ཁམས་གསུམ་བསྟན་པ་དེའི་རྒྱུ་དབང་ཕྱུག་ལ་སོགས་པ་ཡིན་པ་བཀག་ནས་དངོས་སུ་ལས་ལས་བྱུང་ངོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་བཞི་པ་དང་།    ལས་དེ་ཡང་ཀུན་ནས་སློང་བ་ནི་ཕྲ་རྒྱས་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་ལྔ་པ་དང་།    ཕྲ་རྒྱས་དེ་དག་སྤོང་བྱེད་ནི་ལམ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་དྲུག་པ་དང་།    དེར་སྨོས་པའི་ཤེས་པ་བྱེ་བྲག་ཏུ་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་བདུན་པ་དང་།     དེ་ལས་ནི་སངས་རྒྱས་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བའི་ཡོན་ཏན་གཉིས་བསྟན་པ་ལས་ཐུན་མོང་བ་རྒྱས་པར་བཤད་པའི་ཕྱིར་དེའི་རྗེས་ལ་གནས་བརྒྱད་པ་བསྟན་ཏོ།    ཅེས་པ་ནི་ལྦཱ་ཎའི་དགེ་ལྡན་སྤྱི་ལས་ཁང་གིས་དཔར་བསྐྲུན་ཞུས་པ་ཅན་རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་<དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>ཀྱི་ཤོག་ངོས་(31)ལས་གསལ་བ་ལྟར་རོ། །

 བཅུ་གཅིག་པ་བོན་སྲིད་པའི་མཛོད་ཕུགས་ནི་ཐེག་པ་གང་གི་གཞུང་དུ་གཏོགས་པ།

བཀའ་སྲིད་པའི་མཛོད་ཕུགས་ནི་བརྗོད་བྱ་སྣ་ཚོགས་འབྱུང་བའི་གཞུང་ཡིན་པ་ནི་༧བོན་གྱི་སྤྱན་ལྡན་ཆེན་མོས་མཛད་པའི་<སྲིད་པའི་མཛོད་ཕུགས་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་>ལས།    ཁ་ཅིག་གིས་“དགེ་བསྙེན་དྲང་སྲོང་ཁོ་ན་ཟེར་ཏེ།    དེ་ལྟར་ན་ཐེག་པ་སྣ་ཚོགས་ཀྱི་བརྗོད་བྱ་འབྱུང་བ་མ་ཡིན་པར་འགྱུར་བ་ལས་ཐམས་ཅད་འབྱུང་བས་མཛོད་ཕུགས་འདི་ཞེས་པས་སོ།    ཞེས་གསུངས་པ་དང་”།    ཐེག་པ་ནི་ལྷོ་གཏེར་ཐེག་པ་རིམ་དགུ་ལས་དྲང་སྲོང་ཐེག་པའི་གཞུང་ཡིན་ཏེ།    གོང་གི་<ལུང་དེ་ཉིད་> ལས་“དྲང་སྲོང་དུ་ཤས་ཆེ་ན་ཐེག་པའི་ངོས་འཛིན་བྱུང་བའི་འདོད་པར་བསྒྲུབས་སོ་”།    ཞེས་གསུངས་ཡོད་པའོ།    ཡང་གཞུང་འདི་ཉིད་བརྗོད་བྱ་ཤེས་བྱ་བདེན་གཉིས་བསྟན་པའི་གཞུང་ཡིན་ཏེ་ <ལུང་དེ་ཉིད་>ལས།    ཁ་ཅིག་ན་རེ།    གཙང་མ་མཐོ་ཐོག་སྤྱི་རྒྱུག་མཛོད་དུ་གཏོགས་ཅེས་ཟེར་ཏེ།     དེ་ལྟར་ན་ལྟ་བ་མཐོ་ཐོག་སྤྱི་རྒྱུག་གཞུང་འདིས་སྟོན་པར་འགྱུར་བ་ལས་འདིར་ཤེས་བྱ་བདེན་གཉིས་ཀྱི་ཚུལ་དུ་སྟོན་པའོ་”།    ཞེས་གསུངས་པའི་དེ་དག་གིས་ངེས་པས་སོ།

               བཅུ་གཉིས་པ་ཆོས་མངོན་པའི་མཛོད་ནི་ཐེག་པ་གང་གི་གཞུང་དུ་གཏོགས་པ།

ཆོས་མངོན་པའི་མཛོད་འདི་ནི་“ཁ་ཆེ་བྱེ་བྲག་སྨྲ་བའི་གྲུབ་མཐའི་ཚུལ་དུ་རྣམ་པར་བཤད་པ་ཆོས་མངོན་པའི་མཛོད་ཅེས་བྱ་བའི་བསྟན་བཅོས་འདི་ཉིད་མཛད་དེ་ཉན་ཐོས་བྱེ་བྲག་སྨྲ་བའི་གྲུབ་མཐའི་རྣམ་གཞག་རྒྱས་པར་མཛད་”ཅེས་པ་དང་། ཡང་“ཆོས་མངོན་པའི་མཛོད་འདིས་ཟག་པ་དང་བཅས་པའི་ཆོས་ལ་སྡུག་བསྔལ་བདེན་པ་དང་།    ཀུན་འབྱུང་བདེན་པ་དང་།   ཟག་པ་མེད་པའི་ཆོས་ལ་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་བཞིར་ཕྱེ་སྟེ་ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་ཀྱི་ལམ་གྱི་གཞི་དང་ལམ་དང་འབྲས་བུ་དང་བཅས་པ་ནི་བསྟན་བཅོས་འདིའི་བརྗོད་བྱའི་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་”།     ཐེག་པ་གང་གི་གཞུང་ཡིན་པ་ནི་ལུང་ཚིག་དེ་གཉིས་ཀྱིས་སྒྲུབ་ཐུབ་ཅིང་།     དེ་བཞིན་དུ་བྱེས་ཀྱིི་༧གདན་ས་ཆེན་མོ་སེར་འབྲས་དགའ་གསུམ་གྱི་ནང་དུ་ཡང་༧སྤྱིར་མཛོད་རྩ་དེ་ཉིད་གསུང་བ་པོ་ཐེག་དམན་གྱི་སློབ་དཔོན་མ་ཡིན་ཀྱང་གཞུང་འདི་ཉིད་ཉན་ཐོས་བྱེ་བྲག་སྨྲ་བའི་ཐེག་པའི་གཞུང་ཞིག་ཏུ་ངོས་འཛིན་ཞུ་དགོས་རེད་ཅེས་གསུང་སྲོལ་མཆིས་པས་སོ། །

 བཅུ་གསུམ་པ་མཛོད་གཞུང་གཉིས་ལས་དབང་པོའི་གནས་ཀྱི་ཁྱད་པར་ཟུར་ཙམ་ཞིག

དང་པོ་བོན་གྱི་༼མཛོད་སྲིད་པའི་མཛོད་ཕུགས་༽ལས།  “ཀུན་བསྒྱུར་དབང་པོ་དྲུག་ལ་ཡང་།   གཅོད་བྱེད་དབང་པོ་དྲུག་བསྟན་པས་”།     ཞེས་པ་དེ་ཡི་འགྲེལ་༧བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་<སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་>ལྟར་ན་“རང་ལུགས་ལ།    སེམས་ཅན་ལ་དབང་པོ་ཙམ་ཡོད་ཅིང་སེམས་དཔའ་ལ་ཐོབ་ཙམ་དང་སངས་རྒྱས་ལ་མངོན་གྱུར་ཙམ་ཡོད་པས་ཏེ་”ཞེས་གསུངས་པ་དང་།   ཡང་དེ་ཉིད་ལས་“དེ་ཡང་བྱེ་བྲག་ཏུ་གཅོད་དབང་ཐོབ་ཙམ་ཚོགས་ནས་ཡོད་པར་ཐོས་བསམ་ཀྱིས་ངེས་པས་ཆ་དང་བཅས་ནས་སྒྲོ་འདོགས་གཅོད་པ་དང་།     སྲོག་དབང་དྲོད་ནས་ཡོད་པར་རྟོགས་པ་རྒྱུན་ཆགས་སུ་བསྒོམ་བྱུང་གིས་ཐོས་༼ཐོབ་༽པས་དང་།     རྟོགས་དབང་མཐོང་བ་ནས་ཡོད་པར་བོན་ཉིད་རིགས་ལ་རྡེང་ཐོབ་པ་མངོན་སུམ་གྱིས་མཐོང་བ་དང་།    ཤེས་དབང་ས་བདུན་པ་ནས་ཐོབ་པར་ཉོན་སྒྲིབ་ལྷན་སྐྱེས་སྤངས་ནས་གནས་ལུགས་སྒྲིབ་མེད་རྟོགས་པས་དང་།    རིག་དབང་བརྒྱད་པ་ན་ཡོད་པར་ཤེས་སྒྲིབ་རགས་པ་དང་བྲལ་ནས་མི་རྟོག་པ་དང་ཇི་སྙེད་པ་ལ་དབང་ཐོབ་པ་དང་།  གསལ་དབང་དང་དབང་པོ་འདི་དག་ཐམས་ཅད་མངོན་དུ་གྱུར་པ་རྣམ་མཁྱེན་ལ་ཐོབ་སྟེ་རྟོག་དཔྱོད་ལས་འདས་ཅིང་མཁྱེན་པའི་ཡེ་ཤེས་མཐར་ཐུག་པས་ཏེ།    མི་གཡོ་མཉམ་པར་རྫོགས་པས་རྫོགས།    ཅེས་བྱ་ལ།    རྩལ་རྫོགས་པ་དང་མཐར་ཐུག་པ་ཞེས་གསུངས་སོ་”།    ཞེས་པ་དང་།     ཡང་༧རྒྱལ་བ་མཉམ་མེད་ཆེན་མོས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་>ལྟར་ན་“གཅོད་སོགས་ཀྱི་དབང་པོ་དྲུག་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལ་སོགས་ཀྱི་སྒོ་ནས་འཆད་དོ།     ངོ་བོ་གཅིག་པའི་ཚུལ་ནི་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དབང་པོ་ནི་དྲུག་ཀ་ཡིན་པ་ལྟ་བུའོ།    ལྡོག་པ་ཐ་དད་ཀྱི་ཚུལ་ནི།    སྤྱི་དང་ཁྱད་པར་གཉིས་ལས།    སྤྱི་ལ་མངོན་དུ་རྟོགས་པ་དང་རྒྱུན་མི་ཆད་པའི་དབང་དུ་བྱས་པ་ནི།    རིམ་པ་བཞིན་དུ་གཅོད་སྲོག་གཉིས་སོ།    ཁྱད་པར་ལ་ཇི་ལྟ་ཇི་སྙེད་གཉིས།  ཇི་ལྟ་བ་ལ་གདེང་ཐོབ་པ་དང་སྒྲིབ་ཏུ་མེད་པ་གཉིས་ཀྱི་དབང་དུ་བྱས་པ་ནི།     རིམ་པ་བཞིན་དུ་རྟོགས་ཤེས་གཉིས་སོ། ཇི་སྙེད་པ་ལ་ཁྱད་པར་མ་འདྲེས་པར་རྟོགས་པ་དང་རྟོག་དཔྱོད་ལས་འདས་པ་གཉིས་ཀྱི་དབང་དུ་བྱས་པ་ནི་རིམ་པ་རིམ་པ་བཞིན་དུ་རིག་གསལ་གཉིས་སོ་”།     ཞེས་གསུངས་པའོ།    མདོར་ན་འགྲེལ་དེ་གཉིས་ལས་གསུངས་པའི་དབང་པོའི་སྐོར་འགྲེལ་ཚུལ་ཐད་ཀར་ཅུང་ཙམ་མི་འདྲ་ཡང་དོན་དུ་གཉིས་ཀས་སྐབས་འདིར་བསྟན་པའི་དབང་པོ་ནི་འཐོབ་བྱའི་དགེ་བ་ཞིག་ཡིན་པ་དང་མཐར་ཐུག་གི་དབང་པོའི་ཆ་ནས་དགོངས་པ་གཅིག་མཐུན་ཡིན་པར་སེམས་སོ།     གཉིས་པ་བན་གྱི་ཆོས་མངོན་པའི་མཛོད་ལས་“ལྔ་པོ་རྣམས་ནི་དོན་བཞི་ལ།    དབང་བྱེད་བཞི་རྣམས་གཉིས་ལ་ལོ་”།    ཞེས་པ་དེ་ཡི་འགྲེལ་༧མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་<མཛོད་འགྲེལ་མངོན་པའི་རྒྱན་>ལྟར་ན་“མིག་ལ་སོགས་པའི་དབང་པོ་ལྔ་པོ་རྣམས་ནི་ལུས་མཛེས་པར་བྱེད་པ་དང་།    ལུས་ཡོངས་སུ་སྲུང་བ་དང་མིག་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་ལ་སོགས་པ་སྐྱེད་པ་དང་།    གཟུགས་བལྟས་སོ།    སྒྲ་སྙན་ནོ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་བཞི་བཞི་ལ་དབང་བྱེད་དོ།    དེ་ལ་ལུས་ཡོངས་སུ་བསྲུང་བ་ལ་དབང་བྱེད་པ་ནི་མིག་དང་རྣ་བས་ཡུལ་ཡིད་དུ་མི་འོང་བ་དག་མཐོང་བ་དང་ཐོས་ནས་ཡང་བ་ལས་ལུས་སྲུང་བའི་ཕྱིར་དང་།    སྣ་ལྕེ་ལུས་གསུམ་གྱིས་ཁམ་ཟས་ལ་ལོངས་སྤྱད་པས་ལུས་རྒྱས་པར་བྱེད་པའི་ཕྱིར།    ཕོ་མོ་དང་སྲོག་དང་ཡིད་ཀྱི་དབང་པོ་བཞི་རྣམས་ནི་རེ་རེ་ཞིང་དོན་གཉིས་གཉིས་ལ་དབང་བྱེད་དོ།   དེ་ལ་ཕོ་མོའི་དབང་པ་དེ་དག་ནི་ཕོའོ་མོའོ་ཞེས་ཕོ་དང་མོ་མ་ཡིན་པའི་སེམས་ཅན་ལས་བྱེ་བྲག་ཏུ་འབྱེད་པ་དང་།    ཁྱད་པར་དུ་ཕོའི་དབང་པོས་ནི་མོ་ལས་ཀྱང་ཁྱད་པར་ལ་དབང་བྱེད་པ་དང་།   དེ་དག་ལས་བཟློག་པ་མོའི་དབང་པོས་ནི་ཕོ་ལས་ཁྱད་པར་ལ་དབང་བྱེད་དོ།      གཞན་དག་ནི་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལའང་དབང་བྱེད་དོ།    དེ་དག་ནི་སྡོམ་མིན་དང་མཚམས་མེད་དང་།   དགེ་རྩ་གཅོད་པ་དང་།    སྡོམ་པ་དང་། འབྲས་བུ་འཐོབ་པ་དང་།    འདོད་ཆགས་དང་བྲལ་བའི་གཞིར་རུང་གི་ཟ་མ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པའི་ཕྱིར་རོ་ཞེས་འཆད་དོ།   སྲོག་གི་དབང་པོས་ནི་རིས་མཐུན་པར་ཉིང་མཚམས་སྦྱོར་བ་དང་།    དེའི་རྒྱུན་གནས་པ་གཉིས་ལ་དབང་བྱེད་དོ།    ཡིད་ཀྱིས་ནི་ཡང་སྲིད་དུ་ཉིང་མཚམས་སྦྱོར་བ་དང་།    ཡིད་དགེ་བར་གནས་ན་དེའི་དབང་གིས་བྱུང་བའི་ལུས་ལ་སོགས་པའང་དགེ་བར་བྱེད་པ་ལ་སོགས་པ་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དེ་”།   ཞེས་པ་དང་།     ཡང་<ཆོས་མངོན་པའི་མཛོད་>ལས“ལྔ་དང་བརྒྱད་པོ་དེ་རྣམས་ནི།    ཀུན་ནས་ཉོན་མོངས་རྣམ་བྱང་ལ་”།     དེར་ཡང་འགྲེལ་དེ་ཉིད་ལས་“ཚོར་བ་ལྔ་དང་དད་སོགས་ལྔ་དང་ཀུན་ཤེས་བྱེད་སོགས་གསུམ་སྟེ་བརྒྱད་པོ་དེ་རྣམས་ནི་རིམ་པ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་དེ།    ཚོར་བ་བདེ་བ་ཡིད་བདེ་བ་དང་།    སྡུག་བསྔལ་ཡིད་མི་བདེ་བ་དང་།    བཏང་སྙོམས་ཀྱིས་རིམ་པ་ལྟར་ཆགས་སྡང་གསུམ་བསྐྱེད་པའི་ཕྱིར་དང་།   ཚོགས་སྦྱོར་གྱི་དད་སོགས་ལྔ་རྣམ་བྱང་གི་རྒྱུ་དང་།    མཐོང་སྒོམ་མི་སློབ་པའི་ལམ་གྱི་བརྒྱད་པོ་རྣམ་བྱང་གི་ངོ་བོ་ཡིན་པའི་ཕྱིར་རོ་”།    ཞེས་གསུངས་པས་སོ།    མདོར་ན་འགྲེལ་དེར་དབང་པོའི་གྲངས་ཉི་ཤུ་རྩ་གཉིས་ བཤད་ཡོད་པས་རེ་རེ་བཞིན་ངོས་འཛིན་ཞུས་ན་“མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་མོ་དང་ཕོ་དང་སྲོག་དང་བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་མི་བདེ་བ་དང་བཏང་སྙོམས་དང་དད་པ་དང་བརྩོ་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང་ཀུན་ཤེས་པ་དང་ཀུན་ཤེས་ལྡན་པའི་དབང་པོའོ་”།  ཞེས་པའི་གྲངས་ནི་འགྲེལ་དེ་ཉིད་ལས་གསུངས་པ་ལྟར་ཡིན་ནོ།     ཞེས་གོང་གི་བན་བོན་གཉིས་ཀྱི་མཛོད་རྩ་འགྲེལ་གཉིས་ལས་གསུངས་པའི་དབང་པོའི་སྐོར་ལ་ཁྱད་པར་ཡོད་པ་དེས་འབྱེད་ཤེས་པར་མཛོད་ཅིག

            བཅུ་བཞི་པ་བོན་སྲིད་པའི་མཛོད་ཕུགས་ལས་གནས་རེའི་ལུས་ཀྱི་རྣམ་གཞག་མདོར་བསྡུས།

༡ མཛོད་གནས་དང་པོར་ཡེ་སྲིད་དང།   བྱེད་བྱས་དང་།    རྒྱུ་མཐུན་གྱི་སྲིད་པ་བསྟན་པའོ།    ༢ མཛོད་གནས་གཉིས་པར་བསྐལ་པ་དགུ་སྟེ།    འཇིག་པའི་བསྐལ་པ་དང་།   གནས་དང་ཚེ་དང་རང་བཞིན་དང་གྲངས་དང་རྒྱུན་མེད་འཁོར་བུ་ཆུང་དང་མིང་དང་ལས་དང་ཐུགས་རྗེ་ཤུལ་འབྱུང་གི་བསྐལ་བསྟན་པའོ།    ༣ མཛོད་གནས་གསུམ་པར་དབྱིངས་བཞི་སྟེ།    རྟེན་འབྲེལ་དང་ལྷ་མོ་དང་།    ཀློང་དགུ་དང་།    དཔེ་དོན་རྟགས་གསུམ་གྱི་དབྱིངས་བསྟན་པའོ།   ༤ མཛོད་གནས་བཞི་པར་ཡེ་ཤེས་ལྔ་སྟེ།    སྟོང་པ་ཉིད་དང་།    མེ་ལོང་ལྟ་བུ་དང་།    མཉམ་པ་ཉིད་དང་།   སོ་སོར་རྟོགས་པ་དང་།   བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པའོ།   ༥ མཛོད་གནས་ལྔ་པར་སྣོད་བཞི་སྟེ།    འབྱུང་བ་ཕྱི་སྣོད་དང་དབང་པོ་ནང་སྣོད་དང་།    ཤེས་དགུ་སོགས་སྣོད་དང་།    འདུས་པ་དོན་སྣོད་དོ།   ༦ མཛོད་གནས་དྲུག་པར་བཅུད་གསུམ་སྟེ།   འབྱུང་བའི་བཅུད་དང་།    ཡེ་ཤེས་ཀྱི་བཅུད་དང་།    སེམས་ཅན་གྱི་བཅུད་དོ།   ༧ མཛོད་གནས་བདུན་པར་དབང་པོ་དྲུག་སྟེ། གཅོད་པ་དང་།    སྲོག་དང་།    རྟོགས་པ་དང་།    ཤེས་པ་དང་།    རིག་པ་དང་།    གསལ་བའི་དབང་པོ་བསྟན་པའོ། ༨ མཛོད་གནས་བརྒྱད་པར་ཕྲ་རྒྱས་གསུམ་སྟེ།   ཉོན་མོངས་པའི་ཕྲ་རྒྱས་དང་།   ཕྱིན་ཅི་ལོག་གི་ཕྲ་རྒྱས་དང་།     ཉོན་མོངས་པའི་རྒྱས་ཚུལ་བསྟན་པའོ།   ༩ མཛོད་གནས་དགུ་པར་རྟེན་འབྲེལ་གཉིས་ཏེ།     ཕྱིའི་རྟེན་འབྲེལ་དང་།     ནང་གི་རྟེན་འབྲེལ་ལོ།    ཞེས་པ་དེ་གཉིས་ཡིན་ཏེ་༧རྗེའི་མཛོད་འགྲེལ་ལས་“ཕྱི་ནང་ལ་སོགས་སོ་”ཞེས་གསུངས་པས་སོ། ༡༠ མཛོད་གནས་བཅུ་པར་ཕུང་པོ་གཉིས་ཏེ།    ཟག་མེད་དང་།    ཟག་བཅས་ཀྱི་ཕུང་པོའོ།   ༡༡ མཛོད་གནས་བཅུ་གཅིག་པར་སྐྱེ་མཆེད་བཅུ་གཉིས་ཏེ།    ཡུལ་ཅན་དང་།    ཡུལ་གཉིས་ལ་དྲུག་རེའོ།    ༡༢ མཛོད་གནས་བཅུ་གཉིས་པར་ཁམས་གསུམ་སྟེ།    འབྱུང་བ་དང་།    དབང་པོ་དང་།    སེམས་ཅན་གྱི་ཁམས་སོ།   ༡༣ མཛོད་གནས་བཅུ་གསུམ་པར་མཚན་ཉིད་གཉིས་ཏེ།    འཁོར་བ་དང་།     མྱང་འདས་ཀྱི་མཚན་ཉིད་དོ།   ༡༤ མཛོད་གནས་བཅུ་བཞི་པར་ལས་སྤྱོད་ལྔ་སྟེ།   གཤེན་རབ་དང་།    སེམས་ཅན་དང་།    དགེ་བ་དང་།    སྡིག་པ་དང་།    ལུང་མ་བསྟན་གྱི་ལས་སྤྱོད་དོ།   ༡༥ མཛོད་གནས་བཅོ་ལྔ་པར་ལམ་བཞི་སྟེ།     རང་བཞིན་རྒྱུ་བའི་ལམ་དང་།     འཁོར་བ་རྒྱུ་བའི་ལམ་དང་།     མཐོ་རིས་ཐར་བའི་ལམ་དང་།     འཁོར་བ་མེད་པའི་ལམ་མོ།   ༡༦ མཛོད་གནས་བཅུ་དྲུག་པར་ས་གསུམ་སྟེ།    འཁོར་བའི་ས་དང་གཡུང་དྲུང་ས་དང་།    སངས་རྒྱས་ཀྱི་སའོ།    ༡༧ མཛོད་གནས་བཅུ་བདུན་པར་འབྲས་བུ་བཞི་སྟེ།    རྒྱུ་མཐུན་དང་།    དབང་དང་།   རྣམ་སྨིན་དང་།    བླ་མེད་ཀྱི་འབྲས་བུ་བསྟན་པའོ།    ཞེས་པ་དེ་དག་ནི་༧རྗེ་རིན་པོ་ཆེའི་མཛོད་འགྲེལ་ལས་གསུངས་པ་ལྟར་རོ།

 བཅོ་ལྔ་པ་ཆོས་མངོན་པའི་མཛོད་ལས་གནས་རེ་ཡི་བརྗོད་བྱ་གནད་བསྡུས།

༡ གནས་དང་པོ་ཁམས་ནི།    འདུས་བྱས་ཀྱི་ཕྱོགས་དང་།    མིང་གི་རྣམ་གྲངས།    ཕུང་ཁམས་སྐྱེ་མཆེད་རྒྱས་པ་བཤད་པ་གསུམ་གྱིས་བསྟན་ཡོད་པའོ།    ༢ གནས་གཉིས་པ་དབང་པོ་ནི།     དབང་པོའི་རྣམ་བཞག་དང་།    འདུས་བྱས་ཀྱི་ཆོས་སྐྱེས་ཚུལ་དང་གཉིས་ཀྱིས་སྒོ་ནས་བསྟན་ཡོད།   ༣ གནས་གསུམ་པ་འཇིག་རྟེན་ནི།    གང་སྐྱེ་བ་སྣོད་ཀྱི་འཇིག་རྟེན་དང་། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་གཉིས་ཀྱིས་བསྟན་ནོ།    ༤ གནས་བཞི་པ་ལས་ནི།    མཚམས་སྦྱོར་བ་དང་།    ལས་དངོས་བཤད་པ།    ཞེས་པ་འདི་གཉིས་ཀྱིས་བསྟན་ཡོད་པས་སོ།   ༥ གནས་ལྔ་པ་ཕྲ་རྒྱས་ནི།    མཚམས་སྦྱར་བ་དང་།   ཕྲ་རྒྱས་དངོས།    དེ་སྤོང་བའི་ཚུལ།    སྤངས་པའི་འབྲས་བུ་ཡོངས་ཤེས་ཅེས་འདི་བཞིས་བསྟན་ཡོད་པའོ།    ༦ གནས་ དྲུག་པ་ལམ་དང་གང་ཟག་ནི།    དམིགས་ཡུལ་འཕགས་པའི་བདེན་པ།     བདེན་པ་མངོན་པར་རྟོགས་པའི་རིམ་པ།   བདེན་པ་མངོན་རྟོགས་ལ་གནས་པའི་གང་ཟག      མངོན་རྟོགས་ལམ་བཅས་བཞི་ཡིས་བསྟན་པའོ།   ༧ གནས་བདུན་པ་ཡེ་ཤེས་ནི།     ཤེས་པའི་གཞི།    ཤེས་པའི་རང་བཞིན།    ཤེས་པའི་ལྡན་པ།    ཤེས་པའི་ཐོབ་པ།    ཤེས་པས་བསྡུས་པའི་ཡོན་ཏན་བཅས་ལྔ་ཡིས་བསྟན་ཡོད།   ༨ གནས་བརྒྱད་པ་སྙོམས་འཇུག་ནི།    སྙོམས་འཇུག་དངོས་དང་།     དེས་བསྡུས་པའི་ཡོན་ཏན་གཉིས་བཅས་བསྟན་ཡོད་པས་སོ།     ཞེས་པ་དེ་ཡང་༧རྒྱལ་བ་དགེ་འདུན་འགྲུབ་ཀྱིས་མཛད་པའི་<དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>ལས་ས་བཅད་བསྟན་རིམ་ལྟར་རོ།  །

   བཅུ་དྲུག་པ་བོན་སྲིད་པའི་མཛོད་ཕུགས་ལས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་བསྟན་ཡོད་པ།

དང་པོ་གཞིའི་རྣམ་གཞག་ནི་<སྲིད་པའི་མཛོད་ཕུགས་>ལས་མཛོད་གནས་གསུམ་པའི་སྐབས་སུ་རྒྱས་པར་གསུངས་ཡོད་ཀྱང་མདོར་ན་འདི་ལྟར་ཏེ།    “མུ་ཧེ་བིང་ང་མུ་གུང་ནི།     མི་གཡོ་དབྱིངས་ནི་བཞིའི་མཛོད་”།     ཅེས་པའི་འགྲེལ་ནི་༧བོན་གྱི་སྤྱན་ལྡན་ཆེན་མོས་མཛད་པའི་<སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ>ལས་དེ་ལ་གསུམ་སྟེ།   རྒྱུ་དང་རང་བཞིན་དགོས་པའོ།    ཞེས་ས་བཅད་རྣམ་པ་གསུམ་དུ་ཕྱེ་ནས་དོན་དུ་འགྲེལ་ཡོད་ཀྱང་དེ་གསུམ་ཆ་རེ་རེ་བཞིན་བགྲང་མི་དགོས་པ་མདོར་ན་དབྱིངས་བཞིའི་རྣམ་བཞག་ཡིན་པས་དེ་བཞི་ལས་དང་པོ་“རྟེན་འབྲེལ་དབྱིངས་ཀྱི་མཚན་ཉིད་ནི།     འབྱུང་པ་ཕུང་པོའི་རང་བཞིན་སྤྲོས་པར་མི་གཡོ་བའོ།    ཞེས་གསུངས་པ་དང་།     གཉིས་པ་ལྷ་མོའི་ དབྱིངས་ཀྱི་མཚན་ཉིད་ནི།    ནང་གི་འབྱུང་བ་ལྷ་དང་འབྲེལ་བ་སྟེ་སྤྲོས་པར་མ་གཡོས་པས་སོ།    ཞེས་དང་།     གསུམ་ པ་ཀློང་དགུའི་དབྱིངས་ཀྱི་མཚན་ཉིད་ནི།    གློ་བུར་དྲི་བྲལ་གྱི་སྤྲོས་པར་མི་གཡོ་བའོ་”།    ཞེས་གསུངས་པས་སོ།     བཞི་པ་དཔེ་དོན་རྟགས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་མཚན་གཞིའི་སྐོར་ལ་འགྲེལ་དེར་ཆད་ཡོད་ཀྱང་།   གངས་ཅན་མཁས་པའི་གཙུག་རྒྱན་༧རྗེ་རིན་པོ་ཆེས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་>ལྟར་ན་འདི་ལྟ་སྟེ་“དཔེ་དོན་རྟགས་ཀྱི་གནས་ལུགས་མཚན་མར་མ་གྲུབ་པ་གཞི་མཐུན་པའོ་”།    ཞེས་གསུངས་པས་སོ།     ཞེས་མཛོད་གནས་གསུམ་པའི་དབྱིངས་སྐོར་དེ་ཙམ་མོ།    ཡང་གཞི་དང་འབྲེལ་བ་ཡོད་པའི་མཛོད་གནས་ལྔ་པའི་བརྗོད་བྱ་སྙིང་བསྡུས་སྣོད་བཞིའི་ནང་གསེས་འདུས་པ་དོན་སྣོད་དེ་ཡིན་ཏེ།    བཀའ་གཞུང་<སྲིད་པའི་མཛོད་ཕུགས་>ལས་“མི་གཡོ་ནམ་མཁའི་དབྱིངས་ཉིད་ལྟར།     དོན་གྱི་དགོངས་པ་དེ་བཞིན་སྣོད་”།     ཅེས་པ་དེའི་འགྲེལ་༧རྗེ་བདག་ཉིད་ཆེན་པོས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་>ལས་“མི་གཡོ་བ་ནམ་མཁའི་དབྱིངས་ཉིད་ནི།     སྣང་སྲིད་དུ་མ་གཡོས་ཤིང་།     སྣང་སྲིད་ཀྱི་སྣོད་བྱེད་པ་ལྟར།     དོན་བོན་ཉིད་ཀྱིས་ཀྱང་བོན་ཅན་དང་།      དགོངས་པ་ལ་སོགས་ཀྱི་འབྱུང་གནས་དང་སྣོད་བྱེད་ལ་སེམས་ཉིད་ཀྱང་དེ་བཞིན་དུ་སེམས་ཅན་ལ་སོགས་ཀྱི་སྣོད་ཡིན་ནོ་”།     ཞེས་གསུངས་པ་དང་།   དེ་བཞིན་དུ་རིག་པའི་དབང་ཕྱུག་ཆེན་མོ་༧འགྲོ་མགོན་ཆེན་མོས་མཛད་པའི་<སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་>ལས་“དང་པོ་འདུས་པ་དོན་སྣོད་ཀྱི་མཚན་ནི།     ཁྱབ་བྱེད་འདུས་མ་བྱས་པའི་བོན་འདུས་བྱས་ཀྱི་བརྟེན་གཞིར་རུང་པའོ།     གཉིས་པ་མཚན་གཞི་ནི།      ནམ་མཁའ་བོན་ཉིད་སེམས་ཉིད་གསུམ་ཡིན་ཏེ།     སྣང་སྲིད་བོན་ཅན་སེམས་ཅན་གྱི་རྟེན་བྱེད་པ་ལ་ལྟོས་ནས་བསྟན་ནོ་”།    ཞེས་གསུངས་པས་སོ།     གཉིས་པ་ལམ་གྱི་རྣམ་བཞག་ནི་མཛོད་གནས་བཅུ་བདུན་ལས་མཛོད་གནས་རང་རྐྱ་བ་ཞིག་མེད་ན་ཡང་དེ་དང་འབྲེལ་བ་ཡོད་པའི་མཛོད་གནས་དུ་མར་ཡོད་དེ།     རྒྱལ་བའི་བཀའ་<སྲིད་པའི་མཛོད་ཕུགས་>ཀྱི་གནས་བཅུ་གསུམ་པའི་སྐབས་སུ་“དེ་རྐྱམ་དྲིན་ཅི་བིང་ང་ཅི།    དྲན་པ་ཉེ་བར་བཞག་པ་བཞིས།     མཚན་ཉིད་དེ་བཞིན་བསྟན་པར་བྱ།    ལུས་ནི་དྲན་པ་ཉེར་བཞག་པས།    བླ་མེད་འབྲས་བུ་ཐོབ་པ་ནི།    མི་རྟག་སྒྱུ་མའི་རང་བཞིན་དུ།     དེ་བཞིན་རྟོགས་པའི་མཚན་ཉིད་འཛིན།     སེམས་ནི་དྲན་པ་ཉེར་བཞག་པས།   བླ་མེད་འབྲས་བུ་ཐོབ་པ་ནི།     གསལ་ལ་རང་བཞིན་མེད་པ་རུ།     དེ་བཞིན་རྟོགས་པའི་མཚན་ཉིད་འཛིན།    ཚོར་བ་དྲན་པ་ཉེར་བཞག་པས།     བླ་མེད་འབྲས་བུ་ཐོབ་པ་ནི།    བདེ་ལྡན་ཉམས་སུ་མྱོང་བ་རུ།    དེ་བཞིན་རྟོགས་པའི་མཚན་ཉིད་འཛིན།     བོན་ནི་དྲན་པ་ཉེར་བཞག་པས།     བླ་མེད་འབྲས་བུ་ཐོབ་པ་ནི།     སྐྱེ་མེད་དབྱིངས་དུ་གསལ་བ་རུ།    དེ་བཞིན་རྟོགས་པའི་མཚན་ཉིད་འཛིན།     ཏིག་ཏི་དུ་པུར་བིང་ང་ནི།    ཡང་དག་སྤོང་པ་བཞི་ཡི་ནི།     མཚན་ཉིད་དེ་བཞིན་བསྟན་པར་བྱ།     ཡོད་མེད་གཉིས་མཐའ་རྗེས་མི་མཐོང་།     འཁྲུལ་པའི་དྲན་པ་ཡང་དག་སྤོང་།     བླ་མེད་འབྲས་བུ་ཐོབ་པ་ནི།     ནམ་མཁའི་ངང་ཚུལ་དེ་བཞིན་དུ།    གཉིས་མཐའ་རྗེས་ལྟར་མི་འབྱུང་ཞིང་།    མཐའ་མཉམ་མི་འཁྲུལ་མཚན་ཉིད་འཛིན།    རྟག་ཆད་གཉིས་སུ་རྗེས་མི་དཔྱོད།    འཁྲུལ་བའི་དྲན་པ་ཡང་དག་སྤོང་།    བླ་མེད་འབྲས་བུ་ཐོབ་པ་ནི།     མུ་མེད་ནམ་མཁའི་སྙིང་པོ་ལྟར།    རྟག་ཆད་གཉིས་སུ་མི་འགྱུར་ཞིང་།     གཉིས་མེད་མཉམ་པའི་མཚན་ཉིད་འཛིན།     གཟུང་འཛིན་གཉིས་མཐའ་རྗེས་མི་མཐོང་།    འཁྲུལ་པའི་དྲན་པ་ཡང་དག་སྤོངས།     བླ་མེད་འབྲས་བུ་ཐོབ་པ་ནི། མུ་མེད་ནམ་མཁའི་སྙིང་པོ་ལྟར།     གཟུང་འཛིན་གཉི་སུ་མི་འགྱུར་ཞིང་།    བག་ཆགས་ཡོངས་སྤོངས་མཚན་ཉིད་འཛིན། བྱིང་རྒོད་གཉིས་མཐའ་རྗེས་མི་རྟོག     འཁྲུལ་བའི་དྲན་པ་ཡང་དག་སྤོངས།     བླ་མེད་འབྲས་བུ་ཐོབ་པ་ནི།     མུ་མེད་ནམ་མཁའི་སྙིང་པོ་ལྟར།     བྱིང་རྒོད་གཉིས་སུ་མི་འགྱུར་ཞིང་།    སེམས་ཀྱི་དྲོད་རྙེད་མཚན་ཉིད་འཛིན།    ཞམ་ཟེ་ཚས་ཕྲུམ་བིང་ང་ནི།     རྫུ་འཕྲུལ་རྐང་པ་བཞི་རྣམས་ནི།    མཚན་ཉིད་དེ་བཞིན་བསྟན་པར་བྱ།     མོས་པར་སྤྱོད་པའི་ཏིང་འཛིན་གྱིས།     འཁྲུལ་པ་སྤོངས་པའི་འདུ་བྱེད་ལྡན།    དེ་བཞིན་རྫུ་འཕྲུལ་རྐང་པ་ཡི།    བླ་མེད་འབྲས་བུ་ཐོབ་པ་ནི། སེམས་དང་ནམ་མཁའི་དབྱིངས་སྙོམས་པའི།    དེ་བཞིན་མཚན་ཉིད་འཛིན་པའོ།     འདུན་པ་སྐྱེ་བའི་ཏིང་འཛིན་གྱིས། འཁྲུལ་བ་སྤོངས་པའི་འདུ་བྱེད་ལྡན།     དེ་བཞིན་རྫུ་འཕྲུལ་རྐང་པ་ཡི།    བླ་མེད་འབྲས་བུ་ཐོབ་པ་ནི།     བྱམས་སྙོམས་དོན་ལ་རེག་པ་རུ།    དེ་བཞིན་མཚན་ཉིད་འཛིན་པའོ།    གསལ་བར་རྟོགས་པའི་ཏིང་འཛིན་གྱིས།     འཁྲུལ་བ་སྤོངས་པའི་འདུ་བྱེད་ལྡན།    དེ་བཞིན་རྫུ་འཕྲུལ་རྐང་པ་ཡི།    བླ་མེད་འབྲས་བུ་ཐོབ་པ་ནི།    གསལ་ལ་ཅིར་ཡང་མ་འགགས་པར།     དེ་བཞིན་མཚན་ཉིད་འཛིན་པའོ།     མཉམ་པ་ངང་གི་ཏིང་འཛིན་གྱིས།     འཁྲུལ་པ་སྤོངས་པའི་འདུ་བྱེད་ལྡན། དེ་བཞིན་རྫུ་འཕྲུལ་རྐང་པ་ཡི།     བླ་མེད་འབྲས་བུ་ཐོབ་པ་ནི།    ཐབས་ཀྱི་དམིགས་མེད་མཉམ་པ་རུ།    དེ་བཞིན་མཚན་ཉིད་འཛིན་པའོ་”།    ཞེས་པ་འདིས་ཚོགས་ལམ་གྱི་སྐོར་བསྟན་ཡོད་པའོ།    ཡང་ལུང་དེ་ཉིད་ལས་“ཟུར་ཀླུང་ཏི་ཤན་ང་དྲུག་ནི།    དབང་པོ་དྲུག་གི་མཚན་ཉིད་བསྟན།    ཐམས་ཅད་རྣམ་པར་གཅོད་པ་སྟེ།    གཅོད་པའི་དབང་པོ་དེ་ཉིད་ཀྱིས།   བླ་མེད་འབྲས་བུ་ཐོབ་པ་ནི།     ངེས་པའི་ཆ་རྟོགས་མཚན་ཉིད་འཛིན།     མཉམ་སྦྱོར་ཀུན་གྱི་སྲོག་འཛིན་པས།     སྲོག་གི་དབང་པོ་དེ་ཉིད་ཀྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།     ཐུགས་རྗེའི་རྒྱུན་ཆགས་མཚན་ཉིད་འཛིན།    ཡང་དག་དོན་ལ་རྟོགས་པ་ཡི།    རྟོགས་པའི་དབང་པོ་དེ་ཉིད་ཀྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།     གདེང་དུ་གྱུར་བའི་མཚན་ཉིད་འཛིན།     ཀུན་ལ་གསལ་བར་ཤེས་པ་ཡི།    ཤེས་པའི་དབང་པོ་དེ་ཉིད་ཀྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།    མཁྱེན་གསལ་མ་སྒྲིབ་མཚན་ཉིད་འཛིན།    ཀུན་ལ་རིག་པ་ཆ་འབྱེད་པའི།     རིག་པའི་དབང་པོ་དེ་ཉིད་ཀྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།     རྣམ་པར་འབྱེད་འཇུག་མཚན་ཉིད་འཛིན།     ཐམས་ཅད་ཀུན་ལ་འོད་གསལ་བའི།    གསལ་བའི་དབང་པོ་དེ་ཉིད་ཀྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།    དཔྱོད་ལས་འདས་གསལ་མཚན་ཉིད་འཛིན།    ཉེ་ལོ་དུ་ཅོ་ང་དྲུག་ནི། ཏིང་འཛིན་རྣམ་པ་དྲུག་བསྟན་པས།    ཀུན་ནས་ཡེ་ཤེས་འོད་རྫོགས་པའི།    ཡོངས་སུ་རྫོགས་པའི་ཏིང་འཛིན་གྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།     མ་རྩལ་ལྷུན་གྲུབ་མཚན་ཉིད་འཛིན།     དེ་རྒྱུ་དེ་ལས་འབྱུང་བ་ཡི།    རྒྱུ་ཡི་ཏིང་ངེ་འཛིན་གྱིས་ཀྱང་།     བླ་མེད་འབྲས་བུ་ཐོབ་པ་ནི།    གནས་སུ་དག་པའི་མཚན་ཉིད་འཛིན།    འཕྲོ་འདུ་ཀུན་གསལ་སྣང་རྟོགས་པའི།    ཀུན་དུ་སྣང་གི་ ཏིང་འཛིན་གྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།     ཨ་གསལ་འོད་འཕྲོའི་མཚན་ཉིད་འཛིན།  བཞི་སྤྲུལ་དེ་བཞིན་སྟོང་པའི།     དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    ངང་ལ་མི་གཡོའི་མཚན་ཉིད་འཛིན།    སྟོང་པའི་ངང་ཚུལ་དེ་བཞིན་ལྡན།     ཅིར་ཡང་མ་ཡིན་ཏིང་འཛིན་གྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།     མི་དམིགས་ངང་མཆོག་མཚན་ཉིད་འཛིན།    ཐམས་ཅད་ཡོངས་སུ་རྫོགས་པ་ཡི།    ཡོངས་རྫོགས་གསལ་བའི་ཏིང་འཛིན་གྱིས།     བླ་མེད་འབྲས་བུ་ཐོབ་པ་ནི།     དེ་བཞིན་མངོན་རྫོགས་མཚན་ཉིད་འཛིན་”།    ཞེས་པ་འདིས་སྦྱོར་ལམ་གྱི་སྐོར་བསྟན་ཡོད་པའོ།     ཡང་དེ་ཉིད་ལས་“གྱེར་ངོར་(འོད་)ལྒྱུམ་ཞི་བིང་ང་ནི།    གཤེན་རབ་ལམ་བཞིའི་མཚན་ཉིད་འཛིན།    བག་ཆགས་ཅི་ཡང་མེད་པ་ཡི།     གཤེན་ལམ་དཀར་པོའི་དོན་རྟོགས་པས།     བླ་མེད་འབྲས་བུ་ཐོབ་པ་ནི།    རྣམ་པར་དག་པའི་མཚན་ཉིད་འཛིན།    ཐུགས་རྗེས་རྒྱུན་དུ་ཞུགས་པ་ཡི།    གཤེན་ལམ་རིང་པོའི་དོན་རྟོགས་ནས།     བླ་མེད་འབྲས་བུ་ཐོབ་པ་ནི།     ཉམས་ང་མེད་པའི་མཚན་ཉིད་འཛིན།     འཁོར་བ་ཅི་ཡང་མེད་པ་ཡི།     གཤེན་ལམ་དྲང་པོའི་དོན་རྟོགས་པས།     བླ་མེད་འབྲས་བུ་ཐོབ་པ་ནི།     ཕྱིར་མི་ལྡོག་པའི་མཚན་ཉིད་འཛིན།     འོག་མེན་(མིན་)བླ་རུ་ཕྱིན་པ་ཡི།     གཤེན་ལམ་དབུ་མའི་དོན་རྟོགས་པས།     བླ་མེད་འབྲས་བུ་ཐོབ་པ་ནི།     བགྲོད་དུ་མེད་པའི་མཚན་ཉིད་འཛིན།     ཁོད་རྩལ་གྱིན་ནི་ཅུ་སུམ་པ།    མི་འཇིག་སྟོབས་ནི་བཅུ་གསུམ་གྱིས།    མཚན་ཉིད་དེ་བཞིན་བསྟན་པའོ།   གཏི་མུག་མུན་པའི་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།    ཡེ་ཤེས་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།     གསལ་ལ་མ་སྒྲིབ་མཚན་ཉིད་འཛིན།    ཞེ་སྡང་གདུག་པའི་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།     བྱམས་པ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    གཉིས་མེད་མཉམ་པའི་མཚན་ཉིད་འཛིན།    ང་རྒྱལ་ཁྲོ་གཏུམ་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།     ཞི་བ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    ངང་ལ་མི་གཡོ་མཚན་ཉིད་འཛིན།     འདོད་ལ་ཆགས་པའི་དགྲ་ཚོགས་ནི།   གང་གིས་འཇིག་པར་མི་འགྱུར་བས།    ཆོགས་(ཆོག་)ཤེས་(སྦྱིན་པ་)ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    བཏང་བྲལ་མེད་པའི་མཚན་ཉིད་འཛིན།    འཕྲག་དོག་རུ་ངའི་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་པས།     ཡང་པ་ཆེན་པོའི་སྟོབས་རྣམས་ཀྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    གཉིས་མེད་སྟོང་པའི་མཚན་ཉིད་འཛིན།   འཁྲུལ་ཅིང་ལོག་པའི་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།    ཤེས་རབ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།     ཀུན་ཤེས་མི་དམིགས་མཚན་ཉིད་འཛིན།    འགྱུར་ལྡོག་བདུད་བཞིའི་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།    བས མ་གཏན་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།     མི་གཡོ་མི་འཁྲུལ་མཚན་ཉིད་འཛིན།     ཕ་རོལ་དམག་གི་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།     རྫུ་འཕྲུལ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    ཅིར་ཡང་སྤྲུལ་པའི་མཚན་ཉིད་འཛིན།    རྣམ་པར་རྟོག་པའི་དགྲ་ཚོགས་ནི།    གང་གིས་འཇིག་པར་མེད་(མི་)འགྱུར་པས།     ལྟ་བ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    ཡེ་ནས་རྟོགས་པའི་མཚན་ཉིད་འཛིན།    ལེ་ལོ་བཏང་སྙོམས་དགྲ་ཚོགས་ནི།    གང་གིས་འཇིག་པར་མི་འགྱུར་བས།  བརྩོན་འགྲུས་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།     མྱུར་དུ་གྲུབ་པའི་མཚན་ཉིད་འཛིན།    བྱུང་ཚོར་དགྲ་ཚོགས་ཐམས་ཅད་ནི།    གང་གིས་འཇིག་པར་མི་འགྱུར་བས།    བཟོད་པ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐབ་པ་ནི།    སྡུག་བསྔལ་མེད་པའི་མཚན་ཉིད་འཛིན།     ཉོན་མོངས་དགྲ་ཚོགས་ཐམས་ཅད་ནི།    གང་གིས་འཇིག་པར་མི་འགྱུར་བས།     ཐུགས་རྗེ་ཆེན་པོའི་སྟོབས་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    དཔག་ཏུ་མེད་པའི་མཚན་ཉིད་འཛིན།     སེར་སྣའི་དགྲ་ཚོགས་ཐམས་ཅད་ནི།    གང་གིས་འཇིག་པར་མི་འགྱུར་པས།    སྦྱིན་པ་ཆེན་པོའི་སྟོན་ཆེན་གྱིས།    བླ་མེད་འབྲས་བུ་ཐོབ་པ་ནི།    ཡོངས་སུ་གཏོང་བའི་མཚན་ཉིད་འཛིན་”།     ཞེས་པ་འདིས་མཐོང་ལམ་གྱི་སྐོར་རྒྱས་པར་བསྟན་ཡོད་པས་སོ།    ཡང་ལུང་དེ་ཉིད་ལས་“ཐ་རུད་(ཡུད་)ལྒྱུམ་ད་(སྣི་)གྱད་ནི།    ཐར་པའི་ལམ་བརྒྱད་མཚན་ཉིད་སྟོན།    འཁོར་བ་དྲུག་དང་ངན་སོང་གསུམ།     དེ་ལ་ཐར་པའི་ལམ་རྟོགས་པས།     བླ་མེད་འབྲས་བུ་ཐོབ་པ་ནི།     སྡུག་བསྔལ་གཏན་སྤང་བདེ་ལྡན་གྲུབ།    མི་དང་ལྷ་ཡི་ལམ་རྟོགས་གསལ།     མཚན་ཉིད་དེ་བཞིན་གསལ་བར་འཛིན།    སྡུག་བསྔལ་གསུམ་དང་འདུ་འཛིན་བཞི།     དེ་ལ་ཐར་པའི་ལམ་རྟོགས་པས།    བླ་མེད་འབྲས་བུ་ཐོབ་པ་ནི།     འཁོར་ཆགས་མེད་པའི་ལམ་རྟོགས་གསལ།    མཚན་ཉིད་དེ་བཞིན་གསལ་བར་འཛིན།    འཁྲུལ་པ་བཞི་དང་ལོ་པ་བརྒྱད།    དེ་ལ་ཐར་པའི་ལམ་རྟོགས་པས།    བླ་མེད་འབྲས་བུ་ཐོབ་པ་ནི།    བསླུ་བ་མེད་པའི་ལམ་རྟོགས་པས།     མཚན་ཉིད་དེ་བཞིན་གསལ་བར་འཛིན།     བག་ཆགས་གསུམ་དང་སྒྲིབ་པ་གཉིས།    དེ་ལ་ཐར་པའི་ལམ་རྟོགས་པས།    བླ་མེད་འབྲས་བུ་ཐོབ་པ་ནི།     བགྲོད་པ་མེད་པའི་ལམ་རྟོགས་གསལ།    མཚན་ཉིད་དེ་བཞིན་གསལ་བར་འཛིན།    ཀུན་འབྱུང་དྲུག་དང་རྟོག་འཛིན་གཉིས།     དེ་ལ་ཐར་པའི་ལམ་རྟོགས་པས།    བླ་མེད་འབྲས་བུ་ཐོབ་པ་ནི།    གཡང་ས་མེད་པའི་ལམ་རྟོགས་གསལ།     མཚན་ཉིད་དེ་བཞིན་འཛིན་པའོ།    མི་ཁོམས་བརྒྱད་དང་ལྟུང་ས་བཞི།    དེ་ལ་ཐར་པའི་ལམ་རྟོགས་པས།     དལ་འབྱོར་གནས་ལམ་མ་བགྲོད་པས།     མཚན་ཉིད་དེ་བཞིན་གསལ་བར་འཛིན།     མ་རིག་ཉིད་དང་མུན་པ་བཞི།    དེ་ལ་ཐར་པའི་ལམ་རྟོགས་གསལ།    བླ་མེད་འབྲས་བུ་ཐོབ་པ་ནི།     སྒྲིབ་པ་མེད་གསལ་ཀུན་རྟོགས་ལ།   མཚན་ཉིད་དེ་བཞིན་གསལ་བར་འཛིན།     བྱུང་ཚོར་གཉིས་དང་འགོགས་བྲལ་གསུམ།    དེ་ལྟར་ཐར་པའི་ལམ་རྟོགས་གསལ།    བླ་མེད་འབྲས་བུ་ཐོབ་པ་ནི།     བར་ཆད་མེད་གསལ་ཀུན་རྟོགས་ལམ།    མཚན་ཉིད་དེ་བཞིན་གསལ་བར་འཛིན་”།     ཞེས་པ་འདིས་སྒོམ་ལམ་གྱི་སྐོར་བསྟན་ཡོད་པའོ།    ཡང་ཞེས་གསུངས་པ་དེ་དག་གི་ཚིག་འགྲེལ་སོགས་ཀྱི་སྐོར་ལ་མཁྱེན་འདོད་ན་༧རྗེ་བདག་ཉིད་ཆེན་མོས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེའི་>ཤོག་ངོས་(308ནས་320)བར་གསལ་ཡོད་པས་དེར་གཟིགས་པར་མཛོད།     ཟུར་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ་གོང་གི་གཞུང་ཚིག་དེ་དག་གིས་བསྟན་དོན་ལམ་གྱི་རྟོགས་པ་ལ་སྦྱར་ཚུལ་དེ་ཡང་༧སྤྱན་ལྡན་ཆེན་མོས་མཛད་པའི་<སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་>ལས་གསུངས་པའི་དགོངས་དོན་ལྟར་བཀོད་པའོ།     ཡང་ལམ་དང་འབྲེལ་བ་ཡོད་པའི་མཛོད་གནས་གཞན་མང་དུ་ཡོད་ཀྱང་དེ་རེ་རེ་བཞིན་བགྲངས་བ་ལ་ཡིག་ཚོགས་མང་བར་འགྱུར་བ་དང་གོང་དེས་ལམ་གྱི་སྐོར་ཆ་ཚང་བར་བསྟན་ཡོད་པས་དེ་ལྟར་འགྲིག་པར་སྣང་བས་རེས་ཞིག་ལམ་གྱི་སྐོར་དེ་ཙམ་མོ། །     གསུམ་པ་འབྲས་བུའི་སྐོར་ལ་<སྲིད་པའི་མཛོད་ཕུགས་>ལས་མཛོད་གནས་བཞི་པའི་སྐབས་སུ་རྒྱས་པར་བསྟན་ཡོད་ཀྱང་བསྡུས་ན་འདི་ལྟ་སྟེ།   “ཧ་ར་ཕྱོ་སང་ང་དྲུག་ནི།     གསལ་བ་ཡེ་ཤེས་ལྔ་ཡི་མཛོད་”།     ཅེས་གསུངས་པ་དེའི་འགྲེལ་ནི་༧བོན་གྱི་སྤྱན་ལྡན་ཆེན་མོས་མཛད་པའི་<མཛོད་འགྲེལ་>ལས་“དེ་ལ་གསུམ་སྟེ།     རྒྱུ་དང་རང་བཞིན་དགོས་པའོ།     ས་བཅད་དེ་གསུམ་ལས་འཕྲོས་པའི་བསྟན་དོན་དག་མདོར་བསྡུས་ན་ཡེ་ཤེས་ལྔར་འདུས་ཡོད་པས་དེ་རེ་རེའི་མཚན་ཉིན་ནི།     དང་པོ་སྟོང་ཉིད་ཡེ་ཤེས་ཀྱི་མཚན་ཉིད་ནི།     བོན་ཐམས་ཅད་བདག་མཐའ་དག་གིས་དབེན་པར་གསལ་བར་མཁྱེན་པའོ།    ཞེས་དང་།     གཉིས་པ་མེ་ལོང་ཡེ་ཤེས་ཀྱི་མཚན་ཉིད་ནི།     བོན་ཐམས་ཅད་གསལ་ལ་རང་བཞིན་མེད་པར་གསལ་བར་མཁྱེན་པའོ།    གསུམ་པ་མཉམ་ཉིད་ཡེ་ཤེས་ཀྱི་མཚན་ཉིད་ནི།     བོན་ཐམས་ཅད་གཉིས་མེད་དུ་གསལ་བར་མཁྱེན་པའོ།     བཞི་པ་སོ་སོར་ཡེ་ཤེས་ཀྱི་མཚན་ཉིད་ནི།     བོན་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བར་མཁྱེན་པའོ།     ལྔ་པ་བྱ་ནན་ཡེ་ཤེས་ཀྱི་མཚན་ཉིད་ནི།     གཞན་དོན་རྩོལ་མེད་ལྷུན་གྲུབ་གསལ་བར་མཁྱེན་པའོ་”།     ཞེས་འགྲེལ་དེ་ཉིད་ལས་གསུངས་པའི་མཚན་ཉིད་དེའོ།      ཡང་མཛོད་གནས་འདིས་ཀྱང་མཐར་ཐུག་གི་འབྲས་བུ་སྤངས་རྟོགས་གཉིས་ལས་རྟོགས་པའི་ཚོགས་གཙོ་བོར་བསྟན་ཡོད་པར་སྣང་ངོ་།     ཡང་དེ་དང་འབྲེལ་བ་ཡོད་པ་ཅན་<སྲིད་པའི་མཛོད་ཕུགས་>ལས་གནས་བཅུ་གསུམ་པའི་སྐབས་སུ་ཡང་གསུངས་ཡོད་པས་ཏེ།    “ཐ་ཅེ་དེ་རྒྱུའི་བིང་ང་ནི།    རྟོགས་པ་ཆེན་པོའི་ལྟ་བ་ནི།    བཞི་ཡི་མཚན་ཉིད་དེ་བཞིན་སྟོན།     རྣམ་རྟོག་ལས་འདས་མཁྱེན་པ་ཡི།     རྟོགས་པར་ལྟ་བའི་མཚན་ཉིད་ནི།    རྟག་ལ་མི་སྤྱོད་མཚན་ཉིད་འཛིན།    གསལ་ལ་འཛིན་ཆགས་མེད་མཁྱེན་པའི།    རྟོགས་ཆེན་ལྟ་བའི་མཚན་ཉིད་ནི།    མཁྱེན་ལ་མི་རྟོགས་མཚན་ཉིད་འཛིན།    སྣང་སྲིད་མ་སྤོང་ཀུན་མཁྱེན་པའི།    རྟོགས་པར་ལྟ་བའི་མཚན་ཉིད་ནི།    འདོད་སྤྱོད་ཀུན་རྟོགས་མཚན་ཉིད་འཛིན།     དབྱིངས་དང་ཡེ་ཤེས་མ་འགགས་མཁྱེན།    རྟོགས་པར་ལྟ་བའི་མཚན་ཉིད་ནི།    མི་གཡོ་ཡེ་རྟོགས་མཚན་ཉིད་འཛིན།    མུ་པུར་མ་མིག་སུམ་པའི་གྱིན།    བསྲུང་དུ་མེད་པའི་དམ་ཚིག་ནི།   གསུམ་གྱི་མཚན་ཉིད་བསྟན་པར་བྱས།    བླང་དོར་མེད་པར་མཁྱེན་པ་ཡི།    ཡེ་བསྲུང་དམ་ཚིག་མཚན་ཉིད་ནི།    བྱ་རྩལ་ཡོངས་བྲལ་མཚན་ཉིད་འཛིན།    བདག་དང་གཞན་དུ་མི་འཛིན་པའི།   ཡེ་སྲུང་དམ་ཚིག་མཚན་ཉིད་འཛིན།   ཀུན་བཟང་ངང་གི་མཚན་ཉིད་འཛིན།    མི་གཡོ་ངང་ལ་གནས་མཁྱེན་པའི།    ཡེ་སྲུང་དམ་ཚིག་མཚན་ཉིད་ནི།    ཅིར་ཡང་མ་བཅོས་མཚན་ཉིད་འཛིན།    དེ་ལྷོད་པུར་ཅི་པིང་ང་ནི།    ལྷུན་གྱིས་གྲུབ་པའི་འཕྲིན་ལས་ནི།   བཞི་ཡི་མཚན་ཉིད་བསྟན་པར་བྱ།    མ་རྩལ་ལྷུན་གྱིས་གྲུབ་པ་ཡི།    དེ་བཞིན་འཕྲིན་ལས་མཚན་ཉིད་ནི།    བྱ་བ་བྱས་པའི་མཚན་ཉིད་འཛིན།    རང་བཞིན་རྣམ་དག་ལྷུན་གྲུབ་པའི།    དེ་བཞིན་ཕྲིན་ལས་མཚན་ཉིད་ནི།    བག་ཆགས་མེད་པའི་མཚན་ཉིད་འཛིན།     དབང་དང་ལྡན་པ་ལྷུན་གྲུབ་པའི།    དེ་བཞིན་ཕྲིན་ལས་མཚན་ཉིད་ནི།    འཁོར་ལོ་བསྒྱུར་བའི་མཚན་ཉིད་འཛིན།    ཟབ་མོ་ལྟ་བུ་ལྷུན་གྲུབ་པའི།    དེ་བཞིན་འཕྲིན་ལས་མཚན་ཉིད་ནི།    ཡོངས་སུ་རྫོགས་པའི་མཚན་ཉིད་འཛིན།    ཀྱོ་མིན་ཀར་ནི་ཟིང་ང་གྱིན། རྣམ་པར་དག་པའི་སྤྱོད་པ་ནི།    བཞི་ཡི་མཚན་ཉིད་བསྟན་པར་བྱ།    ཐབས་ཀྱི་མ་ཆགས་སྤྱོད་པ་ཡི།    རྣམ་པར་དག་པའི་སྤྱོད་པ་ནི།     འཛིན་ཆགས་མེད་པའི་མཚན་ཉིད་འཛིན།     དལ་འབྱོར་ཡིད་མི་གཡོ་བ་ཡི།     སྤྱོད་པ་རྣམ་དག་མཚན་ཉིད་ནི།    ངང་ལ་མ་བཅོས་མཚན་ཉིད་འཛིན།     མཚན་མ་ཅིར་ཡང་མི་སྤྱོད་པའི།     རྣམ་པར་སྤྱོད་པའི་མཚན་ཉིད་ནི།    སྦྱོང་དུ་མེད་དག་མཚན་ཉིད་འཛིན།    རང་བཞིན་ཅིར་ཡང་མ་བཅོས་པའི།    རྣམ་པར་དག་པའི་མཚན་ཉིད་ ནི།     དེ་བཞིན་ཉིད་ཀྱི་མཚན་ཉིད་འཛིན།    ཏིང་པ་(ཏི་ལ་)དུ་ཡུང་བི་ང་ནི།     ལེགས་པར་འབྱུང་བའི་ཡོན་ཏན་ལ། བཞི་ཡི་མཚན་ཉིད་དེ་བཞིན་སྟོན།    ཐམས་ཅད་ཡོངས་སུ་མ་སྟོང་པར།     ལེགས་པར་འབྱུང་བའི་ཡོན་ཏན་ནི།     རིན་ཆེན་འོད་ཀྱི་མཚན་ཉིད་འཛིན།     ཐམས་ཅད་ཡོངས་སུ་མ་སྤང་པས།    ལེགས་པར་འབྱུང་བའི་ཡོན་ཏན་ནི།     བཏང་བྲལ་མེད་པའི་མཚན་ཉིད་འཛིན།    ཐམས་ཅད་ཡོངས་གསལ་མ་འགགས་པར།     ལེགས་པར་འབྱུང་བའི་ཡོན་ཏན་ནི། ཐམས་ཅད་ཀུན་བསྐྱེད་མཚན་ཉིད་འཛིན།     ཐམས་ཅད་ཡོངས་སུ་མ་སྒྲིབ་པར།    ལེགས་པར་འབྱུང་བའི་ཡོན་ཏན་ནི། ཀུན་ལ་གསལ་སྟོན་མཚན་ཉིད་འཛིན།    ཉི་ཞི་ཏུ་གིང་བི་ང་ནི།    སྙོམ་པར་གནས་པའི་ངང་ཉིད་ནི།     བཞི་ཡིས་མཚན་ཉིད་བསྟན་པར་བྱས།     སྐྱེ་བ་མེད་པའི་དབྱིངས་ཉིད་ལ།     སྙོམ་པར་གནས་པའི་ངང་ཉིད་ནི།     རྒྱུ་མེད་དག་པའི་མཚན་ཉིད་འཛིན།     བདེ་བ་ཆེན་པོའི་ཕོ་བྲང་ནས།    སྙོམ་པར་གནས་པའི་ངང་ཉིད་ནི།    མི་གཡོ་རྫོགས་པའི་མཚན་ཉིད་འཛིན།     ཀུན་དུ་གསལ་བའི་འོད་དབུས་ནས།     སྙོམ་པར་གནས་པའི་ངང་ཉིད་ནི།     གསལ་ལ་མི་རྟོག་མཚན་ཉིད་འཛིན།      ཐུགས་རྗེ་ཆེན་པོའི་རྒྱུན་ཐགས་ལ།     སྙོམ་པར་གནས་པའི་ངང་ཉིད་ནི།     མཐར་མི་འཆད་པའི་མཚན་ཉིད་འཛིན།     མུ་ཁྱུང་པྲ་ཕུད་བིང་ང་ནི།    འགྱུར་བ་མེད་པའི་སྐུ་བཞི་ནི།    མཚན་ཉིད་དེ་བཞིན་བསྟན་པར་བྱ།     གསལ་ལ་ཡོངས་སུ་ཁྱབ་པ་ཡི།    འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི།    རྟག་ཏུ་གནས་པའི་མཚན་ཉིད་འཛིན།     གཡུང་དྲུང་ལྷུན་ལ་གནས་པ་ཡི།     འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི།     ཅིས་ཀྱང་མི་འཇིགས་མཚན་ཉིད་འཛིན།    དེ་བཞིན་སྲོག་མེད་གཡུང་དྲུང་གིས།    འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི།    བདུད་མེད་ལྷ་ཡི་མཚན་ཉིད་འཛིན།    བདེ་ཆེན་བོན་ལ་ཐིམ་པ་ཡི།     འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི།    ངང་གིས་གནས་པའི་མཚན་ཉིད་འཛིན།     མུ་ཡེ་གླང་ཆེན་བི་ང་ནི། རང་བཞིན་མེད་པར་གསུང་བཞི་ཡི།     མཚན་ཉིད་དེ་བཞིན་བསྟན་པར་བྱ།     སྤྲོས་པ་ཐམས་ཅད་དང་བྲལ་ཞིང་།   རང་བཞིན་མེད་གསུང་མཚན་ཉིད་ནི།     བྱིན་གྱིས་རླབས་སྟོན་མཚན་ཉིད་འཛིན།     མཐར་གྱི་མ་འགགས་གནས་པ་ཡི། རང་བཞིན་མེད་གསུང་མཚན་ཉིད་ནི།     དངོས་མེད་ཡོངས་ཁྱབ་མཚན་ཉིད་འཛིན།     སྣང་སྲིད་ཡོངས་སུ་གྲགས་པ་ཡི། རང་བཞིན་མེད་གསུང་མཚན་ཉིད་ནི།    ཟག་མེད་ཀུན་ཁྱབ་མཚན་ཉིད་འཛིན།    དེ་ཉིད་འདུ་འབྲལ་མེད་པ་ཡི།    རང་བཞིན་མེད་གསུང་མཚན་ཉིད་ནི།     གཉིས་སུ་མི་རྟོག་མཚན་ཉིད་འཛིན།     མུ་ནེ་ཤེ་ཐུན་བིང་ང་ནི།     མཉམ་ཉིད་འཁྲུལ་བ་མེད་པ་ཡི།     ཐུགས་རྗེ་བཞི་ཡི་མཚན་ཉིད་སྟོན།     མི་མཉམ་སྙོམ་མཁྱེན་རྗེས་མི་རྟོག     མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི།    བདེ་ཆེན་ཀུན་གསལ་མཚན་ཉིད་འཛིན།     མི་འཁྲུལ་སོ་སོའི་རྗེས་མི་རྟོག    མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི།     གཉིས་མེད་དོན་རྟོགས་མཙན་ཉིད་འཛིན།     མི་སྐྱེ་མི་འགགས་རྗེས་མི་རྟོག    མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི།     འབྲས་བུ་ཡེ་དག་མཚན་ཉིད་འཛིན།     རིག་པ་རྡེང་(གདེང་)གྱུར་རྗེས་མི་རྟོག     མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི།    ཅི་ལ་མི་སྤྱོད་མཚན་ཉིད་འཛིན།     ཏ་ཀྱོ་ཧ་ར་ཏི་ཀ་ནི།    རྣམ་པ་ཐམས་ཅད་མཁྱེན་པ་ཡི། ཡེ་ཤེས་ཉིད་ཀྱི་མཚན་ཉིད་ནི།     ཀུན་གསལ་དོན་རྟོགས་མཚན་ཉིད་འཛིན།     མུ་ཡེ་དེ་རུན་ཏིག་ཏི་ནི།     བླ་མེད་འབྲས་བུའི་མཚན་ཉིད་ནི།    དེ་ཉིད་མ་བཅོས་མཚན་ཉིད་འཛིན་”།     ཞེས་པ་འདིས་སངས་རྒྱས་ཀྱི་ཡོན་ཏན་འབྲས་རྟགས་བཅུ་གཅིག་བསྟན་ཡོད་པའོ།     ཡང་དེ་དག་གི་འགྲེལ་ནི་༧རྗེ་རིན་པོ་ཆེས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེའི་>ཤོག་ངོས་(335ནས་342བར་གསལ་ཡོད་དེར་གཟིགས་པར་འཚལ། །    སྐབས་འདིར་དེ་ལས་འཕྲོས་ཏེ་བསམ་ཚུལ་ཞིག་ནི་གུས་པས་བཀའ་སྲིད་པའི་མཛོད་ཕུགས་ལས་དངོས་སུ་བསྟན་པའི་གཞི་ལམ་འབྲས་གསུམ་དེ་དག་ནི་མཛོད་གནས་གང་གིས་སྐབས་སྟོན་ཡོད་མེད་གོང་གི་ལུང་དྲངས་བ་བཞིན་དང་དེ་ཡང་ཐེག་པ་གང་གི་ལུགས་ཀྱི་གཞི་ལམ་འབྲས་གསུམ་དུ་ངོ་འཛིན་ཞུ་དགོས་མིན་ཐད་མཐའ་དཔྱོད་འདྲ་དམིགས་གསལ་གོ་བདེ་བ་ཞིག་མཇལ་རྒྱུར་བྱུང་མེད་ཀྱང་གོང་གི་གཞུང་འགྲེལ་རྣམས་ལས་གསུངས་པ་དེ་ལ་གཞིགས་ན་དངོས་སུ་བསྟན་པ་དེ་ཐེག་པ་ཆེན་པོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཞིག་ཏུ་ངོས་འཛིན་ཞུས་ན་མི་འགྲིག་པ་མེད་སྙམ།    ཡིན་ཡང་དཔྱད་གལ་ཆེའོ།

བཅུ་བདུན་པ་ཆོས་མངོན་པ་མཛོད་ལས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་བསྟན་ཡོད་པ།

དང་པོ་གཞིའི་རྣམ་བཞག་དང་འབྲེལ་ཡོད་ཅིག་མཛོད་གནས་དང་པོའི་སྐབས་སུ་ཡོད་དེ་<ཆོས་མངོན་པའི་མཛོད་>ཀྱི་གནས་དང་པོའི་སྐབས་སུ་“བསྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་”ཞེས་པ་དང་།     གཞུང་ཚིག་དེའི་འགྲེལ་ནི་མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་<མཛོད་འགྲེལ་མངོན་པའི་རྒྱན་>ལྟར་ན་“བདག་གཞན་ལ་གནོད་པས་འཐབ་པ་ཉོན་མོངས་པ་དང་བཅས་པ་དང་།   འདུ་བྱེད་ཀྱི་སྡུག་བསྔལ་གྱིས་འཕགས་པ་རྣམས་དང་མི་མཐུན་ཞིང་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བ་དང་།     རྒྱུར་གྱུར་པའི་(ཟག་བཅས་ཀྱི་)ཕུང་པོ་རྣམས་ནི་ཀུན་འབྱུང་ཡིན་ལ་འབྲས་བུར་གྱུར་པའི་(ཟག་བཅས་ཀྱི།)ཕུང་པོ་རྣམས་ནི་སྡུག་བསྔལ་ཡིན་པས་རྒྱུར་གྱུར་པ་འདི་ལས་འབྲས་བུར་གྱུར་པའི་སྡུག་བསྔལ་མ་ལུས་ཀུན་འབྱུང་བ་དང་།    འཇིག་པ་དང་ལྡན་པ་དང་།      ཞེས་གསུངས་པ་དང་།     ཡང་གཞི་དང་འབྲེལ་བ་ཡོད་པ་མཛོད་གནས་དྲུག་པའི་སྐབས་སུ་ཡོད་དེ།    <ཆོས་མངོན་པའི་མཛོད་>ལས་“བདེན་པ་དག་ནི་བཞི་བཤད་དོ།     སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ།     འགོག་དང་ལམ་སྟེ་དེ་ལྟར་ན་”།    ཞེས་པའི་འགྲེལ་ནི་སྔར་ལྟར་ཡིན་ཞེས་གསུངས་ཡོད།     ཡང་མཛོད་གནས་དེ་ཉིད་ཀྱི་སྐབས་སུ་“གང་ལ་བཅོམ་དང་བློ་ཡིས་གཞན།     བསལ་ན་དེ་བློ་མི་འཇུག་པ།    བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ།    ཡོད་དེ་དོན་དམ་ཡོད་གཞན་ནོ་”།      ཞེས་པ་དེའི་འགྲེལ་ནི་རྒྱལ་བ་དགེ་འདུན་འགྲུབ་ཀྱིས་མཛད་པའི་<ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>ལས་“གང་ལ་བཅོམ་པ་དང་བློ་ཆོས་གཞན་སོ་སོར་བ་ན།     དེར་འཛིན་བློ་མི་འཇུག་པ་ནི་བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ་ཡོད་དོ།     དེ་ཡང་བཅོམ་པས་དེར་འཛིན་གྱི་བློ་མི་འཇུག་པ་ནི་བུམ་པ་ལྟ་བུ་ཡིན་ཏེ།    དེ་ཐོ་བས་བཅོམ་པ་ན་བུམ་འཛིན་གྱི་བློ་འདོར་བའི་ཕྱིར།     བློ་ཆོས་གཞན་སོ་སོར་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་ནི་ཆུ་ལྟ་བུ་ཡིན་ཏེ།     ཆུ་དེའི་སྟེང་དུ་བློས་གཟུགས་དྲི་ལ་སོགས་པའི་ཆོས་གཞན་སོ་སོར་བསལ་བ་ན་ཆུར་འཛིན་གྱི་བློ་འདོར་བའི་ཕྱིར།     གང་ལ་བཅོམ་པ་དང་བློ་ཆོས་གཞན་སོ་སོར་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་ལས་གཞན་ནི་དོན་དམ་པར་ཡོད་པ་ཡིན་ཏེ།    དཔེར་ན་གཟུགས་ཀྱི་རྡུལ་ཕྲ་རབ་དང་།     འདུས་མ་བྱས་ལྟ་བུའོ་”།     ཞེས་གསུངས་པས་སོ།     ཡང་ཆོས་མངོན་པའི་མཛོད་འདི་ལས་གཞིའི་སྐོར་བདེན་པ་བཞི་དང་འབྲེལ་ནས་བཤད་དགོས་སྟབས་དེ་དང་འབྲེལ་བ་ཅན་མཛོད་གནས་གཞན་དུ་མང་དུ་མཆིས་ཀྱང་རེ་ཞིག་དེ་ཙམ་མོ།    གཉིས་པ་ལམ་གྱི་སྐོར་མཛོད་གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་སྐབས་སུ་ཡོད་དེ།     ཆོས་མངོན་པའི་མཛོད་ཀྱི་འགྲེལ་<མཆིམས་མཛོད་>ལས་“རྒྱས་པར་བཤད་པ་ལ་ཚོགས་ལམ་དང་།    སྦྱོར་ལམ་དང་།     མཐོང་ལམ་གསུམ་ལས་དང་པོ་ལ།      ཚོགས་ལམ་”ཞེས་པས་ས་བཅད་བསྟན་ནས།      ཡང་<ཆོས་མངོན་པའི་མཛོད་>ལས་“གཞི་གནས་གྲུབ་པར་གྱུར་པ་ཡིས།    དྲན་པ་ཉེར་གཞག་བསྒོམ་པར་བྱ།     ལུས་ཚོར་སེམས་དང་ཆོས་རྣམས་ལ།     མཚན་ཉིད་གཉིས་སུ་ཡོངས་བརྟགས་པས།     ཤེས་རབ་ཐོས་བསམ་ལ་བྱུང་བའོ།    གཞན་ནི་འབྲེལ་དང་དམིགས་པ་ལས།    རིམ་ནི་ཇི་ལྟར་སྐྱེ་བ་བཞིན།     ཕྱིན་ཅི་ལོག་གི་གཉེན་པོར་བཞི།    དེ་ནི་ཆོས་དྲན་ཉེར་གཞག་པ།    སྤྱི་ལ་དམིགས་ཏེ་ལ་གནས་ཏེ།     དེ་དག་ལ་ནི་མི་རྟག་དང་།    སྡུག་བསྔལ་སྟོང་བདག་མེད་པར་བལྟ་”།    ཞེས་གསུངས་པ་དེ་དག་གི་ཚིག་འགྲེལ་སྐོར་མཁྱེན་འདོད་ན་སྔར་གྱི་<མཆིམས་མཛོད་>ལས་རྒྱས་པར་གསུངས་ཡོད་པས་པས་དེར་གཟིགས་པར་ཞུ།     འདིར་ཚིག་འགྲེལ་རེ་རེ་བཞིན་འགོད་བ་ལ་ཡིག་ཚོགས་ཆེས་མང་བ་འགྱུར་བས་རེ་ཞིག་ཚོགས་སྐོར་དེ་ཙམ་མོ། །   གཉིས་པ་སྦྱོར་བའི་ལམ་ནི།     གོང་གི་མཛོད་རྩ་བ་དེ་ཉིད་ལས་“དེ་ལས་དྲོ་བར་གྱུར་པ་འབྱུང་འབྱུང་།     དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན།     རྣམ་པ་བཅུ་དྲུག་དྲོ་བ་ལས།    རྩེ་མོ་དེ་ཡང་དེ་དང་འདྲ།     གཉིས་ཀ་ཆོས་ཀྱིས་རྣམ་པ་གཏོད།     གཞན་དག་གིས་ཀྱང་འཕེལ་བར་བྱེད།     དེ་ལས་བཟོད་པ་གཉིས་དེ་བཞིན།     ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད།     ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ།     དེ་ནི་སྐད་ཅིག་གཅིག་དེ་བཞིན།    ཆོས་མཆོག་”ཅེས་གསུངས་པའི་འགྲེལ་ནི་གོང་གི་འགྲེལ་ལ་གཟིགས་རྟོགས་གནང་བ་འཚལ།    གསུམ་པ་མཐོང་བའི་བཤད་པ་ནི།    ཡང་<ཆོས་མངོན་པའི་མཛོད་>ལས་“འཇིག་རྟེན་པ་ཡི་ཆོས་མཆོག་ལས།     ཆོས་ཀྱི་བཟོད་པ་ཟག་པ་མེད།    འདོད་སྡུག་བསྔལ་ལ་དེ་ནས་ནི།     དེ་ཉིད་ལ་ཆོས་ཤེས་དེ་བཞིན།     སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས།     བདེན་པ་གསུམ་ལའང་དེ་བཞིན་ནོ།     དེ་ལྟར་བདེན་པ་མངོན་རྟོགས་འདི།     སེམས་བཅུ་དྲུག་གོ་རྣམ་གསུམ་སྟེ།    མཐོང་དམིགས་བྱ་བ་ཞེས་བྱ་བའོ།     དེ་ནི་ཆོས་མཆོག་ས་དང་གཅིག    བཟོད་དང་ཤེས་པ་གོ་རིམ་བཞིན།    བར་ཆད་མེད་དང་རྣམ་གྲོལ་ལམ།   དེ་ལ་སྐད་ཅིག་བཅོ་ལྔ་ནི།    མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་”།     ཞེས་གསུངས་པའི་འགྲེལ་ནི་གོང་ཞུས་འགྲེལ་ལ་གཟིགས་གནང་འཚལ།      འདིར་ཟུར་བཤད་ཞུ་དགོས་པ་ཞིག་ལ་ལུགས་འདི་རུ་མཐོང་ལམ་ཡེ་ཤེས་སྐད་ཅིག་བཅུ་དྲུག་པ་ནི་བསྒོམ་ལམ་དུ་བཞེད་པས་ཏེ་<མཛོད་འགྲེལ་མངོན་པའི་རྒྱན་>གྱི་མཛོད་གནས་དྲུག་པའི་སྐབས་སུ་“བཅུ་དྲུག་པ་ནི་སྔ་མ་རྣམས་ཀྱིས་མཐོང་ཟིན་པའི་བདེན་པ་ལ་དམིགས་ནས་ལམ་གོམས་པར་བྱེད་པའི་ཕྱིར་སྒོམ་ལམ་ཡིན་ནོ་”།   ཞེས་དང་།     ཡང་དེ་བཞིན་དུ་<ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>ཀྱི་གནས་དྲུག་པའི་སྐབས་སུ་ཡང་“སྐད་ཅིག་མ་བཅུ་དྲུག་པ་ནི་སྒོམ་པའི་ལམ་ཡིན་ཏེ།    བདེན་པ་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ལམ་ཡིན་པའི་ཕྱིར་”།    ཞེས་གསུངས་པས་སོ།     སྒོམ་པའི་ལམ་སྟོན་བྱེད་ནི།   ༧སློབ་དཔོན་ཆེན་པོ་དབྱིགས་གཉེན་གྱིས་མཛད་པའི་<ཆོས་མངོན་པའི་མཛོད་>ལས་“བདེན་པ་མཐོང་དང་སྒོམ་པ་ལས།     ཉོན་མོངས་སྤངས་པ་ཞེས་བཤད་པ།     སྒོམ་པའི་ལམ་ནི་རྣམ་གཉིས་ཏེ་”།    ཞེས་གསུངས་པའི་འགྲེལ་ནི་<མཆིམས་མཛོད་>ལས་“བདེན་པ་མཐོང་བ་དང་མཐོང་དོན་བསྒོམས་པ་ལས་མཐོང་སྒོམ་གྱི་སྤང་བྱ་ཉོན་མོངས་པ་རྣམས་སྤངས་པའམ་སྤོང་ངོ་ཞེས་བཤད་གཉེན་པོ་མཐོང་སྒོམ་གྱི་ལམ་དེ་དག་ཉིད་ཟག་བཅས་ཟག་མེད་གང་ཡིན་ཞེ་ན།     བསྒོམ་པའི་ལམ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཡིན་ཏེ།    འཇིག་རྟེན་པའི་སྒོམ་ལམ་ཟག་བཅས་ཀྱི་བསམ་གཏན་གཟུགས་མེད་པ་ལ་ཟག་པ་རྒྱས་པར་འགྱུར་བའི་ཕྱིར་དང་།      འཇིག་རྟེན་ལས་འདས་པའི་སྒོམ་ལམ་བདེན་པའི་རྣམ་པ་ཅན་བདེན་པ་མཐོང་དོན་གོམས་པར་བྱེད་པ་ལ་ཟག་པ་རྒྱས་པ་མེད་པའི་ཕྱིར་རོ་”།      ཞེས་གསུངས་སོ།      འདི་ཡན་ལམ་གྱི་སྐོར་ཡོངས་རྩ་འགྲེལ་གཉིས་ཀྱི་མཛོད་གནས་དྲུག་པའི་སྐབས་སུ་གསལ་ཡོད་པ་ལྟར་རོ།    ཡང་དེ་དང་འབྲེལ་བ་ཡོད་པའི་མཛོད་གནས་གཞན་ཕྲ་རྒྱས་ཀྱི་གནས་དང་ཡེ་ཤེས་ཀྱི་མཛོད་གནས་གཉིས་ཀྱི་ནང་དུ་གསུངས་ཡོད་ཀྱང་འདིར་ལུང་ཚིག་དེ་དག་དྲངས་བ་ལ་ཡིག་ཚོགས་མང་བ་འགྱུར་བས་གནས་སྐབས་ལམ་གྱི་སྐོར་ལ་དེ་ཙམ་མོ།  །     གསུམ་པ་འབྲས་བུའི་སྐོར་རྒྱས་པ་ནི་མཛོད་གནས་བདུན་པ་ཡེ་ཤེས་སྐབས་སུ་བསྟན་ཡོད་པས་ཏེ།     མཛོད་རྩ་ <ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་>ལས་“སངས་རྒྱས་ཆོས་ནི་མ་འདྲེས་པ།     སྟོབས་ལ་སོགས་པ་བཅོ་བརྒྱད་དོ།     གནས་དང་གནས་མིན་ཤེས་པ་བཅུ།    ལས་འབྲས་ལ་བརྒྱད་བསམ་གཏན་སོགས།     དབང་པོ་མོས་དང་ཁམས་ལ་ནི།     དགུའོ་ལས་དག་ལ་བཅུའམ།    གཉིས་ནི་ཀུན་རྫོབ་ཤེས་པ་ཡིན།     ཟད་པ་དྲུག་གམ་བཅུ་ཡིན་ནོ།     སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས།    བསམ་གཏན་དག་ན་ལྷག་མ་ནི།    ས་རྣམས་ཀུན་ནི་ཅི་ཡི་ཕྱིར།      འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ།     སྐུ་ལ་སྲེད་མེད་བུ་ཡི་སྟོབས། གཞན་དག་ཚིགས་ན་གླ་ཆེན་སོགས།     བདུན་བཅུས་གླགས་པའི་སྟོབས་ཡིན་ནོ།      དེ་ནི་རེག་བྱའི་སྐྱེ་མཆེད་དོ།      མི་འཇིགས་པ་ནི་རྣམ་པ་བཞི།     ཇི་ལྟར་སྟོབས་ནི་དང་པོ་དང་།     བཅུ་པ་གཉིས་པ་བདུན་པ་བཞིན།     དྲན་དང་ཤེས་བཞིན་བདག་ཉིད་གསུམ།     ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ།     ཚོགས་དང་རྣམ་པ་སྤྱོད་ཡུལ་དང་།     མཉམ་པའི་ཕྱིར་ཆེས་ཆེའི་ཕྱིར།    ཐ་དད་བྱ་བ་རྣམ་པ་བརྒྱད།     སངས་རྒྱས་ཐམས་ཅད་ཚོགས་དང་ནི།     ཆོས་སྐུ་འགྲོ་བའི་དོན་སྤྱོད་པས།     མཉམ་པ་ཉིད་དེ་སྐུ་ཚེ་དང་།     རིགས་དང་སྐུ་བོང་ཚོད་ཀྱིས་མིན་”།     ཞེས་སོགས་རྒྱ་ཆེར་གསུངས་ཡོད་པའོ། ཞེས་པ་དག་གི་འགྲེལ་ནི་གོང་མཚུངས་མཛོད་འགྲེལ་ལས་གསལ་ཡོད་པས་དེར་གཟིགས་པ་མཛོད།     ཡང་གཞན་མཛོད་གནས་གཉིས་པ་དབང་པོ་དང་དྲུག་པ་ལམ་དང་གང་ཟག་གི་མཛོད་གནས་གཉིས་ལས་ཀྱང་འབྲས་བུའི་སྐོར་ཕྲན་བུ་ཙམ་བསྟན་འདུག་པ་བཅས་སོ།     ཡང་གང་གི་གཞུང་འགྲེལ་དེ་གཉིས་ལས་དངོས་སུ་གསལ་བ་དག་ལ་གཞིགས་ན་དངོས་བསྟན་གྱིས་དབང་དུ་བྱས་ན་ཐེག་པ་དམན་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཏུ་ངོས་འཛིན་ཞུ་དགོས་པར་སྣང་ངོ་།     ཟུར་དུ་གསལ་བཤད་ཞུ་དགོས་པ་ཞིག་ནི་གུས་པ་བདག་གིས་ཆོས་མངོན་པའི་མཛོད་ལས་གཞི་ལམ་འབྲས་གསུམ་གྱི་སྐོར་བསྟན་ཚུལ་བྲིས་པ་དེ་ཡང་ཕྲན་རང་ཉིད་ཀྱིས་གཞུང་འགྲེལ་གཉིས་བལྟས་པའི་སྐབས་སུ་གོ་བ་ལེན་ཚུལ་གྱི་ཁ་ཕྱོགས་ཙམ་མ་ཡིན་པར་ཆོས་སྡེ་ཆེན་མོ་སེར་སྨད་དུ་སློབ་གཉེར་གནང་བཞིན་པའི་གྲོགས་ཐུབ་བསྟན་དབང་ཕྱུག་ལགས་ལ་ཡང་ཡང་བཀའ་འདྲི་ཞུས་པའི་ཐོག་ནས་བྲིས་པའི་ཁུལ་ཞིག་ཡིན་པ་ལགས་སོ། །

བཅོ་བརྒྱད་པ་སྲིད་པའི་མཛོད་ཕུགས་དང་ཆོས་མངོན་པའི་མཛོད་གཉིས་ལས་ཆེས་འདྲ་བའི་ཆ་གང་ཡོད་པ།

༧ རྒྱལ་བའི་བཀའ་གཞུང་<སྲིད་པའི་མཛོད་ཕུགས་>ལས་མཛོད་གནས་ལྔ་པ་(ཕྱི་སྣོད་)དང་དྲུག་པ་(ནང་གི་བཅུད་)ཀྱི་གནས་གཉིས་དང་།    དམ་པའི་<ཆོས་མངོན་པའི་མཛོད་>ལས་གནས་གསུམ་པ་(འཇིག་རྟེན་)བསྟན་པའི་གནས་བསྟན་དོན་ཕལ་ཆེར་འདྲ་བ་ཞིག་ཡིན་པ་སྣང་མོད་ཀྱང་།     དེ་ལས་ཆེས་འདྲ་བའི་གཞུང་ཚིག་ཁ་ཤས་དཔེ་མཚོན་ཙམ་དུ་ངེས་བདེ་བའི་ཆེད་དུ་གཤམ་དུ་བཀོད་ན།    དང་པོ་བོན་གྱི་<སྲིད་པའི་མཛོད་ཕུགས་>ཀྱི་གནས་ལྔ་པ་ལས།    “ད་ནི་སྣོད་ཀྱི་འཇིག་རྟེན་གྱི།    གནས་པ་ཀུན་གྱི་འོག་འདི་ན།    མཁའ་ལ་རླུང་གི་རྔམས་སུ་ནི།    ས་ཡ་དྲུག་འབུམ་གྲངས་མེད་དོ། ཆུ་རྔམས་འབུག་ཕྲག་བཅུ་གཅིག་དང་།    སྟོང་གི་ཕྲག་ནི་ཉི་ཤུའོ།    ཕྱི་ནི་རྔམས་སུ་འབུམ་ཕྲག་བརྒྱད།    ལྷག་མ་རིན་ཆེན་གསེར་དུ་འགྱུར།     ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི།    ཐད་ཀར་འབུམ་ཕྲག་བཅུ་གཉིས་སོ།    སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི།    ཕྱེད་དང་ལྔ་བརྒྱ་ཡོད་པར་འདོད།    འཁོར་ཡུག་དུ་ནི་གསུམ་གསུམ་འགྱུར།    དེ་བཞིན་ཀུན་ནི་མཉམ་པར་སྟོན་”།     ཞེས་པ་འདིས་རྟེན་གཞི་རླུང་གི་དཀྱིལ་འཁོར་དང་།    ས་ཆུའི་དཀྱིལ་འཁོར་བསྟན་པའོ།    ཡང་ལུང་དེ་ཉིད་ལས་“ དེ་ལ་ལྷུན་པོ་གཉའ་ཤིང་འཛིན།    ཐང་བཤོལ་འཛིན་དང་གསེར་གྱི་མདོག   བལྟ་ན་སྡུག་རི་རྟ་རྣ་འཛིན།    ཀུན་འདུད་མུ་ཁྱུད་འཛིན་དང་བདུན།     དེས་(དེ་)ཡི་ཕྱི་རོལ་ཁོར་ཡུག་གོ     བདུན་ནི་གསེར་རི་ཁོར་ཡུག་ལྕགས།    རི་རྒྱལ་ངོས་བཞི་རང་དུ་གནས།    ཆུ་ཡི་ནང་དུ་བརྒྱད་ཁྲི་ནུབ།     ཡར་ཀྱང་དེ་བཞིན་འཕགས་པ་ཡིན། དཔག་ཚད་དེ་ནི་བརྒྱད་ཁྲིད་ལ།     རི་བདུན་འཕང་དུ་ཕྱེད་ཕྱེད་བྲི།     རྔམས་སུ་འཕང་དང་མཉམ་པ་སྟེ་”།     ཞེས་པ་འདིས་འོག་ས་གཞིའི་དཀྱིལ་འཁོར་བརྟེན་པ།    རི་རབ་དང་རི་བདུན་གྱི་གནས་ལུགས་བསྟན་པས་སོ།     ཡང་དེ་ཉིད་ལས་“དེའི་བར་བདུན་རོལ་མཚོ་ཡིན།     དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ།     དེ་ནི་ནང་གི་མཚོ་ཡིན་ནོ།     དེ་ཡི་ངོས་ལ་ གསུམ་དུ་(སུམ་)འགྱུར་(རོ་)།    རོ་མཚོ་གཞན་ནི་ཕྱེ་(ཕྱེད་)ཕྱེ་(ཕྱེད་)བྲི།    ཕྱི་མ་ཕྱི་ཡི་རོལ་མཚོ་ཡིན།     ཆུ་བཞི་དེ་ནས་འབབ་པའོ།     འབུམ་ཕྲག་གཉིས་དང་སྟོང་ཕྲག་ནི།     ཉི་ཤུ་གཉིས་སུ་ཡོད་པའོ་”།    ཞེས་པ་འདིས་མཚོའི་གནས་ལུགས་རྒྱས་པར་བསྟན་ཡོད་པའོ།    ཞེས་པ་དེ་དག་གི་འགྲེལ་གྱི་སྐོར་ལ་གཟིགས་འདོད་ན་གངས་ཅན་མཁས་པའི་གཙུག་རྒྱན་༧རྗེ་རྒྱལ་བ་མཉམ་མེད་ཆེན་པོས་མཛད་པའི་<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེའི་>ཤོག་ངོས་(67 ནས་ 71 བར་དུ་གསལ་ཡོད།     གཉིས་པ་<ཆོས་མངོན་པའི་མཛོད་>ཀྱི་གནས་གསུམ་པ་ལས།    “དེ་ལ་སྣོད་ཀྱི་འཇིག་རྟེན་གྱི།    གནས་པར་འདོད་པའི་འོག་དག་གི    རླུང་གི་དཀྱིལ་འཁོར་རྔམས་སུ་ནི།    ས་ཡ་དྲུག་འབུམ་གྲངས་མེད་དོ།    ཆུ་ཁམས་འབུམ་ཕྲག་བཅུ་གཅིག་དང་།     སྟོང་ཕྲག་དག་ནི་ཉི་ཤུའོ།     ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད།    ལྷག་མ་དག་ནི་གསེར་དུ་འགྱུར།    ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི།    ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་།    སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི།   ཕྱེད་དང་ལྔ་རྣམས་ཁོ་ནའོ།    ཁོར་ཡུག་ཏུ་ནི་སུམ་འགྱུར་རོ་”།     ཞེས་པ་འདིས་རླུང་དང་ས་ཆུའི་དཀྱིལ་འཁོར་དང་ཚད་སོགས་བསྟན་ཡོད།     ཡང་མཛོད་རྩ་དེ་ཉིད་ལ་“་དེ་ལ་ལྷུན་པོ་གཉའ་ཤིང་འཛིན།    གཤོལ་མདའ་འཛིན་དང་སེང་ལྡེང་ཅན།    དེ་བཞིན་ལྟ་ན་སྡུག་རི་དང་།    རྟ་རྣ་དང་ནི་རྣམ་འདུད་དང་།     མུ་ཁྱུད་འཛིན་རིའོ་”ཞེས་པ་འདིས་རྟེན་པ་རི་རབ་དང་རི་བདུན་བཅས་བསྟན་ཡོད།     ཡང་དེ་ཉིད་ལས་“དེ་ནས་ནི།    གླིང་རྣམས་ཡིན་ནོ་དེ་དག་གི།    ཕྱི་རོལ་ན་ནི་ཁོར་ཡུག་སྟེ།    བདུན་ནི་གསེར་ཡིན་དེ་ལྕགས་སོ།     ལྷུན་པོ་རིན་ཆེན་བཞིའི་རང་བཞིན།     ཆུ་ཡི་ནང་དུ་བརྒྱད་ཁྲི་དག    ནུབ་བོ་དེ་བཞིན་སྟེང་དུ་ཡང་།    དཔག་ཚད་དག་ནི་བརྒྱད་ཁྲིའོ།   བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི།   དེ་དག་རྔམས་སུའང་འཕང་དང་མཉམ་”།    ཞེས་པ་འདིས་རིའི་ངོ་བོ་དང་ཚད་སོགས་བསྟན་ཡོད་འདུག    ཡང་ལུང་དེ་ཉིད་ལས་“དེ་དག་བར་བདུན་རོལ་མཚོ་ཡིན་”།    ཞེས་པ་འདིས་མཚོ་ཙམ་བསྟན་འདུག     དང་པོ་སྟོང་ཕྲག་བརྒྱད་ཅུའོ།    དེ་ནི་ནང་གི་རྒྱ་མཚོ་ཡིན།    དེ་ཡི་ངོས་ལ་སུམ་འགྱུར་རོ།    རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ།    ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན།    འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི།    ཉི་ཤུ་གཉིས་སུ་”ཞེས་པ་འདིས་མཚོའི་ཚད་སོགས་བསྟན་ཡོད་པའོ།    ཞེས་པ་དག་གི་འགྲེལ་བཤད་གཟིགས་འདོད་ན་སེར་སྨད་དམར་འཇམ་དབྱངས་བསོད་ནམས་ཀྱིས་བསྒྲིགས་ཡོད་པའི་འཕྲུལ་དེབ་ཅན་༧མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་<མཛོད་འགྲེལ་མངོན་པའི་རྒྱན་>གྱི་དེབ་གཉིས་པའི་ཤོག་ངོས་(81ནས89བར་གསལ་ཡོད་པས་དེར་བལྟ་བར་བྱའོ།     གཞན་ཡང་ཕྲན་གྱིས་གོང་དུ་ཞུས་པའི་སྡེ་ཚན་བཅོ་བརྒྱད་དུ་ཕྱེས་ཡོད་པ་དེས་བན་བོན་གྱི་མཛོད་རྩ་གཉིས་ལས་གསུངས་ཡོད་པའི་བསྟན་དོན་དང་ཁྱད་བོན་འདྲ་བ་དང་མི་འདྲ་བའི་སྐོར་ཆ་ཡོངས་སུ་ཞུས་ཟིན་པ་མིན་ལ།     ད་དུང་དེ་ལས་མང་བ་ལྷག་ཡོད་པས་དེ་དག་གི་སྐོར་རིམ་གྱིས་འབྲི་རྩིས་ཡོད་པས་གནས་སྐབས་དེ་ཙམ་གྱིས་མཇུག་གྲུབ་པའོ།  །

                                                        ཡིག་ཆའི་ཁུངས།

༡༽  ཕྱི་ལོ་ ༢༠༡༢ ལོར་༧སྨན་རིའི་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་གིས་དཔར་དུ་བསྐྲུན་པའི་<སྲིད་པའི་མཛོད་ཕུགས་>དང་དེའི་འགྲེལ་༧བླ་ཆེན་དྲན་པ་ནམ་མཁས་མཛད་པའི་<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>དེབ་གཟུགས་ཅན།
༢༽  ཕྱི་ལོ་ ༢༠༠༤ ལོར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན་པའི་༧བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི་<སྲིིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ་>དེབ་གཟུགས་ཅན།
༣༽ ཕྱི་ལོ་ ༢༠༠༤ ལོར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན་པའི་༧རྗེ་རིན་པོ་ཆེས་མཛད་པའི་<སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་>དེབ་གཟུགས་ཅན།
༤༽ ཕྱི་ལོ་ ༢༠༠༥ ལོར་༧ཀོ་དགོན་བདེ་ཆེན་རྣམ་རྒྱལ་ཀུན་གྲགས་གླིང་གིས་དཔར་དུ་བསྐྲུན་པའི་མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་མཛད་པའི་<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་>དེབ་གཟུགས་ཅན།
༥༽ ཕྱི་ལོ་ ༢༠༡༣ ལོར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་བསྐྲུན་ཞུས་པའི་༧ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་<སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་འཕྲེང་བ་>དེབ་གཟུགས་ཅན།
༦༽ ཕྱི་ལོ་ ༢༠༡༩ ལོར་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་༧སློབ་དཔོན་ཤཱཀྱའི་དགེ་སློང་དབྱིགས་གཉེན་མཆོག་གིས་མཛད་པའི་<ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་>་འཕྲུལ་དེབ་ཅན།
༧༽ ཕྱི་ལོ་ ༢༠༡༥ ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་གིས་དཔར་དུ་བསྐྲུན་པའི་༧རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་<དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་>དེབ་གཟུགས་ཅན།
༨༽ སེར་སྨད་དམར་འཇམ་དབྱངས་བསོད་ནམས་ཀྱིས་བསྒྲིགས་པའི་༧མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་<མཛོད་འགྲེལ་མངོན་པའི་རྒྱན་>སྟོད་ཆ་དང་བར་ཆ་སྨད་ཆ་ཅན་གྱི་འཕྲུལ་དེབ་ཅན།
༩༽  ༢༠༡༩ ལོར་རྩོམ་པ་པོ་སྤེན་རྒོད་ཞུ་བ་དེས་གངས་ལྗོངས་ཉི་གཞོན་དྲྭ་བའི་ཐོག་ཏུ་སྤེལ་བའི་<.ཆོས་མངོན་པའི་མཛོད་ཀྱི་སྐོར་ལ་དཔྱད་པ>  ཞེས་པ་བཅས་ཡིན་ནོ།  །

                                             མཇུག་གི་གཏམ།

མཐའ་དོན་དུ་བློ་དམན་བདག་གིས་༼བན་བོན་གྱི་མཛོད་རྩ་གཉིས་ཀྱི་སྐོར་ལ་དབྱེ་ཞིབ་༽བྱས་པ་དེ་ཡང་ཚད་ལྡན་ཞིག་དང་ཡང་དག་པ་ཞིག་ཡོང་ཡོད་པ་ཞིག་མིན་ལ།     ཡིན་ཡང་གཏམ་དཔེ་ཞིག་ལ་“ བྱ་བ་ཐམས་ཅད་ལད་མོ་ཡིན་”ཞེས་པ་ལྟར་འབད་རྩོལ་བྱས་ཁུལ་ཡིན།     དེ་མཚུངས་སུ་གུས་པས་གང་གི་དེ་དག་ལ་ཞུ་དག་སོགས་རང་ནུས་གང་ཡོད་འབད་རྩོལ་བགྱིས་ཁུལ་བྱས་ཀྱང་དེ་དང་འབྲེལ་བའི་ཉམས་མྱོང་དང་ཤེས་ཡོན་གྱི་གནས་ཚད་དབེན་སྟོབས་ཀྱིས།   ད་དུང་དེའི་ནང་དུ་ཞན་ཆ་མི་ཉུང་བ་ཞིག་ལྷག་ཡོད་ངེས་ལགས་ན།     དེ་ལུགས་མཁྱེན་རྒྱ་ཡངས་པའི་བཤེས་གཉེན་རྣམ་པའི་སྤྱན་སྔར་བཟོད་གསོལ་ཞུ་རྒྱུ་མ་ཟད་རྣམ་པ་ཚོ་ནས་ཀྱང་དེ་འབྲེལ་གྱི་དགོངས་ཚུལ་དང་ལམ་སྟོན་ལྷུག་སྩོལ་གནང་བའི་རེ་འདུན་དང་བཅས།     ཐ་ཚན་མུ་ཙུག་སྨར་རོ། །

ཕྱི་ལོ་༢༠༢༠/༧/༡༡/ཉིན་ལ་༧གདན་ས་སྨན་རིའི་གསང་སྔགས་སློབ་གཉེར་བ་སྡོང་བརྩོན་འགྲུས་གོང་འཕེལ་ལམ་སྐལ་བཟང་ཞེས་འབོད་པ་དེས་སྦྱར་བའོ། །