གཡུང་དྲུང་བོན་གྱི་དྲྭ་རྒྱ།

(བསྐྱར་བཀོད)རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་རྒྱུན་ཁྱེར་ཉམས་བཞེས་གནང་ཐབས་བཞུགས་སོ།།

རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་རྒྱུན་ཁྱེར་ཉམས་བཞེས་གནང་ཐབས་བཞུགས་སོ།། གཤེན་ཧོར་ཏི་ཆེན་པོས་ཀུན་མཁྱེན་དོན་གྲུབ་ལ།

ཤེས་པར་བྱས་ནས་དོར་བའི་བོན་དང་གཅིག ཤེས་པར་བྱས་ནས་ཟུར་ལ་བཞག་པའི་བོན་དང་གཉིས།  ཤེས་པར་བྱས་ནས་དང་དུ་བླང་བར་བྱ་བའི་བོན་དང་གསུམ་ཡོད་གསུངས་པའི་ནང་ཚན་ཤེས་པར་བྱས་ནས་དང་དུ་བླང་བའི་བོན།  སྐལ་ལྡན་ལས་ཅན་རྣམས་ཀྱི་དངོས་གྲུབ།   བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད།  ཉེ་ལམ་གཅིག་ཆོད།  རྫོགས་པ་ཆེན་པོ་ཡང་རྩེ་བླ་ན་མེད་པའི་བོན་ཟབ་མོ་འདི་ཉིད།  རི་ཁྲོད་སྒོམ་པའི་ལུགས་དང་བསྟུན་ཏེ་ཚེ་གཅིག་ལུས་གཅིག་ལ་རང་གི་རྒྱུད་ལ་སྦྱར་ནས་ཉམས་སུ་ཇི་ལྟར་བཞེས་ཐབས་ཀྱི་ཚུལ་ཅུང་ཞིག་འཆད་པར་བྱེད་པ་ལ། གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད་རང་གི་རྒྱུད་ལ་འཆར་བར་བྱེད་པ་ལ།  མེད་དུ་མི་རུང་བ་ནི།  རྒྱལ་བ་གོང་མ་རྣམས་ཀྱི་དགོངས་ཉམས་ཁྱད་པར་ཅན་རང་རྒྱུད་ལ་འཕོས་པའི་ལྟ་དགོངས་ཀྱི་ཉམས་དང་ལྡན་པའི་བཅུད་ལྡན་ཡང་དག་གི་རྩ་བའི་བླ་མ་ཞེས་པ་མཚན་ལྡན་གྱི་དཔོན་གསས་ནུས་ལྡན་དང་།  དེའི་གདམས་ངག་ངར་ལྡན།   དེ་ལ་བརྟེན་པའི་སྣོད་ལྡན་གྱི་སློབ་བུའི་རྒྱུད་ཀྱི་ཐང་ལྷོད་མེད་པའི་དད་པ་དགུན་ཞུའི་རྒྱུད་ལྟ་བུ་དང་།  འགྱུར་ལྡོག་མེད་པའི་དད་པ་གསེར་ལྟ་བུ།  རིག་པའི་ཆུ་རྒྱུན་བསྲིངས་པའི་གྲོགས་ཁྱད་པར་ཅན་དྲང་དོན་གཞུང་ལས་གསུངས་པ་བཞིན་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་དང་།  སྡར་མའི་པང་ལ་སྦྲུལ་ཞུགས་པ་ལྟ་བུའི་བརྩོན་འགྲུས་དང་། ཉེས་ཅན་བཙོན་དོང་ནས་བྲོས་སེམས་ལྟ་བུའི་བརྩོན་འགྲུས་དང་།  ལྕགས་རྡོ་མཚོ་དཀྱིལ་དུ་བསྐྱུར་བ་ཕྱིར་མི་ལྡོག་པ་ལྟ་བུའི་བརྩོན་འགྲུས་ཀྱི་གྲོགས་ཁྱད་པར་ཅན་རྣམས་ཀྱིས་རྒྱབ་ནས་བསྐྱོར་ཏེ།  དབེན་པའི་གནས་བསྟེན་ནས་དགོངས་པ་ཐང་བཅད་དེ། རང་རིག་སེམས་ཀྱི་བླ་མ་ཞེས་གཉུག་མ་འོད་གསལ་གྱི་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྲིངས་ནས་ཚེ་དང་སྒྲུབ་པ་མཉམ་དུ་བྱེད་རྒྱུ་དེ་ཡིན་འདུག་ལ།  ཁྱད་པར་དུ་བརྟག་དཔྱད་ཞིབ་འཇུག་བྱས་ནས་འཆར་བའི་བློ་བྱས་ཀྱི་གཉིས་མེད་དེ་ནི།  བློ་ལ་རགས་ལས་པས།  དགག་སྒྲུབ་རིག་པའི་ལམ་ནས་འཆར་དུ་རུང་བ་ཡིན་ཀྱང་།   གཉུག་མ་འོད་གསལ་གཤིས་ཀྱི་གནས་ལུགས་འདི་ནི།  བརྟག་དཔྱད་དང་དགག་སྒྲུབ་ཐམས་ཅད་ལས་འདས་པའི་བློ་འདས་བླ་མེད་ཀྱི་དགོངས་པ་ཡིན་པས་བློས་བྱས་ཀྱི་རྩོལ་བ་ལ་བརྟེན་ནས་ནམ་ཡང་འཆར་མི་སྲིད་ལ།  བརྟག་དཔྱད་ཞིབ་འཇུག་དགག་སྒྲུབ་ཐམས་ཅད་ལས་འདས་པ་ནི་འདི་ཉིད་ཀྱི་རང་གཤིས་ལགས་ཕྱིར།   སྒོམ་པ་གླང་རྒན་རྟོད་ལ་གནོན་པ་ལྟ་བུ་སྡུག་བཙིར་བྱས་ནས་འཆར་རྒྱུ་ཅི་ཡང་མེད་པར་རང་གི་སྔོན་སྦྱངས་ཀྱི་ལས་འཕྲོ་དང་བླ་མའི་བྱིན་རླབས་འབའ་ཞིག་ལ་བརྟེན་ནས་གཉུག་མ་རང་གསལ་གྱི་ཡེ་ཤེས་དེ་ཉིད།   མ་བཅོས་རང་འབབ་ཀྱི་ངང་དུ་ལྷོད་ཀྱིས་གློད་ནས་ངང་ལ་ངང་གིས་འཆར་དགོས་པ་འདུག་པས་ན།  ཀུན་གྱི་ཐོག་མར་བླ་མའི་རྣལ་འབྱོར་འདི་གལ་ཆེ་བ་ལས་དཔྱད་པ་གལ་ཆེ་བ་མ་ཡིན་པས་འདི་ཉིད་ཉམས་སུ་བཞེས་ཐབས་མདོར་ཙམ་ཞིག་བསྟན་པ་ལ།

 

བྱིན་རླབས་རང་རྒྱུད་ལ་འཇུག་པའི་ཐབས་ཁྱད་པར་ཅན་བླ་མའི་རྣལ་འབྱོར།

ཐོག་མར་བོན་ཞིག་བློ་བདེས་མཛད་པའི་རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་ཚིག་བཤད་ལས།  གསོལ་བ་འདེབས་པ་ནི།  མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མ་ལས་འབྱུང་སྟེ།  དེ་ཡང་གསོལ་བ་མ་བཏབ་ན་བྱིན་རླབས་མི་འབྱུང་བས།  དེ་ཕྱིར་གསོལ་བ་འདེབས་དགོས་ཏེ།  སྟག་གཟིགས་ཟ་རང་དུན་འཛུགས་ཀྱིས། བླ་མ་ལ་གསོལ་བ་ཐུན་མོང་མ་ཡིན་པར་སྙིང་དང་རུས་པའི་གཏིང་ནས་བཏོན་པ་ལྟ་བུ་ཅིག་བཏབ་ན།  ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ།  སྲིད་པ་ཧྲུལ་པོར་འགྲོ།  བོན་ཉིད་མ་དང་མཇལ་གསུང་སྟེ།  དེ་ཡང་བདག་རང་གཅིག་པུ་མ་ཡིན་ཏེ།  དུས་གསུམ་ཕ་མས་ཐོག་དྲངས་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱིས།  ལུས་གུས་པའི་སྒོ་ནས་ཕྱག་དང་སྐོར་བ་བྱེད།  ངག་མོས་པའི་སྒོ་ནས་མཆོད་ནས་བརྗོད་ཅིང་གསོལ་བ་འདེབས།  ཡིད་གདུང་བའི་སྒོ་ནས་གསོལ་བ་དང་གདུང་བ་རྒྱུན་མི་བཅད།  མིག་གི་མཆི་མ་གཡོ་ནུས་པའམ། ལུས་ཀྱི་བ་སྤུ་ལྡང་ནུས་པའམ། སྐྱི་ཤ་ཚ་ཟིང་ཟིང་པའི་སྒོ་ནས།  སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་།  འཁོར་བའི་སེམས་ཅན་དང་ངན་སོང་གི་ཉེས་དམིགས། རང་གི་བདེ་སྡུག་གི་སྣང་བ་ཐམས་ཅད་དུས་འདི་ཉིད་དུ་དྲན་པའི་སྒོ་ནས། ཤེས་པ་སྨིན་མཚམས་སུ་བསྡུ།  རིག་པ་བླ་མ་ལ་གཏད་དེ་གསོལ་བ་ཕུར་ཚུགས་སུ་འདེབས་ཏེ་འདི་སྐད་དོ།  །ཞེས་དང་།  དེ་བཞིན་དུ་ཞང་ཞུང་སད་ནེ་གའུས་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་གང་གཙོ་ཆེ་ཞེས་དྲིས་པས།  སློབ་དཔོན་སེ་སད་ནེ་གུས་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ། མོས་གུས་ཁྱད་པར་ཅན་ལ་རགས་ལས། མོས་གུས་ཁྱད་པར་ཅན་རང་རྒྱུད་ལ་ཡོད་ན།  ཉམས་རྟོགས་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བ་ལ་ཚེགས་མེད་གསུངས།  གཞན་ཡང་ཀུན་མཁྱེན་ཉི་མའི་བཀའ་དྲིན་སུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་གཞུང་ལས།  གསོལ་བ་སྙིང་ནས་བཏབ་པའི་ཡོན་ཏན་གང་ཞེ་ན།  བླ་མ་ལ་གསོལ་བ་བཏབ་པས་བྱིན་རླབས་སེམས་ལ་འཇུགསངས་རྒྱས་ལ་གསོལ་བ་བཏབ་པས་ཉམས་རྟོགས་རྒྱུད་ལ་འཆར།  བོན་ལ་གསོལ་བ་བཏབ་ནས་མི་བརྗེད་པའི་གཟུང་དང་ལྡན།  སེམས་དཔའ་ལ་གསོལ་བ་བཏབ་པས་བསླབ་གསུམ་གྱི་ཡོན་ཏན་རྫོགས།   ཡི་དམ་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ།  མཁའ་འགྲོ་དང་བོན་སྐྱོང་སྲུང་མ་ཡེ་ཤེས་པ་རྣམས་ལ་གསོལ་བ་བཏབ་པས་བར་ཆད་མྱུར་དུ་སེལ།  གཞན་ཡང་དགོངས་བརྒྱུད་རིག་འཛིན་རྣམས་ཀྱི་ཉམས་རྟོགས་ཁྱད་པར་ཅན་རང་རྒྱུད་ལ་འཆར་ཞིང་སངས་རྒྱས་སོ།  །ལྔ་པ་གསོལ་བ་མ་བཏབ་པའི་ཉེས་སྐྱོན་གང་ཞེ་ན།  མིག་མེད་ན་ལམ་མི་བསྒྲོད།  ཆུ་མེད་ན་སྐོམ་དྲིས་འཆི།  ཉི་མ་མེད་ན་མུན་པ་མི་གསལ།  སྤྲིན་མ་འདུས་ན་ཆར་པ་མི་འབེབ། ཅེས་དང་། ཡང་དེ་ཉིད་ལས།  སྒོ་གསུམ་གུས་པའི་སྒོ་ནས།  བུ་ཆུང་མ་ལ་གདུངས་བ་ལྟ་བུ།  འབངས་རྗེ་ལ་འདུན་པ་ལྟ་བུ།   ནད་པ་སྨན་ལ་གདུངས་བ་ལྟ་བུ།  སྐོམ་པ་ཆུ་ལ་གདུངས་བ་ལྟ་བུ།  ལྟོགས་པ་ཟས་ལ་གདུངས་པ་ལྟ་བུ།  དབུལ་པོ་ནོར་ལ་གདུངས་པ་ལྟ་བུ། སེམས་རྩེ་གཅིག་ཡེངས་མེད་ཀྱི་སྒོ་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པའོ།  །ཞེས་དང་།  གྲུབ་དབང་མཆོག་གིས་ཀུན་མཁྱེན་ལ་སེམས་ཀྱི་ངོ་སྤྲོད་གནང་སྐབས།  གདམས་ངག་གི་རྩ་བ་བླ་མ་གཙོ་ཆེ།  སྒོམ་གྱི་རྩ་བ་རིག་པ་གཙོ་ཆེ།  དེ་གང་ཞེ་ན།  བླ་མ་མེད་ན་གདམས་ངག་གི་རྩ་བ་མེད་པ་དང་།  རིག་པ་མ་ཟིན་ན་བསྒོམ་གནད་མི་ཤེས་པས།  རིག་པ་མ་ཡེངས་པ་གལ་ཆེ་གསུངས་པ་ལྟར་ཡིན་པས།  རང་གི་སྤྱི་གཙུག་ཁྲུ་གང་མདུན་གྱི་བར་སྣང་ལ།  དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།  ཕྱི་ལྟར་འདུལ་རྒྱུད།  ནང་ལྟར་སྔགས་རྒྱུད།  གསང་བ་སེམས་ཕྱོགས་ཀྱི་རྒྱུད་པའི་རིག་འཛིན་གྲུབ་ཐོབ་ཕོ་མོ་ཐམས་ཅད།  ཁྱད་པར་དུ་བྱང་སེམས་ཨ་ཁྲིད་ཀྱི་རྒྱུད་པ།  མན་ངག་སྙན་རྒྱུད་ཀྱི་རྒྱུད་པ།  ཀློང་ཆེན་བསྒྲགས་གསུམ་གྱི་རྒྱུད་པའི་བླ་མ་གྲུབ་ཐོབ་རྣལ་འབྱོར་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་བདག་ཉིད།  ཐུགས་རྗེ་ཆེ་བ་ཐབས་ལ་མཁས་པ་ཐམས་ཅད་མཁྱེན་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་རྒྱལ་ཀུན་སྤྱི་གཟུགས་ཀྱི་ངོ་བོ།  དོན་དུ་རང་གི་བཀའ་དྲིན་སུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ།  རྣམ་པ་ཀུན་ཏུ་བཟང་པོ་ཏ་པི་ཧྲི་ཙའི་ཆ་ལུགས་ཅན།  དེ་ཡང་ཤ་ཁྲག་རུས་གསུམ་གྱི་རྣམ་པ་ཅན་མིན་པར་བློས་བྱས་ཀྱི་དྲི་མས་མ་གོས་པའི་དྲི་མེད་ཀ་དག་གི་བརྡ་མཚོན་དུ་སྐུ་མདོག་དཀར་གསལ་ཤེལ་དཀར་ལྟ་བུ།  དུག་གསུམ་དུག་ལྔ་དང་ཚོགས་དྲུག་ཚོགས་བརྒྱད་ཀྱི་དྲི་མ་ཡོངས་དང་བྲལ་བའི་ངོ་བོ་སྟོང་པ། རང་བཞིན་གསལ་བ།  ཐུགས་རྗེ་ཀུན་ཁྱབ་སྟེ་གཞི་གནས་ཀྱི་ཡེ་ཤེས་གསུམ་ལྡན་དང་།  གཞི་གཏིང་གསལ་ཆེན་པོ་སྟེ་གཞི་གནས་ཀྱི་ཡེ་ཤེས་བཞི་ལྡན་གྱི་རང་བཞིན་ལྷུན་གྲུབ་ཀྱི་རིག་པ་རྗེན་པའི་སྐུ་ལས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ།  བསམ་པ་བློ་ཡི་དྲི་མ་དང་། དམིགས་པ་གཟུང་འཛིན་གྱི་དྲི་མ།   ཐ་སྙད་སྤྲོས་པའི་དྲི་མ།  མཚོན་པ་མཚན་མའི་དྲི་མ།  འདུས་བྱས་སྐྱེ་འཇིག་གི་དྲི་མ་ཐམས་ཅད་ལས་འདས་ཏེ།  སྣང་བཞི་ཟད་སར་ཕྱིན་ནས་བློ་ཟད་བོན་ཟད་ལ་ཕྱིན་པའི་བརྡར་རྒྱན་མེད་གཅེར་བུའི་རྣམ་པ་ཅན།  ཐིག་ལེ་ཉག་གཅིག་མཚོན་བྱེད་དུ་ཞལ་གཅིགསྣང་སྲིད་ཕྱི་ནང་འཁོར་འདས་ཀྱི་བོན་དང་།  ཇི་ལྟ་བ་དང་ཇི་སྙེད་པའི་ཚོགས་ཐམས་ཅད་སྒྲིབ་མེད་ཟང་ཐལ་དུ་གཟིགས་པའི་བརྡ་རུ་སྤྱན་གཉིས།  དུས་དང་རྣམ་པ་ཀུན་ཏུ་ཞི་གནས་ལས་སླར་ཡང་མི་ལྡང་བའི་ཚུལ་དུ་ཀུན་བཟང་དགོངས་པའི་ཀློང་ཆེན་ལས་འདའ་མི་སྲིད་པས་ཕྱག་གཉིས་མཉམ་བཞག་དཀྱིལ་ཀྲུང་གི་ཚུལ་དུ་བཞུགས་པ། རིག་པའི་སྐུ་ལ་སྐྱོན་གྱིས་མ་གོས་པའི་བརྡར་འོད་དཀར་པོ་དང་།  ཡོན་ཏན་རྫོགས་པའི་བརྡར་འོད་སེར་པོ་དང་། དབང་བཞི་རང་ལ་རྫོགས་པའི་བརྡར་འོད་དམར་པོ། རྩོལ་བ་ལ་རགས་མ་ལུས་པའི་བརྡར་འོད་ལྗང་ཁུ་དང་། འགྱུར་བ་མེད་པའི་བརྡར་འོད་མཐིང་ཁ་སྟེ།   འཇའ་འོད་སྣ་ལྔའི་གུར་ཁྱིམ་དུ་བཞུགས་ནས་སྐད་ཅིག་ཀྱང་གཡེལ་བ་མེད་པར་རང་ལ་ཞལ་ཕྱིར་ཕྱོགས་ནས་མཁྱེན་བརྩེ་ནུས་གསུམ་གྱི་སྤྱན་གྱིས་གཟིགས་ཤིང་ཐུགས་རྗེས་བཟུང་བར་གསལ་གདབ།  རང་ཉིད་ཀྱིས་ཀྱང་མོས་གུས་དྲག་པོས་ཡིད་གཉིེས་ཐེ་ཚོམ་མེད་པར་སྨྱོན་པ་གཡང་ལ་མཆོང་བ་ལྟ་བུའི་ཐེ་ཚོམ་གྱི་ཕྲི་བ་ཐམས་ཅད་རྦད་ཀྱིས་བཅད་ནས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་བཏབ་པས།  དུས་ད་ལྟ་ཉིད་དུ་ཡེ་སྟོང་རྩ་བྲལ་བློ་འདས་ཆེན་པོའི་དོན་འདི་ཉིད་ཐོག་བབས་ཉིད་དུ་བསྩལ་ནས། གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད་རང་རྒྱུད་ལ་འཕོས་ཏེ།  རབ་ཕུང་པོ་ལྷག་མེད་དུ་སངས་རྒྱས།  འབྲིང་བེམ་རིག་བྲལ་མ་ཐག་ཏུ་སངས་རྒྱས།  ཐ་མ་སྐད་ཅིག་མ་ལྔ་ལ་བོན་ཉིད་འོད་གསལ་གྱི་བར་དོའི་སྐབས་སུ་གྲོལ་བ་ཐོབ་ནུས་པར་ཤོག་ཅེས་གསོལ་བ་དྲག་པོ་ཤ་རུས་ཕྱེ་བ་ཙམ་བཏབ་ནས་བླ་མའི་རྣལ་འབྱོར་འདི་ཉིད་གསུང་གནང་དགོས། བླ་མ་སངས་རྒྱས་སུ་མཐོང་ན་གདམས་ངག་བདུད་རྩི་རུ་འབྱུང་།  བླ་མ་ཐ་མལ་དུ་མཐོང་ན་གདམས་ངག་ཟས་སྐོམ་དུ་འབྱུང་།  བླ་མ་ཁྱི་རྒན་དུ་མཐོང་ན་གདམས་ངག་བཀྲུའ་བཤལ་དུ་འབྱུང་།  ཞེས་ཁྱུང་སྒོམ་གྱིས་གསུངས་སོ། །

བླ་མའི་རྣལ་འབྱོར།

བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །མི་བརྗེད་གཟུངས་ལྡན་ཤེེས་རབ་སྨྲ་བའི་སེང་། །འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།  ཞེས་དལ་ཁོམས་བྱུང་ན་ལན་གསུམ་དབྱངས་སུ་གྱེར།   དེ་ལྟར་མ་ལྕོགས་ཚེ་ལན་གཉིས་ཤར་འདོན།  ཚར་གཅིག་དབྱངས་སུ་གྱེར།   སྐྱབས་འགྲོ་ནི།   བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི།  སྐྱབས་ཀྱི་དང་པོ་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།  སངས་རྒྱས་ལ་སྐྱབས་སུ་མཆིའོ།  བོན་ལ་སྐྱབས་སུ་མཆིའོ།  གཤེན་རབ་གཡུང་དྲུང་སེམས་དཔའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།  བཀའ་སྐྱོང་ཡེ་ཤེས་ཀྱི་དབལ་མོ་ལ་སོགས་བསྟན་སྲུང་ཡེ་ཤེས་པའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།  ལན་གཅིག་ཤར་འདོན།  སེམས་བསྐྱེད་ནི།   བླ་མ་སངས་རྒྱས་བོན་དང་གཤེན་རབ་ལ།  བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱབས་མཆི།   མ་གྱུར་འགྲོ་རྣམས་སྲིད་མཚོར་ལེགས་སྒྲོལ་ཕྱིར།  བདག་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།   ལན་གཅིག་ཤར་འདོན།  མཁའ་མཉམ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག    སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག   སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དེ་དང་རྒྱུན་དུ་མི་བྲལ་བར་གྱུར་ཅིག   སེམས་ཅན་ཐམས་ཅད་བདེ་སྡུག་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་སེམས་གནས་པར་གྱུར་ཅིག   །ཤེས་རབ་ཕར་ཕྱིན་ཀུན་བཟང་བོན་སྐུ་རྗེ། །ཤེས་རབ་སྨྲ་སེང་ཀུན་གསལ་རྫོགས་སྐུ་རྗེ། །ཤེས་རབ་རྒྱལ་མཚན་ཀུན་མཁྱེན་སྤྲུལ་སྐུ་རྗེ། །ཤེེས་རབ་དགོངས་རྒྱལ་རྗེ་ལ་གསོལ་བ་འདེབས།། ༧ ཟླ་བྲལ་ཨ་དཀར་བོན་བསྟན་དར་རྒྱས་ཡུལ། །མདོ་སྨད་སྣང་ཞིག་གདུང་ལས་འཁྲུངས་པའི་སྟོན། །རྒྱལ་ཀུན་ངོ་བོ་མཚན་དཔེ་ཡོན་ཏན་རྫོགས། །སངས་རྒྱས་མི་གཟུགས་སྤྲུལ་ལ་གསོལ་བ་འདེབས།། ༧ ཨ་རིག་འཛིན་ཆེན་པོ་འགྲོ་བའི་དོན་ལ་དགོངས། །འགྲོ་བའི་མགོན་པོ་མཁའ་སྤྱོད་གནས་སུ་གཤེགས། །སྐྱེ་བ་གཅིག་ལ་ཐར་པ་མངོན་སངས་རྒྱས། །དེ་རྗེས་རྟག་གཟིགས་འོལ་མོའི་གླིང་དུ་གཤེགས། །ཤེས་རབ་གཡུང་དྲུང་ཞབས་ལ་གསོལ་བ་འདེབས།།  ༧ ཨེ་མ་ཧོ།   རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།  མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།  ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།  ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།  ཨེ་མ་ཧོ།  གྱེར་བསྟན་རིན་ཆེན་མཚན་ཡང་ལྡོག་པའི་ཞིང་།  ལུང་རྟོགས་པད་མའི་དགའ་ཚལ་བཞད་པའི་མགོན།   འཕྲིན་ལས་རྟ་བདུན་སྣང་བ་གཤེགས་པའི་རྗེས།    ཆ་རྫོགས་ཟླ་བའི་མགོན་ལ་གསོལ་བ་འདེབས།  ༧ ཨེ་མ་ཧོ།   བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།  ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།   མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།  བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག  ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།   ༧  ཨེ་མ་ཧོ།  མཁྱེན་བརྩེའི་ཡོན་ཏན་ཀུན་རྫོགས་ངོ་བོ་ཉིད།  བླ་མེད་ཐེག་པའི་མཛོད་འཛིན་ཡ་ངལ་བ།  འཕྲིན་ལས་རྣམ་བཞིའི་ཉི་མ་རབ་སྤྲོས་ཏེ།   ཞི་བདེའི་བཀྲ་ཤིས་བསྟན་འགྲོའི་གསལ་བྱེད་ཤོག  ༧  ཨེ་མ་ཧོ། ཀུན་བཟང་ཐུགས་སྤྲུལ་སྐུ་མདོག་ཤེལ་དཀར་འོད། །དྲི་མེད་མདངས་གསལ་འོད་ཟེར་ཕྱོགས་བཅུར་འཕྲོ། །རྒྱན་མེད་གཅེར་བུ་ཡེ་ཉིད་སྙིང་པོའི་དོན། །མཁྱེན་གཉིས་ཐུགས་རྗེ་འགྲོ་བའི་དོནལ་དགོངས། །བདེར་གཤེགས་ཐུགས་བཅུད་རྫོགས་ཆེན་ཀུན་གྱི་མཆོག།།ཐེག་པའི་ཡང་རྩེ་རྒྱུད་ལུང་མན་ངག་སྙིང་། །གཞི་ཡི་གནས་ལུགས་འཁོར་འདས་གྲོལ་འཁྲུལ་དང་། །སྒྲ་འོད་ཟེར་གསུམ་སྐྱོན་ཡོན་རང་གསལ་ཞིང་། །འགྲོ་བ་བློ་ཡི་མུན་པ་ཀུན་གསལ་ནས། །གཞི་སྟོང་རྩ་བྲལ་ས་ལམ་གཅིག་ཆོད་རྟོགས། །ཉམས་རྟོགས་མངོན་གྱུར་འཁོར་འདས་སེམས་སུ་གྲོལ། །འབྲས་བུ་སྐུ་གསུམ་དབྱིངས་སུ་འགོད་མཛད་པ། །འགྲོ་བའི་མགོན་པོ་ཏཔིཧྲི་ཙ་ལ། །བདག་བློ་རྩེ་གཅིག་མོས་པས་གསོལ་བ་འདེབས། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆོད་ཞི་བ་དང་། །མ་རིག་འཁྲུལ་པའི་བདག་འཛིན་གྲོལ་ནས་ཀྱང་། །རང་རིག་མངོན་གྱུར་ལྟ་སྤྱོད་མཐར་ཕྱིན་ནས། །ཡེ་སྟོང་རྩ་བྲལ་བློ་འདས་ཆེན་པོའི་དོན། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །རྗེ་འགྲོ་བའི་མགོན་པོ་ཏ་པི་ཧྲི་ཙ་ལ། །གསོལ་བ་འདེབས་སོ་འགྲོ་དྲུག་ཐུགས་རྗེས་བཟུང་ལ་བདག་རྒྱུད་ཁྲོལ།། ༧ ཨེ་མ་ཧོ། སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སངས་རྒྱས་སེམས་སུ་སྟོན་པ་རིན་པོ་ཆེ། །རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས། །རྗེ་འགྲོ་བའི་དཔལ་མགོན་ཁྱེད་རྣམས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དྲིན་ཅན་དམ་པ་འགྲོ་བའི་ཡབ། །བུ་ལྟར་སྐྱོབ་པར་བྱིན་གྱིས་རློབས། ། ཟབ་མོ་གནད་ཀྱི་གདམས་པ་ལ། །ཉམས་ལེན་ནུས་པར་བྱིན་གྱིས་རློབས། །འཇིག་རྟེན་འཁྲུལ་པའི་སྣང་བ་ལ། །སྐྱོ་ཤས་སྐྱེ་བར་བྱིན་གྱིས་རློབས། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །དགྲ་གཉེན་བདུད་ཀྱི་བསླུ་བྲིད་ལ། །འཁྲི་བ་ཆོད་པར་བྱིན་གྱིས་རློབས། །ཟང་ཟིང་སྒྱུ་མའི་ཡོ་བྱད་ལ།ཞེན་ཆགས་མེད་པར་བྱིན་གྱིས་རློབས། །འདུ་འཛི་གཡེང་བའི་བྱ་བ་ལ། །ལོང་མེད་སྐྱེ་བར་བྱིན་གྱིས་རློབས། །བདག་སྐྱོན་ཉེས་པ་ཀུན་གྱི་གཞི། །རྟག་ཏུ་སུན་པར་བྱིན་གྱིས་རློབས། །འགྲོ་དྲུག་ཕ་མ་བུ་གཉེན་ལ། །བདག་ཕྱོགས་མེད་པར་བྱིན་གྱིས་རློབས། །རྟོགས་པར་དཀའ་བ་རང་གི་སེམས། །མཐོང་ཞིང་གོམས་པར་བྱིན་གྱིས་རློབས། །བར་དོའི་འཇིགས་པའི་གཡང་ས་ལ། །ཉམ་ང་མེད་པར་བྱིན་གྱིས་རློབས། །སྐྱེ་ཤི་འཁོར་བའི་ལམ་པོ་ཆེར། །རང་དབང་ཐོབ་པར་བྱིན་གྱིས་རློབས། །ཉམས་སོད་ཆོ་འཕྲུལ་བར་གཅོད་བདུད། །རང་སྣང་ཆུམ་པར་བྱིན་གྱིས་རློབས། །གཅེས་འཛིན་ན་ཚ་རེ་དྭོགས་བློ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །མ་བཅོས་མཐའ་བྲལ་གཉུག་མའི་དོན། །རང་ངོ་ཤེས་པར་བྱིན་གྱིས་རློབས། །བདེ་གསལ་རྟོག་པ་མེད་པའི་ཉམས།། འདུ་བྲལ་མེད་པར་བྱིན་གྱིས་རློབས། །སྣ་ཚོགས་འགག་མེད་རང་རིག་རྩལ། ། རྒྱན་དུ་འཆར་བར་བྱིན་གྱིས་རློབས། །བཟང་ངན་བདེ་སྡུག་གློ་བུར་རྐྱེན། །ལམ་དུ་སློང་བར་བྱིན་གྱིས་རློབས། །སྤྲོ་བསྡུ་དྲན་རྟོག་འགྱུ་བའི་ཡིད། །གྲོགས་སུ་འཆར་བར་བྱིན་གྱིས་རློབས། །སྐུ་གསུམ་འདུ་བྲལ་མེད་པའི་ཉམས། །རྟོགས་ཤིང་གྲོལ་བར་བྱིན་གྱིས་རློབས། །བདག་ལ་དབང་དང་དངོས་གྲུབ་སྩོལ། །ཨ་ཨཱོྃ་ཧཱུྃ། ཅི་པར་རདྞ་ཐ་ཚན་སི་དྷི་འདུ། ཀུན་གཞི་རྩ་བྲལ་གདོད་ནས་རྣམ་པར་དག། རིག་པ་རང་གསལ་སྒྲིབ་གཡོག་སྐྱོན་དང་བྲལ། སྒྲ་འོད་ཟེར་གསུམ་རང་སྣང་བློ་ཡི་རྩལ། མ་བུ་རྩལ་གསུམ་ཉིད་ལ་གསོལ་བ་འདེབས། མ་རྟོགས་འཁོར་བའི་གཟུང་འཛིན་གྲོལ་ནས་ཀྱང་། རང་རིག་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། ཕྱི་རུ་སངས་རྒྱས་བོན་དང་སེམས་དཔའི་ཚོགས།   འཁོར་བའི་སྡུག་བསྔལ་ཀུན་ལས་བསྒྲལ་དུ་གསོལ།  ནང་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས།  མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ།    གསང་བ་རྩ་དང་རླུང་དང་ཐིག་ལེ་གསུམ།   དྲོད་རྟགས་ཉམས་མྱོང་སྐྱེ་བར་མཛད་དུ་གསོལ།   ཡང་གསང་སེམས་ཉིད་སྐྱེ་མེད་རིན་པོ་ཆེ།   སངས་རྒྱས་རང་ལ་རྙེད་པར་བྱིན་གྱིས་རློབས།   རྫོགས་ཆེན་གྱི་དོན་སྟོན་སི་ལི་ལི། གཞི་མ་བཅོས་ཀ་དག་ཀློང་ཡངས་སུ། རྩལ་འགག་མེད་ལྷུན་གྲུབ་ལྷ་བྲོ་རྩེ། སེམས་གཉིས་མེད་གླུ་གར་སྟབས་བསྒྱུར་ཞིང་། དོན་སྤྲོས་བྲལ་ངང་དུ་མཆོད་པ་འབུལ། རྐྱེན་ངན་པའི་བར་ཆད་ཟློག་ཏུ་གསོལ། དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ཡེངས་མེད་ཀྱི་དགོངས་པ་ཕྲི་ལི་ལི། བྱིན་རླབས་ཀྱི་ན་བུན་ཐིབས་སེ་ཐིབས། ཉམས་དང་རྟོགས་པ་འུ་རུ་རུ། འཁོར་བ་དོང་སྤྲུགས་ཡེ་སངས་རྒྱས་པར་ཤོག

ཅེས་གསོལ་བ་བཏབ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་སྤྲུལ་པའི་སྐུ་ཡི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཆུ་བོ་དྲི་མ་མེད་པ་བབས་ནས།  བདག་གི་སྤྱི་གཙུག་ནས་མར་ཐིམ་པས།  བདག་གི་ལས་དང་བག་ཆགས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་དུང་ཁྲུ་ཕུ་བཏབ་པའམ།  དར་དཀར་ཆུ་ལ་འབྱོང་བ་ལྟ་བུའམ།  ཤེལ་དཀར་གྱི་བུམ་པ་ནམ་མཁའ་ལ་ཕྱར་བ་ལྟར་གྱུར་པར་བསམ་མོ།  །

དབང་བཞི་ལེན་པའི་ཚུལ་ངོ་སྤྲོད།

སྐུ་ཡི་དབང་ལེན་པའི་ཚུལ།

བླ་མ་རིན་པོ་ཆེ་བླ་མ་རིན་པོ་ཆེ་བླ་མ་རིན་པོ་ཆེ་ཞེས་ལན་གསུམ་ངག་གིས་བརྗོད་ཀྱང་རུང་ཡིད་ཀྱིས་བཟླས་ཀྱང་རུང་གང་བདེ་བྱ།  བདག་གི་ལུས་ལ་སྐུ་ཡི་དབང་མཆོག་དམ་པ་བསྐུར་དུ་གསོལ། ཞེས་ཡིད་ངག་གཉིས་གང་བདེ་བྱ།  བླ་མའི་དཔྲལ་བ་ནས་ཡི་གེ་ཨ་དཀར་པོ་ཞིག་བྱུང་ནས་བདག་གི་དཔྲལ་བར་ཐིམ།  ལུས་ཀྱི་སྡིག་སྒྲིབ་དག་ནས་བླ་མའི་སྐུ་ཡི་དབང་དང་དངོས་གྲུབ་ཐོབ་པར་བསམ།

གསུང་གི་དབང་ལེན་པའི་ཚུལ། 

བླ་མ་རིན་པོ་ཆེ་བླ་མ་རིན་པོ་ཆེ་བླ་མ་རིན་པོ་ཆེ་ཞེས་ལན་གསུམ་ངག་གིས་བརྗོད་ཀྱང་རིང་ཡིད་ཀྱིས་བཟླས་ཀྱང་རུང་གང་བདེ་བྱ།  བདག་གི་ངག་ལ་གསུང་གི་དབང་མཆོག་དམ་པ་བསྐུར་དུ་གསོལ། ཞེས་ཡིད་ངག་གཉིས་གང་བདེ་བྱ།  བླ་མའི་ལྗགས་སྟེང་ནས་ཡི་གེ་ཨཱོཾ་དམར་པོ་ཞིག་བྱུང་ནས།  བདག་གི་ལྕེ་སྟེང་དུ་ཐིམ།  ངག་གི་སྡིག་སྒྲིབ་བྱང་ནས་བླ་མའི་གསུང་གི་དབང་དང་དངོས་གྲུབ་ཐོབ་པར་བསམ།

ཐུགས་ཀྱི་དབང་ལེན་ཚུལ།

བླ་མ་རིན་པོ་ཆེ་བླ་མ་རིན་པོ་ཆེ་བླ་མ་རིན་པོ་ཆེ་ཞེས་ལན་གསུམ་ངག་གིས་བརྗོད་ཀྱང་རུང་ཡིད་ཀྱིས་བཟླས་ཀྱང་རུང་གང་བདེ་བྱ།  བདག་གི་སེམས་ལ་ཐུགས་ཀྱི་དབང་མཆོག་དམ་པ་བསྐུར་དུ་གསོལ། ཞེས་ཡིད་ངག་གཉིས་གང་བདེ་བྱ།  བླ་མའི་ཐུགས་ཁ་ནས་ཡི་གེ་ཧཱུྃ་མཐིང་ཁ་གཅིག་བྱུང་ནས།  ཡིད་ཀྱི་སྡིག་སྒྲིབ་བྱང་ནས།  བླ་མའི་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པར་བསམ།

ཁྱད་པར་ཡེ་ཤེས་ཀྱི་དབང་ལེན་པའི་ཚུལ།

དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད།  ཕྱི་ནང་གསང་གསུམ་གྱི་རྒྱུད་པའི་བླ་མ་ཐམས་ཅད་འོད་དུ་ཞུ་ནས་རྗེ་སྤྲུལ་པའི་སྐུ་ཏ་པི་ཧྲི་ཙ་ལ་ཐིམ།  རྗེ་སྤྲུལ་པའི་སྐུ་འོད་དུ་ཞུ་ནས་བདག་གི་སྤྱི་བོ་ཚངས་པའི་བུ་གར་ཐིམ།  ཉོན་མོངས་པའི་སྒྲིབ་པ་ལྕགས་ལ་བཙའ་ཞེན་པ་འདྲ་བ་དང་། ཤེས་བྱའི་སྒྲིབ་པ་མེ་ལོང་ལ་གཡའ་ཞེན་པ་འདྲ་བ་གཉིས་དག་ནས།  ལུས་ཐམས་ཅད་ཅིར་སྣང་འོད་ཀྱི་རང་བཞིན་དུ་གྱུར་ཏེ།  རྗེ་སྤྲུལ་པའི་སྐུ་དང་དབྱེར་མེད་གཅིག་གི་ངང་ལ་མཉམ་པར་བསམ།

རྫོགས་པ་ཆེན་པོའི་སྣོད་རུང་ངོས་འཛིན།

བླ་ཆེན་དྲན་པ་ནམ་མཁས་མཛད་པའི་བཤད་གཞིའི་མཆོང་གི་དགོངས་དོན་ལྟར་ན།  རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་ནི།  རྣམ་རྟོག་བག་གིས་ཆུང་བ།  སྤྱོད་ལམ་ཡངས་པ། གཟུང་འཛིན་བག་གིས་ཆུང་བ།  ལུས་ངག་དལ་གྱིས་ལྷོད་ཡོད་པ།  ཅི་ལ་ཡང་དལ་ཆགས་ཤིང་གང་ལ་ཡང་སྡུག་བསྔལ་དུ་མི་བྱེད་པ་ནི།  རང་བཞིན་གྱི་རྫོགས་པ་ཆེན་པོའི་སྣོད་དུ་རུང་བས། ཞེས་གསུངས།  བླ་ཆེན་དྲན་པ་སེང་གེས་མཛད་པའི་ངེས་དོན་ནམ་མཁའ་འཕྲུལ་མཛོད་ཀྱི་འགྲེལ་ལས།  རྫོགས་པ་ཆེན་པོའི་སྒོར་འཇུག་པ་ལ།  དང་པོ་བསྒྲུབ་བྱ་གོ་ཟློག་ནུས་པ་ཞིག་དགོས་པ་དང་གཅིག གཞན་གྱི་སྒྲོ་སྐུར་ལ་ཉམས་མི་ང་བ་ཞིག་དགོས་པ་དང་གཉིས། མཚན་མའི་བྱ་བ་ལ་བློ་མི་འཇུག་པ་ཞིག་དགོས་པ་དང་གསུམ། སྒྲ་དང་ཐ་སྙད་ཀྱི་ཕྱིར་མི་འབྲེང་བ་ཞིག་དགོས་པ་དང་བཞིའོ། །ཞེས་དང་།  རྫོགས་ཆེན་ལྟ་བ་ཐོག་དབབ་ལེའུ་གོང་མའི་འགྲེལ་ལས།  སྤང་ཡང་མི་སྤང་།  ལེན་ཡང་མི་ལེན།  ཐད་དུ་གང་བྱུང་དེ་ལ་བརྩིས་ལྡབ་མི་གཏོང་ཞིང་།  རྒྱ་ཡན་དུ་སྤྱོད་ནུས་པའི་སྐྱེས་བུ་དེ་ནི། རྫོགས་ཆེན་འདི་ཉིད་ཀྱི་སྣོད་དུ་བཟང་བའོ། །ཞེས་གསུངས་པ་འདི་རྣམས་ཀྱི་དོན་རང་ཐོག་ཏུ་འཁེལ་མིན་ཁ་ནང་དུ་ཕྱོགས་ནས་རང་རྒྱུད་ལ་བསམ་གཞིགས་བྱའོ།།

སྒོམ་གྱི་དུས་གནད་ངོས་འཛིན།

ལས་དང་པོ་བ་ལྟ་བུ་ལ་དཔེར་མཚོན་ན།  སེམས་མ་བཅོས་པའི་ངང་ལ་རིག་པ་མ་གཡེང་པར་མཉམ་པར་བཞག་ནས་རྩོལ་མེད་རང་གྲོལ་གྱི་སྒོམ་ཐུན་བསྐྱངས་བའི་དུས་ཚོད་ནི།   བླ་ཆེན་དྲན་པས།   ཉི་མའི་གུང་དང་ནམ་གྱི་གུང་།  བྱིང་འཐིབས་དུས་སུ་སྒོམ་རྒྱུ་མིན།  སྲོད་དང་ཐོ་རངས་སྔ་དྲོ་དང་།  ཕྱི་དྲོའི་དུས་སུ་ཉམས་སུ་བླངས། ཞེས་གསུངས་པ་ལྟར།   ལས་དང་པོ་བའི་སྐབས་སུ་སྣང་བས་གནོད་པའི་དུས་ཡིན་པས།  སྲོད་དང་ཐོ་རངས་དང་སྔ་དྲོ་ནམ་ལངས་པའི་དུས་དང་ཕྱི་དྲོ་རྣམས་སུ་འཇོག་བཤིག་སྐྱོང་གསུམ་གནད་དུ་བསྣུན་དགོས་པར་གསུངས་སོ། །ཁྱད་པར་དུ་འབྱུང་བའི་དུས་གནད་ལ་གཞིགས་ན།  ཐོ་རངས་ནས་ནམ་མ་ལངས་ཀྱི་བར་དང་།  ནམ་ལངས་ནས་ཉི་མ་མ་ཤར་གྱི་བར་ནམ་མཁའི་རླུང་སྣ་ཁུང་གཉིས་ནས་རྒྱུ་བའི་དུས་ཡིན་པས།  དེའི་དུས་སུ་སྒོམ་ན་རིག་པ་དྲི་མེད་ཀ་དག་ཆེན་པོ་སྒྲིབ་མེད་ཟང་ཐལ་དུ་འཆར་བར་རྩ་རླུང་གི་མན་ངག་ལས་གསུངས་པས་ཤིན་ཏུ་དགེ་མཚན་ཆེ་བ་ཡིན་ནོ། །

གནས་དབེན་པ་བསྟེན་དགོས་པའི་རྒྱུ་མཚན།

འདིར་སྣང་གི་འདུ་འཛི་ལིང་གིས་བསྐྱུར་ནས་གནས་དབེན་པ་བསྟེན་དགོས་པའི་རྒྱུ་མཚན་ལ་གཉིས་ཏེ།  དང་པོ་ནི། ཕྱི་སྣང་བ་འདི་བསླུ་མཁས།  ནང་རིག་པ་འདི་བཅོལ་ཆུང་།  ཞེས་གསུངས་པ་ལྟར།  ལས་དང་པོ་བས་རིག་པ་ལ་དབང་མ་འབྱོར་བས་ཕྱི་ཡི་སྣང་བ་བཀྲ་ཅག་གེ་བ་འདི་དང་ནང་གི་འཛིན་པ་མཁྲེགས་པོ་འདི་གཉིས་ཀྱི་རྒྱུ་རྐྱེན་བྱས་ནས། སྣང་བ་ལ་འཛིན་པ་ཞུགས་ཏེ་སྣང་བའི་རྗེས་སུ་འབྲེངས་ནས་ཆགས་སྡང་རྨོངས་གསུམ་གྱི་བསླུ་བྲིད་ཀྱི་དབང་འོག་ཏུ་ཚུད་ཅིང་།  ཟིན་མེད་ཀྱི་འཁོར་བའི་མཚོ་མོར་བསྐལ་པ་མཐའ་མེད་ཀྱི་བར་དུ་བྱིང་བའི་ཉེན་ཚབས་ཤིན་ཏུ་ཆེ་བས།  འདིར་སྣང་ལིང་གིས་བསྐྱུར་ནས་ཕྱི་མའི་དོན་ཆེན་འགྲུབ་དགོས།  འདི་ཕྱི་ཟུང་དུ་འབྲེལ་ནས་ཀུན་བཟང་གདོད་མའི་རྒྱལ་སར་གཤེགས་པའི་རིག་འཛིན་དང་གྲུབ་ཐོབ་ཕོ་མོ་གང་ཡང་འདས་པའི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པས། དེས་ན་གཅིག་ངེས་པར་བློས་གཏོང་བྱ་དགོས་སོ།   །གཉིས་པ་ནི་ད་ལྟའི་རིག་པ་རྗེན་པ་འདི་ནི་རིག་པ་དྲི་མེད་ཀ་དག་ཆེན་པོའི་སྐུ་རུ་གནས་པས།  རིག་པ་གཤིས་ཀྱི་ངོ་བོ་ལ་ཐ་མལ་གྱི་སྣང་ཆེན་ཕྲ་རགས་ཐམས་ཅད་ཀ་ནས་དག་ཅིང་དབེན་པས་དེ་དང་བོན་མཐུན་གྱི་ཚུལ་དུ་དབེན་པའི་གནས་བསྟེན་དགོས་པ་སྟེ།   དེ་ཡང་ལས་དང་པོ་བའི་སྐབས་འདིར།  དབེན་པའི་གནས་མཚན་ཉིད་ལྔ་དང་ལྡན་པ་ཞེས་བྱ་བ།  གཟུགས་ཅན་དགྲ་ཡི་བར་ཆད་ཀྱི་དབེན་པ་ཞེས་བྱ་བ་མི་ཁྱི་ཡི་གཡེང་བ་མེད་པའི་ས་དང་།  གཟུགས་མེད་ལྷ་འདྲེའི་བར་ཆད་ཀྱི་དབེན་པ་ཞེས་བྱ་བ་ལྷ་འདྲེ་གདུག་པ་ཅན་གྱི་བར་ཆད་མེད་པ་དང་།  ནད་ཀྱི་བར་ཆད་ཀྱི་དབེན་པ་ཞེས་བྱ་བ་རིམ་ནད་མི་ལྡང་བའི་ས་དང་།   ཡོ་བྱད་ཀྱི་བར་ཆད་ཀྱི་དབེན་པ་ཞེས་བྱ་བ་ཇག་པ་དང་རྐུན་མ་མེད་པའི་ས།  ཏིང་ངེ་འཛིན་གྱི་བར་ཆད་ཀྱི་དབེན་པ་ཞེས་བྱ་བ་ཟང་ཟིང་འདུ་འཛི་མེད་པའི་ས་སྟེ།  དབེན་པ་ལྔ་དང་ལྡན་པའི་གནས་གཡའ་རི་གངས་བྲག་གམ་དབེན་པའི་རི་ཁྲོད།  ཡང་ན་ཉམས་དགའ་བ་ཡིད་དུ་འོང་བ་བདེ་གསལ་མི་རྟོག་པའི་ཉམས་རང་འབབ་ཏུ་བྱུང་བའི་སྔོན་བྱོན་རིག་འཛིན་གོང་མའི་སྒྲུབ་གནས་སོགས་མདོར་ན་མི་ཁྱིའི་གཡེང་བ་མེད་པ་ས་ཞིག་ངེས་པར་དགོས་པ་སྟེ།  གསེར་གྱི་ལུང་ནོན་ཆེ་བ་ལས། སེམས་དབེན་པས་གནས་དབེན་པ་བཙལ་ལ།  ངང་རིང་བར་ལུང་བརྣན་ཞིང་བསྒོམས་ཏེ།  བག་ཆགས་ཀྱི་རྗེས་སུ་མི་འབྲེང། མཚན་མའི་རྩད་མི་གཅོད།  འཁྲུལ་པའི་བློ་མི་འབྱུང་།  སེམས་ལ་རྩོལ་བ་མ་གཞུགས།  དགོངས་པ་ལ་གཟའ་གཏད་མི་འཆའ།  བྱུང་ཚོར་ལ་རྣམ་རྟོག་མ་བསླང་།  ཏིང་ངེ་འཛིན་ལ་བཏང་སྙོམས་མི་བྱ།  ཞེས་གདམས་པ་ལྟར་ལ།  དེ་ལྟ་བུའི་གནས་དབེན་པའི་ས་རུ་ལུས་སུས་ཀྱང་མ་མཐོང་བར་སྦ་བ་དང་།  མི་དང་ཁ་ལག་མ་འདྲེས་ཤིང་མི་ཚིག་ལ་མ་ཡེངས་པར་ངག་སྦ་བ་དང་།   ཁ་ནང་དུ་བསྐོར་ནས་རིག་པ་མ་བཅོས་པའི་ངང་དུ་སྦ་ནས་སྒོམ་པར་བྱའོ།  །དེ་ལྟར་དགོངས་པ་ཐང་བཅད་ནས་སྒོམ་པས་ཉམས་སོད་ཀྱི་བསླུ་བ་དང་།  བག་ཆགས་ཀྱི་བསླུ་བ་དང་།  ཉོན་མོངས་ཀྱི་བསླུ་བ་གང་བྱུང་ཡང་།  ཐམས་ཅད་རྒྱ་ཡན་གྱི་ངང་དུ་གློད་ནས་གོམས་པའི་ངང་བསྲིངས་པས་དགོངས་པ་རྒྱ་མཚོ་བཞིན་དུ་མེར་བར་འགྱུར་རོ། །གློད་པ་རབ་ལ་སྒོམ་རབ།  གློད་པ་འབྲིང་ལ་སྒོམ་འབྲིང་།  གློད་པ་ཐ་མ་ལ་སྒོམ་ཐ་མ་ཞེས་གསུངས་སྲོལ་ཡོད་དོ།  །གནས་དབེན་པ་བསྟེན་ནས་སྒོམ་པའི་ཕན་ཡོན་གང་ཞིག་ཡོད་དམ་ཞེ་ན།  མཁས་གྲུབ་ཆེན་པོ་གཡོར་པོ་མེད་དཔལ་གྱིས་མཛད་པའི་ངོ་སྤྲོད་རིན་ཆེན་གསལ་འདེབས་ཀྱི་གཞུང་ལས།  དབེན་པ་བསྟེན་པས་མ་བཅོས་གཉུག་མ་ཤར།  མ་བཅོས་གཉུག་མ་ཤར་བས་སེམས་ཀྱི་དྭངས་སྙིགས་ཕྱེད།  སེམས་ཀྱི་དྭངས་སྙིགས་ཕྱེད་པས་རྩའི་དྭངས་སྙིགས་ཕྱེད། རྩའི་དྭངས་སྙིགས་ཕྱེད་པས་ཐིག་ལེའི་དྭངས་སྙིགས་ཕྱེད།  ཐིག་ལེའི་དྭངས་སྙིགས་ཕྱེད་པས་རླུང་གི་དྭངས་སྙིགས་ཕྱེད། རླུང་གི་དྭངས་སྙིགས་ཕྱེད་པས་ཤེས་པའི་དྭངས་སྙིགས་ཕྱེད།  ཤེས་པའི་དྭངས་སྙིགས་ཕྱེད་པས་ཕྱོགས་མེད་ཀུན་ཏུ་གྲོལ། རྣམ་གྲོལ་ཆེན་པོ་ཐམས་ཅད་མཁྱེན་པའི་སྐུ།  འགག་མེད་ཐུགས་རྗེའི་འོད་ཟེར་འགྲོ་བ་ཡོངས་ལ་སྙོམས། འདི་མན་ངག་གུད་དུ་སྦས་པའི་གནད། འཇིག་རྟེན་བློས་བཏང་རིག་འཛིན་གཅིག་གིས་ཐོབ། འཕྲིན་ལས་མཐའ་རུ་ཕྱིན་པ་དེ་ལྟར་རོ། །ཞེས་གདམས་པའི་ཆེ་བ་འདི་ལ་ཡིད་བརྟོན་པར་བྱའོ། །

ལུས་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་བཅའ་བའི་དགོས་པའམ་མཚོན་དོན།

ཁྲེགས་ཆོད་ཀྱི་ལུས་གནད་ལ་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་དང་།   ཐོད་རྒལ་གྱི་ལུས་གནད་ལ་སེང་གེ་འགྱིང་ཚུགས།  གླང་ཆེན་ཉལ་སྟབས།  དྲང་སྲོང་ཙོག་པུ།  ངང་མོ་ཟུར་འགྲོས།  ཤེལ་གྱི་རྣ་ཕོ་བྲག་ལ་འཛེགས་ཚུལ་སོགས་སོ་སོ་ནས་ཡོད་པས་ད་ལན་གྱི་སྐབས་འདིར་ཁྲེགས་ཆོད་ཀྱི་ལུས་གནད་ཆ་ལུགས་ལྔ་ལྡན་འདི་ཉིད་ཉམས་སུ་བླང་བར་བྱའོ།  སྤྱིར་རྫོགས་ཆེན་གྱི་སྙིང་པོ་ཐོད་རྒལ་དང་།  ཐོད་རྒལ་གྱི་རྩ་བ་ཁྲེགས་ཆོད།  ཁྲེགས་ཆོད་ཀྱི་གཞི་མ་མཉམ་བཞག་ཡིན་གསུང་སྲོལ་ཡོད།  འདིའི་མཉམ་བཞག་དང་འོག་མའི་མཉམ་བཞག་གཉིས་གཏན་ནས་མི་འདྲ།  འདི་ནི་སྣང་བར་སྤོང་སྡུད་ཞེན་གསུམ་གང་ཡང་མ་བྱེད་པར་སེམས་མ་བཅོས་པའི་ངང་ལ་རིག་པ་མ་གཡེང་པར་མཉམ་པར་བཞག་པའི་ཚེ།  སྣང་བ་ཐམས་ཅད་རིག་པའི་མདངས་སུ་སྒྲིབ་མེད་ཟང་ཐལ་དུ་ཤར་བ་ཡིན་ལ།  འོག་མའི་མཉམ་བཞག་ནི་སྣང་བ་བཙན་ཐབས་ཀྱིས་བཀག་པའི་སྟོང་ཟད་འབའ་ཞིག་གོ  ཁྲེགས་ཆོད་ཅེས་པ་ནི། རིམ་རྩོལ་ལ་མི་བརྟེན་པར་ཅིག་ཆར་དུ་གཅོད་པའམ་ཐད་ཀར་གཅོད་པའི་དོན་ཡིན།   དཔེར་ན་རྩ་བརྒྱ་གཅོད་བྱེད་ལ་ཟོར་བ་བརྒྱ་མི་དགོས་པར་ཟོར་བ་གཅིག་གིས་ཐམས་ཅད་ཐད་ཀར་རྦད་གཅོད་བྱེད་ནུས་པའམ། རོལ་བ་བརྒྱ་སྙོམས་པ་ལ་ཤལ་བ་བརྒྱ་མི་དགོས་པར་ཤལ་བ་ཡུག་གཅིག་གིས་ཀུན་སྙོམས་པའམ།  བྱ་བརྒྱ་ལ་འུར་རྡོ་བརྒྱ་མི་དགོས་པར་གཅིག་གིས་ཐམས་ཅད་དེད་ནུས་པའམ།  ཆུ་བརྒྱ་ལ་ཟམ་བརྒྱ་མི་དགོས་པར་ཆུ་བརྒྱ་ཟམ་འོག་གཅིག་ཏུ་བསྡུས་ནུས་པ་དང་འདྲ་བར།  ས་རིམ་གྱིས་པ་དང་ལམ་རིམ་གྱིས་པ་ལ་སོགས་བློ་ཡི་རྩོལ་སྒྲུབ་ལ་ལྟོས་མི་དགོས་པར།  སེམས་མ་བཅོས་པའི་ངང་ལ་རིག་པ་མ་ཡེངས་པར་མཉམ་པར་བཞག་པའི་ཚེ།  གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་གཅིག་གིས་ཐ་མལ་གྱི་སྣང་ཞེན་ཕྲ་རགས་དང་བཅས་པ་ཐམས་ཅད་ཐད་ཀར་རྦད་ཆོད་བྱེད་ནུས་པའི་དོན་ཡིན་ནོ།  །ཁྲིག་ཆོད་ཀྱང་འབྲི་སྲོལ་ཡོད།  ཐོད་རྒལ་ཞེས་པ་ནི་ཁྲེགས་ཆོད་རྩ་བ་རུ་བྱས་ནས་སྒྲོན་མ་བཞི་ཡི་གནད་ཀྱིས་བཅིངས་ཏེ་རིག་མདངས་འོད་གསལ་གྱི་སྣང་ཆ་ཉམས་སུ་ལེན་ཐབས་ཤིག་ཡིན་པས་ཕྱིས་སུ་འཆད་དོ། །སྐབས་སུ་བབས་པ་ཁྲེགས་ཆོད་ཀྱི་ལུས་གནད་ཆ་ལུགས་ཀྱི་ལྔ་ལྡན་གྱི་མཚོན་དོན་གཞུང་སོ་སོ་ནས་བཤད་པ་མང་ཡང་འདིར་རྗེ་བཙུན་རི་ཁྲོད་པ་ཆེན་པོ་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་ཞལ་ཁྲིད་ཇི་བཞིན་བཤད་ན་འདི་ལྟར་ཏེ།  རྐང་པ་དཀྱིལ་ཀྲུང་དུ་འདུག་པ་ནི།  ཀུན་སྣང་ཁྱབ་པའི་དགོངས་པ་ཡིན།  གཏི་མུག་དག  བོན་དབྱིངས་སྤྲོས་བྲལ་གྱི་དོན་རྟོགས་ནས་སྟོང་ཉིད་ཡེ་ཤེས་འཆར་བར་གསུངས། ཕྱག་གཉིས་མཉམ་པར་བཞག་པ་ནི།  བྱེ་བྲག་དངོས་མེད་ཀྱི་དགོངས་པ་ཡིན།  འདོད་ཆགས་ཀྱི་མཚན་མ་རང་སར་དག  སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་པར་གསུངས། སྒལ་ཚིགས་དྲང་པོར་བསྲང་པ་ནི།  གསལ་བ་རང་འབྱུང་གི་དགོངས་པ་ཡིན།  ཞེ་སྡང་གི་མཚན་མ་རང་སར་དགམེ་ལོང་ཡེ་ཤེས་ཀྱི་དོན་རྟོགས་པར་གསུངས།  དཔུང་པ་འགྱིང་།  མགྲིན་པ་བཀུག་པ་ནི།  དགེ་ལྷ་གར་ཕྱུག་གི་དགོངས་པ་ཡིན།  ང་རྒྱལ་དགམཉམ་ཉིད་ཡེ་ཤེས་ཀྱི་དོན་རྟོགས་པར་གསུངས། མིག་ཟིམ་བུར་སྣ་རྩེར་ཕབ།  མཆུ་སོ་བར་ནས་འབྲུ་ཐར་རྩམ་བྱ།  དབུགས་གར་བདེར་སྙོམས་ལ་ལྷོད་པོར་བཏང་བ་ནི།  དགའ་བ་དོན་གྲུབ་ཀྱི་དགོངས་པ་ཡིན།  ཕྲག་དོག་དག བྱ་གྲུབ་ཡེ་ཤེས་ཀྱི་དོན་རྟོགས་གསུངས་སོ།  །དེས་ན་སྒོ་གསུམ་གྱི་གནད་རྣམས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན་པ་སེམས་ཕྱོགས་ཀྱི་གཞུང་རྣམས་ལས་ཡང་ནས་ཡང་དུ་གསུངས་སོ།  དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་མ་བཙིར་བར་དུ་ཕྱིར་མི་མངོན་པ་དང་།  མི་ཡི་ལུས་ལ་ཟུངས་ཁྲག་ཡོད་ཀྱང་མཚོན་མ་བསྣུན་བར་ཕྱིར་མི་ཕྱུང་བ་ལྟར།  རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་དང་རང་མདངས་འོད་གསལ་གྱི་སྣང་གསུམ་ཡང་རང་ལ་ཡེ་ནས་ཡོད་ཀྱང་གནད་ཀྱིས་མ་བཅུན་པར་མངོན་དུ་མི་གྱུར་བའོ་ཞེས་སེམས་ཕྱོགས་ཀྱི་གཞུང་ཆེན་རྒྱ་མཚོ་རྣམས་ལས་གསལ་བ་དེ་ལྟར་རོ།  །

 

སེམས་འཚོལ་ཐབས་ཀྱི་རིམ་པ།

རྫོགས་ཆེན་དབང་པོ་ཡང་རབ་སྣང་སེམས་དབྱེར་མེད་ཀྱི་ངོ་སྤྲོད་བསྟན་པ་ཙམ་གྱི་རྟོགས་གྲོལ་དུས་མཉམ་དུ་འགྲོ་བར་ངེས་པར་རིགས་དང་།  དབང་པོ་འབྲིང་ཐོད་རྒལ་ཡེ་ཤེས་ངོ་སྤྲོད་པ་གཅེར་མཐོང་གཅེར་གྲོལ་གྱི་ཚུལ་དུ་གྲོལ་བར་ངེས་པའི་སྦྱངས་པ་སྔོན་སོང་གི་སྐྱེས་བུ་ཁྱད་པར་ཅན་རྣམས་ལ།  ལུས་རྟེན་འདིའི་སྟེང་སྔོན་འགྲོ་བོན་སྤྱོད་ཀྱི་རིམ་པ་དང་དངོས་གཞི་མཚན་བཅས་དང་མཚན་མེད་ཀྱི་རིམ་པ་རྣམས་རིམ་བཞིན་འགྲོ་མི་དགོས་ཀྱང་།   དབང་ཐ་རྣམས་ལ་མཚོན་ན་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་ཀྱི་གཞུང་ལས།  ལྔ་པ་དང་པོ་བླ་མ་མཚན་ལྡན་བསྟེན། བླ་མའི་ཐུགས་རྣམས་བཟུང་ཞིང་ཅི་གསུང་བསྒྲུབ།  ཕྱི་ནང་གསང་གསུམ་དབང་རྣམས་རྫོགས་པར་ཞུ།  དེ་ནས་ཐོས་པ་ཕྱོགས་མེད་སྦྱང་པར་བྱ།  བདག་ཕྱོགས་མེད་པའི་སེམས་བསྐྱེད་ཀྱིས། སེམས་ཅན་དོན་དུ་བསྔོས་བྱས་ལ།  བསོད་ནམས་རྒྱུའི་ཚོགས་རྣམས་བཏང་།  སྒྲིབ་པ་སྦྱང་བའི་ཐབས་རྣམས་ལ།  ལོའམ་ཟླ་བར་འབད་པར་བྱ།  གཅིག་པ་མཚན་མའི་མཚན་ལ་སེམས་བཟུང་སྟེ།  དེ་ནས་ཞི་གནས་དོན་ལ་བསྒོམ་པར་བྱ།  དེ་ནས་ལྷག་མཐོང་ཡེ་ཤེས་བསྟན།  ཞི་ལྷག་ཟུང་འཇུག་དོན་ལ་གོམས་པ་དང་། གགས་དང་གོལ་སའི་འཕྲང་རྣམས་བཅད།  མཉམ་རྗེས་གཉིས་མེད་དོན་ལ་གོམས་པ་དང་།  ལྟ་སྤྱོད་ཟུང་འཇུག་རྟོགས་དགོས་པས། ཞེས་གདམས་པ་ལྟར་སྔོན་འགྲོ་བོན་སྤྱོད་ཀྱི་རིམ་པ་དང་།  དངོས་གཞི་མཚན་བཅས་ལ་སེམས་བཟུང་། མཚན་མེད་ལ་མཉམ་བཞག།  གནས་ལུགས་དོན་གྱི་ངོ་སྤྲོད་ཀྱི་རིམ་པ་རྣམས་ཚུལ་བཞིན་དུ་བྱས་ནས་རིག་པའི་ཆུ་རྒྱུན་མ་བཅད་པའི་སྒོ་ནས་གཉུག་མའི་ངང་ཐག་བསྲིངས་དགོས་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། དང་པོ་སེམས་དང་སེམས་ཉིད་གཉིས་ཀྱི་ཁྱད་པར་ངོས་བཟུང་བ། གཉིས་པ་རྣམ་རྟོག་ཀྱི་སེམས་འཚོལ་ནས་གཉུག་མ་བྱང་ཆུབ་ཀྱི་སེམས་རྙེད་ཅེས་བྱ་བ་ག་འདྲ་ཞིག་ལ་ངོས་འཛིན་པ། གསུམ་པ་བྱང་ཆུབ་ཀྱི་སེམས་འཚོལ་ནས་བྱང་ཆུབ་ཀྱི་སེམས་རྙེད་ཅེས་བྱ་བ་ཅི་འདྲ་ཞིག་ལ་ངོས་འཛིན་ཞུས་པ། བཞི་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གཞི་རང་འབྱུང་གི་ཡེ་ཤེས་ཆེན་པོ་དེ་བསོད་ནམས་ཅན་སུ་འདྲ་ཞིག་ལ་རྙེད་སོན་བྱུང་བ། དང་པོ་སེམས་དང་སེམས་ཉིད་གཉིས་ཀྱི་ཁྱད་པར་ངོས་བཟུང་བ་ནི། རྫོགས་པ་ཆེན་པོ་ཡང་གསང་གནས་ལུགས་ཕུགས་ཆོད་ཀྱི་གཞུང་ལས།  སེམས་དང་སེམས་ཉིད་ངོ་ཡིས་བཟུང་བ་ནི།  རྟོག་པ་མེད་པ།  ཀུན་གྱི་གཞིར་གྱུར་པ།  ལུང་དུ་མ་བསྟན་པ།  འབྱུང་རུང་མ་འགག་པ་དང་བཞི་ནི། ཀུན་གཞི་སྟེ་སེམས་ཉིད་དོ།  །དྲན་ཞིང་རིག་པ།  ཅི་ཡང་འཆར་བ།  གློད་ན་གྲོལ་བ།  བཞག་ན་འདྲེས་པ་དང་བཞི་ནི་བློ་སྟེ་སེམས་སོ།  །ཞེས་གསུངས།   གྱེར་སྤུངས་ཆེན་པོ་སྣང་བཞེར་ལོད་པོས་མཛད་པའི་གཟེར་བུ་ཉེར་གཅིག་གི་འགྲེལ་ལས།  བཞི་པ་སེམས་དང་སེམས་ཉིད་ངོས་བཟུང་བ་ལ་གཉིས་ཏེ།  སེམས་ཉིད་ངོས་བཟུང་བ་དང་།  སེམས་ངོས་བཟུང་བའོ། །དང་པོ་ནི་སེམས་ཉིད་ཀུན་གཞིའི་ངོ་བོ་ནི། རྟོག་པ་མེད་པ།  དྲན་རིག་ཀུན་གྱི་འཆར་གཞིར་གྱུར་པ།  གང་དུ་ཡང་ལུང་དུ་མ་བསྟན་པས་རྒྱ་མ་ཆད།  འབྱུང་རུང་མ་འགག་པས་ཅིར་ཡང་འཆར་དུ་རུང་བ། དེ་བཞི་ནི་ཀུན་གཞི་སྟེ་སེམས་ཉིད་ཡིན་པར་ངོས་བཟུང་ངོ་།  །གཉིས་པ་སེམས་ངོས་བཟུང་བ་ནི།  ངོ་བོ་དྲན་ཞིང་རིག་པ། བསམ་ན་དྲན་རྟོག་ཅི་ཡང་འཆར་བ། མ་བསམ་རང་སར་གློད་ན་ཀུན་གཞིའི་ངང་དུ་རང་གྲོལ་བ། མ་བཅོས་ངང་ལ་བཞག་ན་སེམས་མ་བུ་དབྱེར་མེད་དུ་འདྲེས་པ།  དེ་བཞི་ནི་བློ་ཞེས་ཀྱང་བྱ། ཡིད་ཅེས་ཀྱང་བྱ།  སེམས་ཀྱི་ངོ་བོ་ངོས་བཟུང་བའོ། །ཞེས་གསུངས་སོ། །གཉིས་པ་རྣམ་རྟོག་གི་སེམས་འཚོལ་ནས་གཉུག་མ་བྱང་ཆུབ་ཀྱི་སེམས་རྙེད་ཅེས་བྱ་བ་ནི།  ད་ལྟ་རང་གི་རྒྱུད་ཀྱི་མི་དྲན་དགུ་དྲན་གྱི་སེམས་འདི།   ཉིན་གཅིག་ལ་མནོ་བསམ་དྲུག་གསུམ་བཅོ་བརྒྱད་བསྐོར་བའི་སེམས་འདི། བསམ་བློ་གཏོང་མཁན་གྱི་སེམས་འདི།  འཛིན་སྟངས་བཟུང་མཁན་གྱི་སེམས་འདི།  འཛིན་ཆགས་ཞེན་གསུམ་བྱེད་མཁན་གྱི་སེམས་འདི།  སྣང་བའི་ཡུལ་ལ་རྗེས་འབྲེངས་བྱེད་མཁན་གྱི་སེམས་འདི།  དམིགས་པ་གཏད་མཁན་གྱི་སེམས་འདི།  དགག་སྒྲུབ་བྱེད་མཁན་གྱི་སེམས་འདི།  འགྲིག་སོང་བསམ་མཁན།  འགྲིག་མ་སོང་བསམ་མཁན།  འགྲོ་དགོས་བསམ་མཁན།  བསྡད་དགོས་བསམ་མཁན།  ངས་ཤེས་སོང་བསམ་མཁན།  ངས་ཤེས་མ་སོང་བསམ་མཁན།  འདི་དེ་ཡིན་བསམ་མཁན།  འདི་དེ་མིན་བསམ་མཁན།   མདོར་ན་གཟུང་འཛིན་གཉིས་ཀྱི་བདག་པོ་འཛིན་སྟངས་ཅན་གྱི་རྣམ་ཤེས་རླུང་གི་རྟ་ལ་བཞོན་ནས་འགྱུ་བའི་ལས་བྱེད་མཁན་གྱི་བློ་ཟེར་བའི་བྲེལ་བྲེལ་འཚུབ་འཚུབ་པོ་འདི་ཡི་ངོ་བོ་དང་། རང་བཞིན་སོགས་ཅི་འདྲ་ཡོད་མེད།  དང་པོ་གང་ནས་བྱུང་བའི་ཁུངས་ཡོད་མེད།  ད་ལྟ་གང་དུ་གནས་པའི་ས་ཡོད་མེད།  མ་འོངས་གང་དུ་འགྲོ་བའི་ཤུལ་ཡོད་མེད།  འདི་ལ་ཁ་དོག་ཡོད་མེད།  དབྱིབས་ཡོད་མེད།  འདི་ལ་ངོས་འཛིན་ཡོད་མེད།  འདི་ལ་རྟེན་ས་དང་ཆགས་ས་ཞིག་ཡོད་མེད།  འདི་ཡིས་ལས་གང་ཞིག་བྱེད་མི་བྱེད།  འདི་ཉིད་ཕྱི་སྣང་བའི་ཡུལ་དང་།  ནང་ཕུང་ཁམས་སྐྱེ་མཆེད་སོགས།  གང་ཞིག་གི་སྟེང་དུ་ཡོད་མེད།  མཐོ་སྲིད་པའི་རྩེ་མོ་ནས་བཟུང་དམའ་ན་རག་དམྱལ་བའི་བརྡར་ལ་མ་ཐུག་པའི་བར་གང་ཞིག་ཏུ་ཡོད་མེད།  མགོ་ཡི་སྐྲ་རྩེ་ནས་བཟུང་རྐང་པའི་རྨིག་རྩེ་ཡན་ཆད་གང་ཞིག་ཏུ་ཡོད་མེད་ཀྱི་ཁུངས་བཅར་ནས་ཞིབ་དཔྱོད་རྩད་བཅད་ལེགས་པར་བྱས་ནས་ཤ་ཆོད་རུས་ཆོད་བྱེད་དེ་འཚོལ་རྒྱུ་དེ་ཡིན།  དེ་ལྟར་རྟོག་དཔྱོད་ཞིབ་འཇུག་ཇི་ཙམ་བྱེད་ཀྱང་དང་པོ་བྱུང་བའི་ཁུངས་མ་རྙེད།  བར་དུ་གནས་པའི་ས་མ་རྙེད།  བར་དུ་འགྲོ་བའི་ཤུལ་མ་རྙེད་ནས་བློ་ཡི་ནུས་པ་ཐམས་ཅད་ཡོངས་སུ་ཟད་ནས་མཐར་མ་བཅོས་པའི་ངང་ལ་རྩོལ་བ་གློད་ནས་གཏད་མེད་ཡངས་པ་ཆེན་པོར་བཞག་པས་སེམས་ཀྱི་རང་བཞིན་གཉུག་མ་ཡེ་ཤེས་ཀྱི་ངོ་བོ་རྗེན་པ་ལྷང་གི་མཐོང་བ་ལ།  གཉུག་མ་བྱང་ཆུབ་ཀྱི་སེམས་རྙེད་ཅེས་བྱའོ།  །བྱང་ཆུབ་ཀྱི་སེམས་འཚོལ་ནས་བྱང་ཆུབ་ཀྱི་སེམས་རྙེད་ཅེས་བྱ་བ་ནི།  སེམས་ཀྱི་རང་བཞིན་གཉུག་མ་རང་གསལ་གྱི་ཡེ་ཤེས་སམ་གཞི་རང་འབྱུང་གི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་ཚུལ་ཇི་ལྟར་བྱས་ནས་འཚོལ་དགོས་སམ་ཞེ་ན།  བརྟག་དཔྱད་བྱས་ནས་འདི་འཚོལ་ན་རྙེད་མི་སྲིད་དོ། །དགག་སྒྲུབ་བྱས་ནས་འདི་འཚོལ་ན་རྙེད་མི་སྲིད་དོ།  །མནོ་བསམ་ཇི་ཙམ་སྐོར་ནས་འདི་འཚོལ་ན་རྙེད་མི་སྲིད་དོ།  །འཛིན་སྟངས་བཟུང་ནས་བཙལ་ན་འདི་རྙིད་མི་སྲིད་དོ།  དམིགས་པ་གཏད་ནས་བཙལ་ན་འདི་རྙེད་མི་སྲིད་དོ།  །ཞེན་པ་ཞུགས་ནས་བཙལ་ན་འདི་རྙེད་མི་སྲིད་དོ།  །མདོར་ན་འཛིན་ཆགས་ཞེན་གསུམ་དང་།  སྤོང་སྡུད་ཞེན་གསུམ། རྟོག་དཔྱོད་རྩོལ་སྒོམ་སོགས་གང་ཞིག་བྱེད་ཀྱང་འདི་རྙེད་མི་སྲིད་དོ། །ཟབ་ཅིང་རྣོ་བའི་བདེ་བར་གཤེགས་པའི་བཀའ་ལུང་གིས་ཀྱང་འདི་ཉིད་གཏན་ལ་མི་ཕེབས་ལ་འདི་རྙེད་མི་སྲིད་དོ། །ཇི་ཙམ་ཁ་བཤད་མཁས་པའི་མཁས་པའི་ངག་གིས་ཀྱང་འདི་ཉིད་གཏན་ལ་མི་ཕེབས་ལ་མི་རྙེད་དོ། །རྟོགས་པར་ཤོག་བསམ་ནས་རེ་བ་ཇི་ཙམ་བརྒྱབ་ཀྱང་འདི་མི་རྙེད་དོ།  །བརྟག་དཔྱད་མཁས་མི་མཁས།  ཐོས་པ་ཆེ་མི་ཆེ།  བློ་རྩལ་ཡོད་མེད། བློ་ཡི་འབད་རྩོལ་དྲག་ཞན་སོགས་གང་གིས་ཀྱང་འདི་གཏན་ལ་མི་ཕེབས་ལ་རྙེད་མི་སྲིད་དོ།  །བྱ་བ་བྱེད་པའི་རིགས་པ་སྟེ་རྟོག་གེ་བའི་མངོན་སུམ་དང་རྗེས་དཔག་གིས་ཀྱང་འདི་ཉིད་གཏན་ལ་མི་ཕེབས་ལ་རྙེད་མི་སྲིད་དོ།  །ལྟོས་ཏེ་ཤེས་པའི་རིགས་པ་སྟེ་ཕན་ཚུན་ལྟོས་འཇོག་གི་རྟེན་འབྲེལ་གྱི་རིགས་པས་ཀྱང་འདི་ཉིད་གཏན་ལ་མི་ཕེབས་ལ་རྙེད་མི་སྲིད་དོ།  །འཐད་པ་སྒྲུབ་པའི་རིགས་པ་སྟེ་རང་གཞུང་སྒྲུབ་གཞན་གཞུང་དགག་པའི་རིགས་པས་ཀྱང་འདི་ཉིད་གཏན་ལ་མི་ཕེབས་ལ་རྙེད་མི་སྲིད་དོ། །ཡུལ་དང་ཡུལ་ཅན་དུ་བཟུང་ནས་གཏན་ལ་ཕབས་རྒྱུ་ནི་འདི་ལ་མེད་དོ། །བྱ་བ་པོ་དང་བྱེད་པ་པོ་རུ་བཟུང་ནས་གཏན་ལ་ཕབས་རྒྱུ་ནི་འདི་ལ་མེད་དོ། །གཟུང་འཛིན་གཉིས་སུ་ལྟ་ནས་གཏན་ལ་ཕབས་རྒྱུ་ནི་འདི་ལ་མེད་དོ། །སེམས་ལུང་སྟོན་པའི་སྒྲོན་མེ་ལུང་ཆེན་ཀུན་འདུས་ལས་གསལ་བའི་ཀླུ་སྒྲུབ་ཡེ་ཤེས་སྙིང་པོས་གཤེན་ལྷ་འོད་དཀར་འཚོལ་བའི་རྣམ་ཐར་ལ་གཟིགས་ནས་དམར་ཐག་ཆོད་པར་བྱའོ།  །མདོར་ན་རང་འབྱུང་ཡེ་ཤེས་ཞེས་བྱ་བ་སྟོང་པ་རང་གསལ་ཡིན་པ་ལས་བློ་ཡི་ཕྱོགས་ལ་མེད་པ་ནི། འདི་ཡི་རང་གཤིས་ཡིན་པའི་གནད་ཀྱིས་སོ། །ཚུལ་འདི་ལྟ་བུ་ལ་དགོངས་ནས།  སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལས།  རང་རིག་དྲི་མ་ལྔ་བྲལ་བས།  ཐམས་ཅད་ཡེ་སངས་རྒྱས་ཞེས་གསུངས་པ་སྟེ།  བསམ་པ་བློ་ཡི་དྲི་མ་དང་བྲལ།  དམིགས་པ་གཟུང་འཛིན་གྱི་དྲི་མ་དང་བྲལ། སྤྲོས་པ་ཐ་སྙད་ཀྱི་དྲི་མ་དང་བྲལ། མཚོན་པ་མཚན་པའི་དྲི་མ་དང་བྲལ།  འདུས་བྱས་སྐྱེ་འཇིག་གི་དྲི་མ་དང་བྲལ་བའོ།  །ཚུལ་འདི་ལྟ་བུ་ལ་དགོངས་ནས། བླ་ཆེན་དྲན་པ་ནམ་མཁས་ངེས་དོན་ནམ་མཁའ་འཕྲུལ་མཛོད་གྱི་འགྲེལ་ལས།  བཙལ་བས་སྟོར།  སྒོམ་པས་སླད།  བལྟས་པས་སྒྲིབ།  བྱ་བྱེད་མང་ན་འཁོར་བར་འཁྱམས་ཉན་གདའ་བས། དེས་ན་བྱར་མེད་ཀྱི་ངང་ལ་ཞོག་ཅེས་གསུངས་སོ། །འོ་ན་བྱང་ཆུབ་ཀྱི་སེམས་ཇི་ལྟར་འཚོལ་དགོས་སམ་ཞེ་ན།  འདས་པའི་རྗེས་མ་གཅོད།  མ་འོངས་པའི་སྔུན་མ་བསུ།  ད་ལྟ་བ་ལ་རྩིས་གདབ་མ་བྱེད།  ཕྱི་ཡི་ཡུལ་ལ་མ་བརྟག། ནང་གི་སེམས་ལ་མ་དཔྱད།  སྔ་ཕྱིར་མི་འབྲེང་བར།  རྒྱ་མཚོ་རླུང་དང་བྲལ་བ་ལྟ་བུ་མ་བཅོས་མ་སླད་པའི་ངང་དུ་སོ་མ་རང་ལུགས་སུ་བཞག་པས།  སྙིགས་མའི་རྟོག་ཚོགས་ཐམས་ཅད་ངང་གིས་དག་ནས་གསལ་སྟོང་རིག་པའི་སྙིང་པོ་ཅན་སྒྲིབ་གཡོག་མེད་པར་ཤར་བ་ལ། བྱང་ཆུབ་ཀྱི་སེམས་བཙལ་ནས་བྱང་ཆུབ་ཀྱི་སེམས་རྙེད་ཅེས་པ་དེའོ། །བླ་ཆེན་དྲན་པས་མཛད་པའི་མན་ངག་གནད་ཀྱི་ལྡེ་མིག་ལས།  བཞག་ན་གསལ་ལ་བརྟག་ན་མི་གསལ་བ་ཞིག་ཡིན། ཞེས་གསུངས་སོ། །འདི་ལྟ་བུའི་དོན་དེ་ལ་གཉུག་མའི་ངང་ཐག་བསྲིངས་ནས་ཉམས་ལེན་གྱི་རྒྱུན་སྐྱོང་བ་ནི་བསྟན་པའི་སྙིང་པོ་འདི་ཉིད་བཙའ་སྐྱོང་བྱེད་པ་ཡིན་ནོ། །སེམས་སྨད་སྡེ་དགུའི་ནང་ཚན་གསེར་གྱི་ལུང་ནོན་ཆེ་བ་ལས།  དེ་བཙལ་བའི་ཐབས་ནི།  ཅིར་ཡང་མ་བཅོས་པའི་ངང་ལ། མི་དམིགས་པའི་ཚུལ་གྱིས། རིག་པ་རྒྱུན་ཆགས་སུ་གསལ་བཏབ་སྟེ།  དེ་ལས་མི་འདའ་བ་ནི་བཙལ་བའི་ཐབས་ཡིན་ནོ། །ཞེས་དང་།  དེ་ཉིད་ལས།  ཅིར་ཡང་མ་བཅོས་པའི་ངང་ལ་རིག་པ་རྒྱུན་ཆགས་སུ་གསལ་ཐེབས་ནས།  བཞུགས་པ་དེ་ལས་མི་འདའ་བ་ནི་སེམས་ཀྱི་བཙའ་ཐབས་སོ། །ཞེས་གསུངས་པ་དེའོ། །

རླུང་རོ་དགུ་ཕྲུགས་འབུད་ཐབས་ཡེ་ཤེས་རང་འབར་གྱི་དགོངས་དོན།

རྩ་གཡས་དཀར་གཡོན་དམར་དབུས་མཐིང་གསུམ་གསལ་གདབ་ལ།  སྲིན་མཛུབ་གཡས་པས་སྣ་སྒོ་གཡས་བཀག་ལ་གཡོན་ནས་རྔུབ།  གཡོན་བཀག་ལ་གཡས་ནས་ཕྱིར་ཕྱུང་བ་ལན་གསུམ་གྱིས།  རང་གཞན་ཐམས་ཅད་ཀྱི་རྒྱུ་ཞེ་སྡང་།  ནད་རླུང་།  གདོན་ཕོ་གདོན།  སྐྱེ་བ་སྔོན་མའི་བག་ཆགས་སྡིག་སྒྲིབ་ཐམས་ཅད་སྨུག་རླངས་ཀྱི་རྣམ་པར་ཁ་དོག་སྔོན་དམར་དུ་གྱུར་ནས་ཕྱིར་ཐོན་པར་བསམ། ཡང་སྲིན་མཛུབ་གཡོན་པས་སྣ་སྒོ་གཡོན་པ་བཀག་ལ་གཡས་ནས་རྔུབ།  གཡས་བཀག་ལ་གཡོན་ནས་ཕྱིར་ཕྱུང་བ་ལན་གསུམ་གྱིས། རྒྱུ་འདོད་ཆགས།  ནད་མཁྲིས་པ། གདོན་མོ་གདོན།  སྐྱེ་བ་ཕྱི་མའི་བག་ཆགས་སྡིག་སྒྲིབ་ཐམས་ཅད་སྨུག་རླངས་ཀྱི་རྣམ་པར་ཁ་དོག་དམར་སེར་དུ་གྱུར་ནས་ཕྱིར་ཐོན་པར་བསམ། དེ་ནས་རྩ་གཡས་གཡོན་གཉིས་ནས་མཉམ་དུ་རྔུབ་པ་དབུ་མ་ནས་ཕྱིར་ཕྱུང་བ་ལན་གསུམ་གྱིས།  རྒྱུ་གཏི་མུགནད་བད་ཀན།  གདོན་ཀླུ་གདོན།  སྐྱེ་བ་ད་ལྟའི་བག་ཆགས་སྡིག་སྒྲིབ་ཐམས་ཅད་སྨུག་རླངས་ཀྱི་རྣམ་པར་ཁ་དོག་དམར་ནག་ཏུ་གྱུར་ནས་རྩ་དབུ་མ་ནས་ཐོན་པར་བསམ་མོ།  དང་པོ་གསུམ་ཆུང་ངུ་།  བར་པ་གསུམ་འབྲིང་།  ཐ་མ་གསུམ་དྲག་པོར་འབུད་ནས་འདས་པའི་རྗེས་མ་གཅོད།  མ་འོངས་པའི་སྔུན་མ་བསུ།  ད་ལྟའི་ཤེས་པ་ལ་རྩིས་གདབ་མ་བྱེད་པར།  འདས་མ་འོངས་ད་ལྟ་གསུམ་གྱི་རྟོག་དཔྱོད་ཐམས་ཅད་དང་བྲལ་བའི་ངང་ལ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའམ།  རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུའི་ངང་ལ་བཞག་ནས།   རྫོགས་པ་ཆེན་པོའི་གནས་ལུགས་གཞི་ཐོག་ཏུ་ཉམས་སུ་ལེན་པར་བྱའོ། བཞི་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གཞི་རང་འབྱུང་གི་ཡེ་ཤེས་ཆེན་པོ་དེ་བསོད་ནམས་ཅན་སུ་འདྲ་ཞིག་ལ་རྙེད་སོན་བྱུང་བ་ནི།གསེར་གྱི་ལུང་ནོན་ཆེ་བ་ལས།  སྔོན་ཚེ་གོང་ནས་སྦྱོང་སྦྱོང་བ་ལས་འཕྲོ་དང་སྐལ་པ་ལྡན་པ་འགའ་ཙམ་གྱིས་བཙལ་བས་རྙེད་པ་ལས།  བློའི་སྒྲིབ་པ་སྟུག་པོ་མུན་པ་དང་འདྲ་བས་ནོན་པ་རྣམས་ཀྱིས་ནི།  བཙལ་ཀྱང་རྙེད་པར་མི་འགྱུར་རོ།  ཞེས་གསུངས་པ་ལྟར།  བླ་མ་ཁོག་པའི་སྙིང་ལྟར་དུ་སྒོམ་པའི་དད་པ་སྙིང་རུས་ཅན་དང་། སྔོན་སྦྱངས་གྱི་ལས་འཕྲོ་ཁྱད་པར་ཅན་མངའ་བའི་བསོད་ནམས་ཅན་དེ་ཙམ་མོ། གཏད་ན་སྒོམ་ནུས་པ། བསླབ་ན་སྒྲོགས་ཤེས་པ། དམ་ཚིག་གི་གསང་རྒྱ་ཐུབ་པ།  ཚེ་དང་སྒྲུབ་པ་མཉམ་དུ་བསྲིངས་ནུས་པའི་སྐྱེས་བུ་ཁྱད་པར་ཅན་དེ་འདྲ་ཞིག་དགོས་སོ།  དཀའ་སྤྱད་སྙིང་རུས་ཀྱི་སྒོམ་སྲན་མེད་པའི་རིགས་ལ་ཤིན་ཏུ་དཀའ་བར་སྣང་ངོ་། །

སེམས་ཉིད་མཉམ་པར་མི་གནས་པའི་སྐྱོན་བརྒྱད་ཀྱི་ངོས་འཛིན།

སེམས་མ་བཅོས་པའི་ངང་ལ་རིག་པ་མ་ཡེངས་པར་མཉམ་པར་བཞག་པའི་ཚེ།  དྲན་རིག་གི་རྟོག་ཚོགས་ལྡང་ནས་མ་བཅོས་མཉམ་པའི་ངང་དུ་ཚུལ་བཞིན་འཇོག་མི་ཐུབ་པར། གནས་ཆ་ཉུང་ལ་འཕྲོས་ཆ་མང་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེ་ན།  གསེར་གྱི་ལུང་ནོན་ལས།  དཔེར་ན་ཉི་མ་སྐར་ཁུང་ནས་འཆར་བའི་ཉི་བཞུར་ལ་བལྟས་ན།  ཉི་ཟེར་གྱི་རྡུལ་ཆ་བསམ་གྱིས་མི་ཁྱབ་པའི་འབྱུང་འཇུག་ཅི་སྙེད་ཅིག་བྱེད་པ་དང་འདྲ་སྟེ།  སེམས་སྒོམ་པ་ལ་སྒོམ་པ་ཀློང་དུ་མ་གྱུར་པའི་དུས་ན།  ཚེ་རབས་ཐོག་མ་ནས་བག་ཆགས་ཀྱི་མཐུ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡིད་ལ་བརྟས་པའི་དབང་གིས་བག་ཆགས་ཀྱི་རང་བཞིན་མཚན་མར་བྱུང་སྟེ།  མཚན་མའི་འབྱུང་འཇུག་བསམ་གྱིས་མི་ཁྱབ་པ་གཅིག་མི་སྣང་ཙམ་ན་གཅིག་འབྱུང་སྟེ། དེ་ལ་ཟད་པའི་དུས་ནི་ཏིང་ངེ་འཛིན་ལས་སུ་མ་རུང་གི་བར་དུ་མེད་དོ། །ཞེས་གསུངས་པ་ལྟར་ཡིན་ལ།  སྙན་རྒྱུད་དང་ཉམས་རྒྱུད་ཀྱི་གཞུང་རྣམས་ལས།  ལོ་སྟོང་ལོན་པའི་ཤོག་དྲིལ་དང་འདྲ་བར་གསུངས་པས།  ཐུན་བར་རྣམས་སུ་ངེས་པར་དུ་བླ་མའི་རྣལ་འབྱོར་ལ་ནན་ཏན་དང་གཉེན་པོ་སྟོབས་བཞིའི་བཤགས་སྦྱང་ལ་འབད་པར་བྱའོ། །ཁྱད་པར་དུ་རང་ཅག་གྲུབ་མཐའི་སྒོར་ཞུགས་པ་རྣམས་ལ་མཚོན་ན།  སེམས་ཉིད་མཉམ་པར་མི་གནས་པའི་སྐྱོན་བརྒྱད་ནི་འདི་ལྟར་ཏེ།  མཚན་ཉིད་རིག་པ་ལ་འབྱམས་དྲག་ནས་ཐ་སྙད་ཀྱི་ཚིག་ཕྱིར་འབྲེང་ཏེ་གཅིག་ཤེས་ཀུན་གྲོལ་གྱི་ཉམས་ལེན་ཉིན་རེར་ཐུན་རེ་ཙམ་སྐྱོང་མི་ཐུབ་པ།  དེ་ལ་གཞན་འབྱུང་སྤྱོད་པའི་སྐྱོན་ཞེས་གསུངས།  སེམས་ཕྱོགས་ཟབ་མོའི་གཞུང་དང་ཆ་ལག་རྣམས་ལ་ཐོས་རྒྱ་ཆུང་བ།  དེ་ལ་རང་འབྱུང་མ་སྤྱད་པའི་ཉེས་པ་གསུངས། གནས་བཟང་པོ་གྲོགས་བཟང་པོ་ཉེ་གནས་བཟང་པོ་མ་བསྟེན་པ།  དེ་ལ་འཕྲོད་པ་མ་བསྟེན་པའི་ཉེས་པ་གསུངས།  གནས་ངན་པ་གོས་ངན་པ་ཟས་ངན་པ་བསྟེན་པ།  དེ་ལ་མི་འཕྲོད་བསྟེན་པའི་ཉེས་པ་གསུངས། བླ་མའི་གདམས་ངག་ལ་ངར་མེད་པའམ་ནུས་པ་ཆུང་བ། དེ་ལ་ཐབས་ཆུང་བ་ཡི་ཉེས་པ་གསུངས།  མཚན་ལྡན་གྱི་བླ་མའི་གདམས་ངག་དང་མ་འཕྲད་པ་དང་འཕྲད་ཀྱང་བླ་མ་སངས་རྒྱས་སུ་སྒོམ་མི་ནུས་ཤིང་གདམས་པ་ཟབ་མོ་རང་གི་རྒྱུད་ལ་སྦྱར་མི་ནུས་པ།  དེ་ལ་ལས་འཕྲོ་མེད་པའི་ཉེས་པ་གསུངས།  ཤེས་རབ་ཆུང་བ་ཏེ་ཇི་ཙམ་བསླབ་ཀྱང་ཁོང་དུ་མི་ཆུད་པ།  དེ་ལ་རྒྱུ་ཆུང་པ་ཡི་ཉེས་པ་གསུངས།   གདམས་ངག་འདི་ལ་བསྔངས་པ་དང་སྐྲག་པ་དང་རང་རྒྱུད་ལ་མི་ཤོང་བ་དང་གདམས་ངག་འདི་རང་ལ་དུག་ཏུ་འགྱུར་བ་ནི། སྐལ་པ་དང་མི་ལྡན་པའི་ཉེས་པ་སྟེ། ཉེས་པ་ཆེན་པོ་བརྒྱད་དོ། །སྤྱི་རྒྱུད་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་ལ་ཟླའི་བམ་པོ་ལས།  མཉམ་ཉིད་མི་གནས་སྐྱོན་བརྒྱད་ལ།  གཞན་འབྱུང་སྤྱོད་པའི་སྐྱོན་དང་གཅིགརང་འབྱུང་མ་སྤྱད་ཉེས་པ་དང་།  འཕྲོད་པ་མི་བསྟེན་ཉེས་པ་དང་། མི་འཕྲོད་བསྟེན་པའི་ཉེས་པ་དང་། ཐབས་ཆུང་པ་ཡི་ཉེས་པ་དང་། ལས་འཕྲོ་མེད་པའི་ཉེས་པ་དང་། རྒྱུ་ཆུང་པ་ཡི་ཉེས་པ་དང་།  སྐལ་དང་མི་ལྡན་ཉེས་པའོ། །ཞེས་གསུངས་པ་ལྟར་ཡིན་པ་ཁོང་དུ་ཆུད་པར་བྱའོ། །

རྣལ་འབྱོར་ཉམས་ལེན་གྱི་ཟས་བདུན་གྱི་ངོས་འཛིན། 

གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད་ཐུགས་དམ་དུ་མཛད་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཉམས་ལེན་གྱི་ཟས་བདུན་ལམ་དུ་ཁྱེར་ཤེས་ན་ཉམས་ལེན་གྱི་གྲོགས་སུ་གྱུར་པའི་གནད་ཡོད་པས། འདི་དོན་ཤེས་པ་ཡང་ཤིན་ཏུ་གལ་ཆེ་བས་འདིའི་ཚུལ་ཅུང་ཞིག་འཆད་པ་ལ། ཁམས་ཀྱི་ཟས་ནི་རང་རང་གི་ཁམས་ལ་འཕྲོད་པའི་ཟས་ཀྱི་འཕྲོད་བསྟེན་མཁས་པ་དང་།  གཉིད་ཀྱི་ཟས་ནི་ལུས་ལ་ལྡང་ངེས་ཀྱི་གཉིད་ཀྱང་དུས་སུ་ལོག་ཤེས་པ་དང་།  རེག་པའི་ཟས་ནི་ལས་དང་པོ་བ་ལ་གནོད་པའི་གོས་རྩུབ་ཀྱི་རིགས་དོར་བ་དང་།  རྣམ་ཤེས་ཟས་ནི་ཁོང་ཁྲོ་ཞིང་རང་གཞན་ལ་གནོད་པའི་བྱ་བ་ལ་སོགས་དོར་བ་དང་སྣང་བས་གནོད་པའི་དུས་སུ་ཕན་པའི་གྲོགས་ཏེ་གནས་དབེན་པ་ལ་སོགས་བསྟེན་ཤེས་པར་བྱ་བ་དང་།  ཡིད་ཀྱི་ཟས་ནི་རང་གི་རྣམ་རྟོག་འདུལ་ཐབས་ལ་རྟག་ཏུ་འབད་པ་དང་། བརྟུལ་ཤུགས་ཀྱི་ཟས་ནི་དཀའ་སྤྱད་སྙིང་རུས་དང་བཟོད་སྲན་ཆེ་བའོ།  སྙོམས་འཇུག་གི་ཟས་ནི་ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲེང་བར་དོན་ཟབ་ཀྱི་རོ་མཆོག་མྱོང་བ་སྟེ། སེམས་མ་བཅོས་པའི་ངང་ལ་རིག་པ་མ་ཡེངས་པར་མཉམ་པར་བཞག་ནས་གཉུག་མའི་ངང་ཐག་བསྲིངས་ནུས་པ་དང་བདུན་ཡིན་ཏེ།  སྤྱི་རྒྱུད་ཆེན་པོ་ཡེ་ཁྲི་མཐའ་སེལ་ལས། རྣལ་འབྱོར་ཉམས་ལེན་ཟས་བདུན་ནི། ཁམས་ཀྱི་ཟས་ནི་འཕྲོད་ལ་བཟའ།  གཉིད་ཀྱི་ཟས་ནི་དུས་སུ་ལོགརེག་པའི་ཟས་ནི་གོས་རྩུབ་སྤང་།  རྣམ་ཤེས་ཟས་ནི་གནོད་པ་སྤང་། ཡིད་ཀྱི་ཟས་ནི་རྣམ་རྟོག་བརྟུལ།  བརྟུལ་ཤུགས་ཟས་ནི་དཀའ་ཐུབ་ལྡན།  སྙོམས་འཇུག་ཟས་ནི་ཏིང་འཛིན་ནོ། །ཞེས་གདམས་པ་ལྟར་རྒྱུད་ཐོག་ལ་སྦྱར་དགོས་སོ། །

སེམས་མ་བཅོས་པའི་ངང་ལ་རིག་པ་མ་ཡེངས་པར་བཞག་པའི་ཐབས། 

སྔོན་འགྲོ་བླ་མའི་རྣལ་འབྱོར་དང་དབང་བཞི་ལེན་པ་རླུང་རོ་དགུ་ཕྲུག་ཐམས་ཅད་ཡོངས་སུ་གྲུབ་ནས། ལུས་ཀྱིས་ཞིང་ཆུ་བསོད་ནམས་ཁྱིམ་ཐབས་གཡོ་འགུལ་དགེ་སྦྱོར་ཐམས་ཅད་རེ་ཞིག་ཅམ་མེར་བཞག་ནས་ལུས་ཀྱི་གནད་བསྡམས་ཏེ་ལུས་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་གོང་དུ་བཤད་པ་བཞིན་བཅའ།ལུས་གཡོ་འགུལ་མེད་པར་སྲོག་མེད་ཀྱི་རོ་བཞིན་ཙེན་ནེ་སྡོད། ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་རླུང་མི་འགུལ།  རླུང་མི་འགུལ་བས་སེམས་མི་འགུལ།  སེམས་མི་འགུལ་བས་མ་ཀུན་གཞིའི་ངོ་བོ་རང་བཞིན་གྱིས་གསལ་བའོ། །ཁ་ཆུ་སྣ་ཆུ་མིག་ཆུ་ཐམས་ཅད་རང་བབས་སུ་གློད།  མཆིལ་མ་མི་མིད།  མིག་མི་བཙུམ།  ངག་གིས་དགེ་སྡིག་ལུང་དུ་མ་བསྟན་པའི་ལས་ཐམས་ཅད་རེ་ཞིག་ལིང་གིས་བསྐྱུར་ནས་ངག་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་བརྗོད་མེད་ཀྱི་ངང་དུ་ཞོག  ཡིད་ཀྱིས་བསམ་དྲན་རྟོག་ཚོགས་གང་ཡང་མི་འགྱུ་བར་རེ་ཞིག་སྐྱེས་བུས་བྱ་བ་བྱས་ཟིན་པ་ལྟར་ལྷོད་དེ་ཞོག   འདས་པའི་རྗེས་མི་གཅོད་པས་རང་འབྱུང་ཡེ་ཤེས་མཐོང་།   མ་འོངས་པའི་སྔུན་མི་བསུ་བས་རྣམ་རྟོག་རྒྱུན་ཆད།  ད་ལྟ་བ་ལ་རྩིས་གདབ་མ་བྱེད་པས་སྟོང་གཟུགས་འཆར།   ཕྱི་ཡི་ཡུལ་ལ་མ་དཔྱད་པས་གཟུང་འཛིན་དགནང་གི་སེམས་ལ་མ་བརྟག་པས་རྟོག་པ་ཞི།  སྔ་ཕྱིར་མ་འབྲེངས་པས་ཡིད་ཀྱི་འབྲེལ་ཐག་ཆད་དོ། །རླུང་གི་རྟ་ལ་ཡིད་ཀྱི་མི་ཞོན་པས་རླུང་དལ་བུར་བཏང་། ཡིད་ཀྱི་འགྱུ་བ་རང་ཞི་རུ་འགྲོ།  ལུས་བྱ་བའི་རྗེས་སུ་མ་འབྲེང་།  ངག་སྨྲ་བརྗོད་ཀྱི་རྗེས་སུ་མ་འབྲེང་།  སེམས་སྣང་བའི་རྗེས་སུ་མ་འབྲེང་བས་བག་ཆགས་རྒྱུན་ཆད།  དེ་ལྟར་མི་ཡེངས་པའི་དྲན་ཐག་དང་།  མ་བཅོས་པའི་ངང་ཐག   མི་སྐྱོ་བའི་གཉུག་ཐག་རྒྱུན་བསྲིངས་ནས་ཇི་སྲིད་ཀུན་ཏུ་བཟང་པོའི་རྒྱལ་ས་མ་ཟིན་གྱི་བར་དགོངས་པ་ཐང་བཅད་ནས་སེམས་མ་བཅོས་པའི་ངང་ལ་རིག་པ་མ་ཡེངས་པར་བཞག་ནས་ངང་ཐག་བསྲིངས་དགོས་སོ།  །ནམ་མཁའི་ངོག་ལྟར་གསལ་ལ་དྭངས་པར་བཞག  བསེ་གཞོང་མར་ཁུས་བཀང་བ་ལྟར་མ་ཡེངས་པར་བཞག  གར་སྤྱིན་ལ་སྦྲང་བུ་ཆགས་པ་ལྟར་འདུ་འབྲལ་མེད་པར་བཞག  ཁང་སྟོང་དུ་རྐུན་མ་འཛུལ་བ་ལྟར་བླང་དོར་མེད་པར་བཞག  རྒྱ་མཚོའི་གཏིང་ལྟར་དུ་མ་གཡོ་བར་བཞག  ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་དུ་གང་ལ་ཡང་ཉམས་ང་མེད་པར་བཞག  མཁའ་ལ་ཁྱུང་ལྡིང་བཞིན་དུ་རྩོལ་བྲལ་བཞག  རྒྱ་མཚོ་རླུང་བྲལ་བཞིན་དུ་དྭངས་སངས་བཞག  ཉི་མ་སྤྲིན་དང་བྲལ་བ་ལྟར་གསལ་བར་བཞག  རྒད་མོས་རྟ་རྒོད་མཐོང་བ་བཞིན་དུ་འཛིན་བྲལ་བཞག  ནམ་མཁའི་ངང་ནས་ཐོག་སེར་འབྱུང་བ་བཞིན་རང་འབྱུང་རང་ཞིར་བཞག  མཁའ་ལ་བྱ་འཕུར་ལྟ་བུར་རྗེས་མེད་བཞག  བར་དོའི་ཤེས་པ་ལྟ་བུར་རྟེན་མེད་བཞག  སྟོར་བ་རྙེད་པ་ལྟ་བུའི་དོན་ཐོག་བཞག  ཇི་སྲིད་བློ་ཡི་འགྱུ་བ་ཐམས་ཅད་མཁའ་ལ་རྡུལ་སངས་མཚོ་ལ་འཁྱག་ཞུ་བ་ལྟར་བོན་སེམས་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་ནས།  རྒྱལ་པོ་གདན་ལ་འཁོད།  དམག་དཔུང་ཆམ་ལ་ཕབས།  བློན་པོ་བཙོན་དུ་མ་བཟུང་གི་བར་དགོངས་པའི་ངང་བསྲིངས་དགོས་སོ། །སྒོམ་སྒོམ་ཟེར་ཡང་བློ་ཡིས་སྒོམ་རྒྱུ་ཅི་ཡང་མེད། མདོག་བསྒྱུར་རྒྱུ་ཅི་ཡང་མེད།  གཞི་ལ་དགག་སྒྲུབ་མེད།  རྩ་བ་ལ་འཕོ་འགྱུར་མེད།  སྒོམ་པ་གསལ་སྒྲིབ་མེད།  ལམ་ལ་བགྲོད་དུ་མེད།  སྐྱེ་འགག་གནས་གསུམ་དང་བྲལ་བའི་འདུས་མ་བྱས་པའི་རིག་པ་རྗེན་པ་འདི་ལ་ཡུན་བསྲིངས་ནས་འདྲིས་པར་བྱ་དགོས་པ་སྟེ། ཅོག་བཞག་ལས།  བསྒོམ་དུ་ཅི་ཡང་མེད་པས་སྟེ།  ཡེངས་སུ་མེད་པའི་མན་ངག་བསྟེན།  ངང་ལ་ངང་གིས་གནས་པ་ལ། རིག་པའི་རྒྱུན་ནི་གསལ་བར་གདབ།  འདི་ལ་ཅོག་གེིས་བཞག་པར་བྱའོ། །ཞེས་པ་དེ་ཙམ་མོ། །སྣང་ལ་དངོས་མེད་འཛུག་ཚུགས་ལྷུག་པར་བསྟན་པའི་ལེའུ་ལས།  སེམས་ལ་རྣམ་རྟོག་བསླང་ན་ཕུང་། བཅོས་ན་འཆལ།  འདུ་བྱེད་ལ་ཡེངས་ན་ནོར།  བྱིང་རྨུགས་སུ་སོང་ན་འཁྲུལ།  འདི་ལ་འདྲིས་པར་བྱ་ཞིང་ཡུན་སྲིངས།  ཞེས་གསུངས་པ་དེ་ཙམ་མོ། །ཅོག་བཞག་ལས། ཅོག་གིས་བཞག་པ་ནི།  དྲང་སྲོང་མན་ཆད་ཀྱི་བཞེད་ལྟར་འབྲས་བུ་ཕྱིས་འོང་པར་ཀྱང་མི་གཞགཨ་དཀར་བ་ལྟར་མངོན་དུ་མ་གྲུབ་ན་མི་རུང་བྱ་བར་ཀྱང་མི་དམིགས། སྐྱེས་བུ་གཉིད་ལོག་པ་ལྟར་བྱིང་རྨུགས་གཏིབས་ཏེ་བསམ་པ་མེད་པ་ལྟར་མིན།  མཛངས་པ་སྒྲིན་པོ་ལྟར་མི་དྲན་དགུ་དྲན་པར་ཀྱང་མི་བསམ།  དྲང་སྲོང་པ་ལྟར་ཅི་བཞིན་ཐད་ཀམ་དུ་ཡང་མི་དགུགསྨད་འཚོང་ཟོལ་མ་ལྟར་ཆགས་པ་ལྟར་ཀྱང་མི་བྱ། དབལ་གྱི་གཞུང་ལྟར་ཞེ་སྡང་གདུག་པ་ཡང་མི་བསྐྱེད།  འོ་ན་ཀུན་གཞི་བྱང་ཆུབ་སེམས་ཀྱི་འདི་ཅི་ལྟར་གཞག་ཅེ་ན།  ཡོད་མེད་གཉིས་ཀྱི་མཐའ་ལས་འདས་ཏེ།  མཚན་མ་དང་དངོས་པོ་ལ་ཡེ་གནས་མི་གནས་པའི་དོན་དེ།  ས་ལེ་གསལ་བར་རྟོགས་པ་ལས་གསལ་ལོ་བའི་རྟོག་པ་ལས་ཀྱང་བརྡའ་སྟེ།  གསལ་ལ་རྟོག་པ་རྡུལ་ཀྱང་མེད་པའི་ངང་ལས་མ་གཡོས་པ་ལས་མ་ཡེངས་པར་བསྒོམས་ཏེ་གཞག་གོ།  ཞེས་དང་།  ནང་མན་ངག་དམར་ཁྲིད་སྒྲོན་མ་དྲུག་གི་གདམས་པ་ལས། རྣམ་རྟོག་གཡང་ལུགས་མ་སྐོན་ཡེ་ཤེས་གཅེར་བུར་ཞོགཞེ་འདོད་བློ་ཡིས་མ་བསླད་རིག་པ་རྗེན་པར་ཞོགསེམས་ལ་བཅས་བཅོས་མ་བྱེད་མ་བཅོས་སོ་མར་ཞོག  དྲན་རྟོག་རྗེས་མེད་ཡིན་གྱི་རྗེས་འཛིན་མེད་པར་ཞོགསེམས་ལ་གྱ་གྱུ་མ་མང་མཉམ་པ་ཆེན་པོར་ཞོག  རིག་པའི་ཆུ་རྒྱུན་མ་བཅད་གཉུག་མའི་ངང་ཐག་བསྲིངས། ཕྱི་སྣང་སྣོད་བཅུད་འཁོར་དང་མྱང་འདས་རྣམས།  ཐམས་ཅད་རྫུན་ཡིན་རྫུན་ཕུགས་སེམས་ལ་ཐུགབྱང་ཆུབ་སེམས་སུ་མ་ལུས་དམར་ཐག་བཅད།  འཁྲུལ་པས་མི་བསླུ་ད་ལྟ་མངོན་སངས་རྒྱས། ཞེས་དང་།  སྣང་ལ་དངོས་མེད་འཛུག་ཚུགས་ལྷུག་པར་བསྟན་པའི་གཞུང་ལས།  སེམས་མ་བཅོས་ན་གསལ་ལ།  ཆུ་མ་བརྙོགས་ན་དྭངས།  དགོངས་པ་མ་བཅོས་ན་འགྲུབ་ལ།  འབྲས་བུ་མ་དམིགས་ན་རྙེད།   ཅེས་དང་།  གལ་མདོ་ལས།  ཀུན་གཞི་མ་བཅོས་བཞག་ན་བདེ།  ཆུ་ནི་མ་རྙོག་བཞག་ན་དྭངས།  ཞེས་གསུངས་པ་དེ་ལྟར་ཉམས་སུ་ལེན་ནོ། །དེ་ལྟར་བྱས་ནས་ཉམས་སུ་ལེན་པས་རང་གི་རྒྱུད་ལ་བདེ་གསལ་མི་རྟོག་པའི་ཉམས་རྟོགས་སོགས་ཅི་ཞིག་བྱུང་ཡང་དེ་ལ་དགའ་བྲོད་དང་སྙེམས་བྱེད་སོགས་གཏན་ནས་མི་བྱ་བར་ཐམས་ཅད་རྒྱ་ཡན་དུ་བོར་དགོས་སོ། །དགའ་བྲོད་དང་སྙེམས་བྱེད་ཟེར་བ་འདི་གཉིས་རྣལ་འབྱོར་སྒོམ་པ་ལམ་དུ་ལུས་པའི་གོལ་ས་ཡིན་པས་དེ་བདུད་དུ་ངོ་ཤེས་པར་བྱ་དགོས་སོ། །བདེ་གསལ་མི་རྟོག་པའི་ཉམས་ལ་འཛིན་ཞེན་མེད་ན་དྲི་མེད་ཀྱི་ཉམས་ཡིན།  འཛིན་ཞེན་གྱིས་བཅིངས་ན་དྲི་བཅས་ཀྱི་ཉམས་ཡིན་ཞེས་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་གསུངས་སོ། །རྗེ་བཙུན་ཡར་མེ་བ་ཆེན་པོས།  སེམས་འཕྱོ་ན་བླ་མ་ལ་མོས་གུས་གྱིས། རྗེ་བླ་མའི་བྱིན་རླབས་སེམས་ལ་ཕན།  ཉམས་མ་འཕེལ་ན་ཉམས་ཅན་དང་ཉམས་བསྡུར་གྱིས།  ཁོང་ཉམས་ཅན་གྱི་ཉམས་དེ་སེམས་ལ་ཕན།  ཡིད་མ་ཆེས་ན་བཀའ་ལུང་ལ་ལྟ་རྟོག་གྱིས།  བཀའ་བདེན་པའི་ལུང་ཚིག་སེམས་ལ་ཕན།  ཞེས་ཕ་ཡིས་བུ་ལ་གདམས་པའི་ཞལ་གདམས་རིན་ཆེན་གསེར་ལྟ་བུ་འདི་ལ་ནན་ཏན་བྱ་བར་ཞུ།

གསང་ཐབས་གསུམ་གྱིས་དངོས་གྲུབ་ཀྱི་གཏེར་སྒོ་བསྡམས་ཚུལ། 

དེ་ལྟར་དགོངས་པ་ཐང་བཅད་ནས་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པས། རང་ལ་ཉམས་དང་རྟོགས་པའི་འཆར་ཚུལ་དང་།  མཐོང་སྣང་མི་འདྲ་བ།  ཡོན་ཏན་གྱི་ཚོགས་གང་ཞིག་ཤར་ཡང་།  རང་གི་བཀའ་དྲིན་སུམ་ལྡན་གྱི་དྲིན་ཅན་གྱི་རྩ་བའི་བླ་མ་མ་གཏོགས་གཞན་སུ་དང་གང་ལ་ཡང་མི་སྨྲ་བ།  སྨྲ་བ་རྣམ་པར་བཅད་ནས་གསང་རྒྱ་དམ་པོར་མཛད་དགོས་པ་ཡིན་ཏེ། གསང་ན་དངོས་གྲུབ་ཉེ།  མ་གསང་ན་དངོས་གྲུབ་ཡལ། ཞེས་མ་གཅིག་ཡེ་ཤེས་དབལ་མོའི་བཀའ་རྒྱ་ལགས་སོ། །རྫོགས་ཆེན་ལྟ་བ་ཐོག་དབབ་ལེའུ་གོང་མའི་འགྲེལ་ལས།  གསང་ཐབས་གསུམ་གྱིས་དངོས་གྲུབ་གཏེར་སྒོ་བསྡམས། ཞེས་པས།  དྲིན་ཅན་གྱི་བླ་མ་མ་ཡིན་པ་ལ།  འཆར་ཚུལ་མི་སྨྲ་སྟེ་གསང་།  མཐོང་སྣང་མི་སྨྲ་སྟེ་གསང་། ཡོན་ཏན་ཅི་ཤར་ཡང་དུས་ལ་མ་བབ་པར་མི་སྨྲ་སྟེ་གསང་ངོ་། །ཞེས་གདམས་པ་ལྟར་ཤིན་ཏུ་གསང་དམ་ནན་པོ་བྱ་དགོས་སོ། །

ངོ་སྤྲོད་དོན་གྱི་རིམ་པ་བཞུགས།

མཚན་བཅས་ལ་སེམས་བཟུང་།  མཚན་མེད་ལ་མཉམ་པར་བཞག་ནས་རང་གི་རྒྱུད་ཐོག་ཏུ་ཉོན་མོངས་རྣམ་རྟོག་ཞི་ནས་རིག་པ་གཞི་ཐོག་ཏུ་མེར་རེ་གནས་པ་ཞིག་བྱུང་ན་དེ་ཞི་གནས་ཡིན།  གནས་ལུགས་ཀྱི་དོན་ལ་རང་ལུགས་སུ་བཞག་པས་རིག་པ་གཞི་ཐོག་ཏུ་མེར་རེ་གནས་པ་ལ་ཐེག་མཆོག་རྒྱལ་པོ་འདིའི་ལུགས་ཀྱི་ཞི་གནས་ཟེར་ན་དེ་འདྲ་ཞིག་གོ།  ཐེག་པ་འོག་མའི་ཞི་གནས་འཛིན་པ་ཅན་དང་འདི་གཉིས་གཏན་ནས་མི་འདྲ།  དེའི་ཚེ་རྩལ་གྱི་འགྱུ་བ་གང་ཞིག་གཡོས་ཀྱང་རང་རྩལ་སྒྲིབ་མེད་དུ་ལྷག་གེ་མཐོང་ན་དེ་ལྷག་མཐོང་ཡིན། ཐེག་པ་འོག་མའི་ལྷག་མཐོང་འཛིན་པ་ཅན་དང་གཏན་ནས་མི་འདྲ། ཞི་གནས་དང་ལྷག་མཐོང་ཟེར་བ་རིག་པ་གཞི་ཐོག་ཏུ་གནས་པ་དང་རང་རྩལ་སྒྲིབ་མེད་དུ་མཐོང་བའི་ཆ་ནས་བཏགས་པ་ལས། ཤ་དང་རུས་པ་བཞིན་དུ་སོ་སོ་ནས་མེད་དོ།  །དེའི་ཚེ་དགག་བྱ་བཅད་ནས་སྟོང་པ་མ་ཡིན་པར་སྤོང་སྡུད་ཞེན་གསུམ་མ་བྱས་ནས་རང་འབབ་སུ་བཞག་པས་བློ་རྟོག་གི་འགྱུ་བ་ངང་གིས་སྟོང་ན་དེ་ལ་སྟོང་པ་ཟེར།  སྟོང་པ་ཕྱལ་ཆད་མ་ཡིན་ནོ། །སྟོང་པ་རང་གསལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ངོ་བོ་སྟོང་བཞིན་དུ་གསལ་བྱེད་གཞན་ལ་མི་ལྟོས་པར་རང་གི་ངོ་བོ་མར་མེ་རླུང་གིས་མ་བསྐྱོད་པའི་ངང་ཚུལ་ཇི་བཞིན་རང་གིས་ངོ་བོ་རང་གིས་གསལ་བཞིན་འདུག་ན་དེ་ལ་རང་བཞིན་གསལ་བ་ཟེར།  གསལ་བ་འཛིན་ཅན་མ་ཡིན་ནོ། །དེ་ལྟར་གསལ་བཞིན་དུ་སྟོང་། སྟོང་བཞིན་དུ་གསལ་བཞིན་འདུག་ན།  དེ་ལ་གསལ་སྟོང་ཟུང་འཇུག་ཟེར།  འོག་མའི་གསལ་སྟོང་རྒྱ་ཆད་དང་གཏན་ནས་མི་འདྲའོ། །བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དྲན་པ་གསེར་གྱི་གདམས་པ་ལས།   གསལ་བ་འཛིན་ཅན་དུ་སོང་ན་སེམས་ཉིད་མ་ཡིན།  སྟོང་པ་ཕྱལ་ཆད་དུ་སོང་ན་སེམས་ཉིད་མ་ཡིན།  ཞེས་གསུངས་སོ། །འདི་ལ་དགོངས་ནས་གལ་མདོ་ལས།  རང་རིག་ཉིད་ཀྱང་དངོས་པོ་མེད།  དངོས་མེད་ཉིད་ཀྱང་རང་རིག་པས། ཞེས་གསུངས་པ་ལྟར།  གསལ་བ་གང་ཡིན་སྟོང་པ་དང་།  སྟོང་པ་གང་ཡིན་གསལ་བའི་དོན་ལ་དམར་ཐག་ནང་ནས་ཆོད་དགོས་སོ། །དེའི་ཚེ་ངོ་བོ་སྟོང་པ་དེ་ལ་བོན་སྐུ་ཟེར།  རང་བཞིན་གསལ་བ་དེ་ལ་རྫོགས་སྐུ་ཟེར།  གསང་སྟོང་ཟུང་འཇུག་དེ་ལ་སྤྲུལ་སྐུ་ཟེར།  སྐུ་གསུམ་རང་ལ་རྫོགས་པས་སངས་རྒྱས་གཞན་ནས་སྒྲུབ་དགོས་མེད་དོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་འདི་རང་ལ་རིག་པ་རྐྱང་དེད་ཀྱི་ཉམས་ལེན་བསྒྲིལ་ནུས་ན་དེ་ཙམ་གྱིས་ཆོག་པ་ཡིན་ནོ། །དེ་ལྟར་རིག་པ་མ་ཡེངས་པར་བཞག་པའི་ཚེ།  རྩ་བརྒྱ་ཟོར་བ་གཅིག་གིས་ཆོད་པའམ།  རོལ་བརྒྱ་ཤལ་བ་ཡུག་གཅིག་གིས་སྙོམས་པའམ།  བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པ།  ཆུ་བརྒྱ་ཟམ་འོག་གཅིག་ཏུ་བསྡུས་པའི་དཔེ་བཞིན། མཚན་མའི་གོལ་ས་ཐམས་ཅད་གཅིག་ཆར་དུ་ཆོད་པ་འདུག་ན། དེ་ལ་ཁྲེགས་ཆོད་ཟེར།  དེ་ཉིད་སྒྲོན་མའི་གནད་ལ་བརྟེན་ནས་ཉམས་སུ་ལེན་པའི་ཚེ་ཐོད་རྒལ་ཟེར།  འདི་གཉིས་ཀྱང་ཤ་དང་རུས་པ་བཞིན་དུ་སོ་སོ་ནས་མེད་དོ། །སྒྲོན་མེའི་གནད་ལ་བརྟེན་དང་མ་བརྟེན་གྱི་ཁྱད་ཙམ་མོ། །དེ་ལྟར་མ་བཅོས་པའི་ངང་ལ་མ་ཡེངས་པར་བཞག་པའི་ཚེ། གཞོན་ནུའི་བདེ་བ་མྱོང་བ་ལྟར་འབྲལ་མི་ཕོད་པ་ཞིག་འབྱུང་རྒྱུ་འདུག་ན་དེ་ལ་གཤིས་ཀྱི་བདེ་བ་ཟེར། ཚོར་བདེ་མ་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ་གང་གི་བཀག་སྒྲིབ་མེད་པར་རིག་པ་ཕྱི་ནང་མེད་པར་ཟང་ཐལ་དུ་ཤར་ནས་ཐོག་བཅས་ཀྱིས་བཀག་མི་ནུས་པར་འདུག་ན་དེ་ལ་གསལ་བ་ཟེར།  དེ་ལྟར་མཉམ་པ་ལ་བཞག་པའི་ཚེ་དགྲ་གཉེན་གཉིས་ཀྱི་འཛིན་པ་ཞིག་པ་དང་། འཁོར་འདས་གཉིས་ཡིད་ལ་མི་བྱེད་པ་ཞིག་འབྱུང་རྒྱུ་འདུག་ན།  དེ་ལ་མི་རྟོག་པ་དང་མི་གཡོ་བ་ཟེར།  འདི་གསུམ་ཡང་ཤ་དང་རུས་པ་བཞིན་སོ་སོ་ནས་མེད་དོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ། གཟའ་གཏད་དང་བྲལ་བ་ཞིག་འཆར་རྒྱུ་འདུག་ན། དེ་ལ་ལྟ་བ་ཟེར། དམིགས་གཏད་དང་བྲལ་བ་ཞིག་འབྱུང་རྒྱུ་འདུག་ན་དེ་ལ་སྒོམ་པ་ཟེར།  དགག་སྒྲུབ་དང་བྲལ་བ་ཞིག་འབྱུང་རྒྱུ་འདུག་ན་དེ་ལ་སྤྱོད་པ་ཟེར།  ཡར་སངས་རྒྱས་ལ་རེ་བ་དང་མར་ངན་སོང་ལ་དྭོགས་པ་མེད་པ་ཞིག་འབྱུང་རྒྱུ་འདུག་ན་དེ་ལ་འབྲས་བུ་ཟེར། བག་ཆགས་ལ་ཆགས་ས་གནས་ས་གང་ཡང་མི་འདུག་ན་དེ་ལ་གཞི་སྟོང་རྩ་བྲལ་ཟེར།  དེ་ལྟར་མ་བཅོས་པའི་ངང་ལ་མཉམ་པར་བཞག་པའི་ཚེ། ཐ་མལ་གྱི་སྣང་ཞེན་ཕྲ་རགས་ཐམས་ཅད་ཐོགས་ཆགས་མེད་པར་གཅིག་ཆར་དུ་འཇོམས་ཐུབ་པ་ཞིག་འདུག་ན་དེ་ལ་ལྟ་བ་ཐོག་བབ་ཟེར།  སྟོང་གསལ་གྱི་རིག་པ་སྒྲིབ་མེད་དུ་ཤར་ནས་འཛིན་ཆགས་ཞེན་གསུམ་དང་སྤོང་སྡུད་ཞེན་གསུམ། རྟོག་དཔྱོད་རྩོ་སྒྲུབ་ཀྱི་གོལ་སའི་མུན་པ་རྣམས་གཅིག་ཆར་དུ་རང་ཡལ་དུ་འགྲོ་བ་ཞིག་འདུག་ན། དེ་ལ་སྒོམ་པ་ཅར་ཕོག་ཟེར།  དེ་ལྟར་ངང་ལ་ངང་གིས་མཉམ་པར་བཞག་སྟེ་གོམས་པ་ཚད་དུ་ཕྱིན་ནས་ཉམས་ང་མེད་པའི་སྤྱོད་པ་སྣ་ཚོགས་རང་བརྡོལ་དུ་བྱུང་ནས་དེ་ཉིད་འོད་གསལ་དང་འདྲེས་པར་འདུག་ན་དེ་ལ་སྤྱོད་པ་ཤུགས་འབྱུང་ཟེར།  དེ་ལྟར་ཉམས་སུ་བླངས་ཏེ་ཀློང་ཆེན་དགོངས་པའི་གཏེར་མཛོད་མངོན་དུ་གྱུར་ནས་མཐར་ཐུག་གི་ཞི་གནས་རིག་པའི་ངོ་བོ་མངོན་དུ་གྱུར་པའི་ཚེ་ན་འབྲས་བུ་ཀློང་བརྡོལ་ཟེར།  འདི་རྣམས་ཀྱང་ལེགས་པར་བརྟག་ན་རང་འབྱུང་ཡེ་ཤེས་ལས་མ་འདས་སོ། བླ་ཆེན་དྲན་པས་མཛད་པའི་ཁྱད་པར་གྱི་གདམས་པའི་གཞུང་ལས་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ལྷང་གིས་ཤར་ནས། བོན་ཉིད་འཁྲུལ་མེད་ཡེར་གྱིས་རྟོགས་པའི་ལྟ་བ་ཐོག་བབས་ཀྱང་འདི།  རིག་པ་དང་སྣང་བ་རྡོ་རུས་འཕྲད་པས་རྟོག་པ་ལ་སྐྱེ་ས་མེད་ཅིང་མ་རིག་པ་ལ་གབ་ས་མེད་པའི་སྒོམ་པ་ཅར་ཕོག་ཀྱང་འདི།   གང་ཡང་ཆེད་དུ་མི་འགེགས་ཤིང་།  ཅིར་ཡང་མ་འགག  ཅིར་ཡང་ཡིད་ལ་མ་བྱེད།  སྒོ་གསུམ་ལྷུག་པ་ལ་གཉེན་པོ་མེད་པས།  ཕྱལ་བ།  ཡན་པ།  ཧར་བ།  བློ་བདེ་ཆེན་པོར།  སྤོང་སྡུད་ཞེན་གསུམ་མེད་པའི་སྤྱོད་པ་ཤུགས་འབྱུང་ཡང་འདི།   དེའི་ཡོན་ཏན་སྣ་ཚོགས་སུ་མ་འགག་པས་རང་འབྱུང་གི་རིག་པ་འདི།   ཅིར་ཡང་སྣང་།  ཅིར་ཡང་འཆར།   ཅིར་ཡང་གསལ་བས།  རང་རིག་ཀློང་བརྡོལ་གྱི་འབྲས་བུ་ཡང་འདི།  །རིག་པའི་ཡེ་ཤེས་འདི་ཉིད་ཡ་མཐའ་ཀུན་ཏུ་བཟང་པོ་ནས་མ་མཐའ་དམྱལ་བའི་འཇིག་ཚོགས་ཡན་ཆད་ཀུན་ལ་ཆེ་ཆུང་མེད། མང་ཉུང་མེད། སྲབ་ཐུག་མེད།  ཉེ་རིང་མེད།  དབྲི་བཀོལ་མེད་པར་ཀུན་ལ་ཁྱབ་པས་ཀུན་སྣང་ཁྱབ་པ།  རིག་པའི་ཡེ་ཤེས་འདི་ཉིད་སྟོང་པ་རང་གསལ་ཡིན་པས་གསལ་བ་རང་འབྱུང་། རིག་པའི་ཡེ་ཤེས་འདི་ཉིད་སྐྱོན་གྱིས་མ་གོས་པའི་དྲི་མེད་ཀ་དག་གི་རང་བཞིན་དུ་གནས་པས་དགེ་ལྷ་གར་ཕྱུག  རིག་པའི་ཡེ་ཤེས་འདི་ཉིད་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་གཞི་གཏིང་གསལ་ཆེན་པོ་སོགས་མཚན་ཉིད་མ་འགག་པར་གསལ་བས་བྱེ་བྲག་དངོས་མེད། མ་བརྩལ་དབང་བཞི་རང་ལ་རྫོགས་པས་དགའ་བ་དོན་འགྲུབ་སྟེ། རིགས་ལྔའི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་འདི་ཡིན་ནོ། །རང་འབྱུང་གི་རིག་པ་འདི་ཉིད་ངོ་བོ་སྟོང་པས་སྟོང་ཉིད་ཡེ་ཤེས།  སྒྲིབ་བྱེད་མེད་པར་འོད་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས།  བཟང་ངན་ཆེ་ཆུང་མི་འབྱེད་པའི་མཉམ་ཉིད་ཡེ་ཤེས།  སྤྱི་དང་བྱེ་བྲག་གི་ཁྱད་པར་མ་འདྲེས་པར་སྒྲིབ་མེད་ཟང་ཐལ་དུ་གསལ་བས་སོར་རྟོགས་ཡེ་ཤེས།  བདག་གཞན་བྱ་བ་མ་བརྩལ་བར་རྩོལ་མེད་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་ཏེ།  ཡེ་ཤེས་ལྔ་ལྡན་གྱི་སྐུ་ཡང་འདི་ཉིད་དོ། །གཞི་ལམ་འབྲས་གསུམ་གང་ཞིག་གསུངས་ཀྱང་འདི་ཉིད།  གཞི་གནས་ཀྱི་རིག་པ་དང་རྩལ་ཤར་གྱི་རིག་པ་གང་ཞིག་གསུངས་ཀྱང་རང་འབྱུང་གི་རིག་པ་ཟང་ཐལ་འདི་ཉིད་དོ། །ཚུལ་འདི་ལ་དགོངས་ནས་རྫོགས་ཆེན་ལྟ་བ་ཐོག་འབེབ་ཀྱི་ལེའུ་གོང་མའི་འགྲེལ་ལས། བརྒྱད་ཁྲི་བཞི་སྟོང་གི་ཡེ་ཤེས་ཀྱང་།  དུས་ད་ལྟའི་རིག་པ་སྟོང་ལ་གསལ་བ་འདི་ལ་འབོད། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱང་། དུས་ད་ལྟའི་རིག་པ་སྟོང་ལ་གསལ་བ་འདི་ལ་འབོད། ཡེ་ཤེས་ལྔ་ལྡན་དུ་ཕྱེ་བ་ཡང་། དུས་ད་ལྟའི་རིག་པ་སྟོང་ལ་གསལ་བ་འདི་ལ་འབོད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་ཡང་། དུས་ད་ལྟའི་རིག་པ་སྟོང་ལ་གསལ་བ་འདི་ལ་འབོད་པའོ། །ཞེས་གསུངས་པས་དམར་ཐག་ཆོད་པར་མཛོད་ཅིགཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་འགྲེལ་མེ་ལོང་དགུ་བསྐོར་དང་རྗེ་བདག་ཉིད་ཆེན་པོས་མཛད་པའི་གསང་དོན་རྣམ་འབྱེད་ཀྱི་གཞུང་སོགས་ལས་གསལ་བའི་རང་བཞིན་རྣམ་པ་བདུན་ལྡན་གྱི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཀྱང་འདི་ཁོ་ནའོ། །མ་བཅོས་གཞི་ཡི་ངོ་བོ་ཡང་འདི།  བགྲོད་མེད་ལམ་གྱི་ངོ་བོ་ཡང་འདི། ཐོབ་མེད་རང་ཤར་གྱི་འབྲས་བུ་ཡང་འདི།  འདས་པའི་བདེ་བར་གཤེགས་པའི་གཤེགས་ཤུལ་ཡང་འདི།  ད་ལྟའི་བདེར་གཤེགས་རྣམས་ཀྱི་ཐུགས་དགོངས་ཀྱང་འདི།  མ་བྱོན་རྒྱལ་བ་ཡོངས་ཀྱི་འདྲེན་པ་ཡང་འདི། རང་འབྱུང་ཡེ་ཤེས་ཀྱང་འདི།  རང་རིག་ཡེ་ཤེས་ཀྱང་འདི།  ཁྱད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་འདི།  སེམས་བསམ་མནོ་མི་བྱེད་པ་ཡང་འདི། ཡིད་བྱེད་བྲལ་བ་ཡང་འདི།  ཅི་ལ་ཡང་མི་གནས་པ་ཡང་འདི། ཅི་ལ་ཡང་མི་སེམས་པ་ཡང་འདི། ཅི་ལ་ཡང་མི་རྟོག་པ་ཡང་འདི།  ཅི་ལ་ཡང་མི་ཆགས་པ་ཡང་འདི།  ཅི་ལ་ཡང་མི་ཞེན་པ་ཡང་འདི།  ཅི་ཡང་མི་འཛིན་པ་ཡང་འདི།  ཅི་ཡང་མི་དམིགས་པ་ཡང་འདི།  ཀུན་ཡིན་གང་ཡང་མ་ཡིན་པ་ཡང་འདི།  ཡིད་དཔྱོད་ཀྱི་སྒོམ་པ་ལ་རགས་མ་ལས་པ་ཡང་འདི།  བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད་ཀྱང་འདི།  བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས་ཀྱི་ལྷ་ཞལ་མཇལ་ཟེར་བ་ཡང་འདི་ཁོ་ནའོ། །རྒྱལ་བ་དགོངས་རྒྱུད་དགུ་ཡི་དགོངས་པ་ཡང་འདི།   གྲུབ་ཐོབ་ཉི་ཤུ་རྩ་བཞིའི་སྙན་རྒྱུད་ཀྱང་འདི།  ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་གྱི་རིག་འཛིན་བླ་མ་རྣམས་ཀྱི་ཐུགས་དམ་ཡང་འདི་ཁོ་ནའོ། །

རྫོགས་པ་ཆེན་པོ་ཉམས་སུ་བླངས་པའི་ཉམས་ཀྱི་དྲོད་ཚད་དང་དྲོད་རྟགས་ངོས་འཛིན།

རྫོགས་པ་ཆེན་པོ་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད་ཉམས་སུ་བླངས་པའི་རྣལ་འབྱོར་ལ། ཐུན་མོང་གི་དྲོད་ཚད་དང་ཐུན་མོང་མ་ཡིན་པའི་དྲོད་རྟགས་སོགས་གསང་བ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་རྒྱུ་ཡོད་པ་ནི། བླ་མེད་རྫོགས་པ་ཆེན་པོ་གཞུང་ཆེན་སྡེ་བཞིའི་གཞུང་རྣམས་ལས་གསལ་བས་དད་གུས་དང་མོས་པ་བསྐྱེད་ཕྱིར་གཞུང་དེ་རྣམས་སུ་གཟིགས་པར་ཞུ་རྒྱུ་དང་།  ཁྱད་པར་དུ་སྙན་རྒྱུད་ཀྱི་རྟགས་ཚད་གསལ་སྒྲོན་རྣམས་སུ་རྒྱས་པར་གསལ།  གཞི་རང་འབྱུང་གི་ཡེ་ཤེས་ནི་དུས་དང་རྣམ་པ་ཀུན་ཏུ་རེ་དྭོགས་གཉིས་དང་བྲལ་བའི་རིག་པ་རྗེན་པ་ཡིན་པས།  དྲོད་རྟགས་སོགས་ལ་ནམ་ཡང་རེ་མ་མྱོང་། རེ་དྭོགས་གཉིས་དང་བྲལ་བའི་སྟོང་གསལ་གྱི་རིག་པ་རྗེན་པ་འདི་ཉམས་སུ་བླང་བའི་སྐྱེས་བུ་ལ་དྲོད་རྟགས་སོགས་འབད་མེད་ལྷུན་གྲུབ་ཏུ་འབྱུང་རྒྱུ་ཡོད་པ་ནི།  སྟོང་གསལ་གྱི་རིག་པ་རྗེན་པ་འདི་རྩོལ་མེད་ལྷུན་གྲུབ་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ཡིན་པའི་རྟགས་སུ་ངེས་པ་སྟེ།   འབྲས་བུ་མི་འདོད་བཞིན་དུ་འབྱུང་བ་འདི་ཡིན་མོད་ཅེས་གསུངས་པ་ལྟར་རོ།  །དེས་ན་རྩོལ་མེད་རང་གྲོལ་གྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད་ཉམས་སུ་བཞེས་པའི་སྐྱེས་བུས་ཀྱང་།  དགོངས་པ་ཐང་བཅད་ནས་གཉུག་མའི་ངང་ཐག་བསྲིངས་རྒྱུ་ལས་འབྲས་བུ་དང་དྲོད་རྟགས་གྲུབ་རྟགས་སོགས་ལ་རེ་བ་བཅོལ་བ་ནི་གོལ་ས་དང་གཡང་སར་ལྷུང་ཉེན་ཡོད་པས་རེ་ལྟོས་ནམ་ཡང་མི་འཆའ་བའོ།  །རེ་ལྟོས་ཏིལ་འབྲུ་ཙམ་ལ་རགས་མ་ལས་པའི་སྒོ་ནས་ཉམས་དང་དྲོད་རྟགས་སོགས་ཡར་ངོའི་ཟླ་བཞིན་གོང་འཕེལ་དུ་འབྱུང་རྒྱུ་ཡོད་པ་ནི་ཀུན་བཟང་གི་ཆེ་བའི་ཡོན་ཏན་ཡིན་པས་དོན་མེད་ཐུགས་ཁྲལ་དང་སེམས་ངལ་སོགས་གནང་དགོས་དོན་མེད། ཉམས་ཀྱི་དྲོད་ཚད་དང་དྲོད་རྟགས་མདོར་ཙམ་ཞུས་ན། གསེར་གྱི་ལུང་ནོན་ཆེ་བ་ལས།  དེ་ལ་དགོངས་པ་ཉམས་སུ་ལེན་པའི་དྲོད་ཚད་ནི།  གང་སྒོམ་པ་དེ་ནི་གསལ་བར་འོང་ལ།  མ་སྒོམ་པའི་བག་ཆགས་ནི་ཡེ་མི་འོང་ན། དགོངས་པ་རྣམ་པར་དག་པའི་དྲོད་ཉམས་སུ་ལོན་པའོ། །ཞེས་གསུངས།  སྙན་རྒྱུད་ཀྱི་གཞུང་ཆེན་རྣམས་ལས།  རབ་ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་སངས་རྒྱས།  འབྲིང་བེམ་རིག་བྲལ་མ་ཐག་ནས་སངས་རྒྱས།  ཐ་མ་སྐད་ཅིག་མ་ལྔ་ལ་བོན་ཉིད་འོད་གསལ་གྱི་བར་དོར་སངས་རྒྱས་ཞེས་པ་འདི་ལས་ལྷག་པའི་དྲོད་རྟགས་ཤིག་ཅི་དགོས།  འདི་ལས་ལྷག་པའི་དྲོད་རྟགས་ཤིག་ཐེག་མཆོག་རྒྱལ་པོ་འདི་ཡི་ལུགས་མ་གཏོགས་གཞན་སུ་དང་གང་ལ་ཡང་མེད་དོ། །སྐྱེ་བ་གཅིག་ལ་ས་ལམ་རྫོགས་ནས་མངོན་དུ་གྱུར་ཐུབ་མ་ཐུབ་ནི།  སྔོན་སྦྱང་གི་ལས་འཕྲོ་ཆེ་ཆུང་དང་།  དུས་འདིར་བརྩོན་འགྲུས་ཀྱི་ཉེར་ལེན་དྲག་ཞན་ལ་རགས་ལུས་པ་དང་།  རང་རྒྱུད་ལ་ཉོན་མོངས་ཞི་དང་མ་ཞི་ཟེར་བདེ།  རང་རྒྱུད་ཀྱི་ལས་འཕྲོ་བཟང་ངན་དང་།  བླ་མའི་ཐུགས་རྗེ་ཆེ་ཆུང་ལ་རགས་ལས་པ་ཡིན་པ་ཐོག་དབབ་ཀྱི་གཞུང་ལས་གསུངས་སོ། འོག་ཀླུ་ཡུལ་དུ་བསྒྲགས་པའི་ཐུགས་རྒྱུད་སྨར་བྱང་རྣམ་གསུམ་གྱི་རྒྱུད་ལས།  རབ་ལྟ་ཐོག་ནས་འཆི་སྟེ།  འཆི་བས་མི་འཇིགས་པའི་བོན་དང་ལྡན་པའོ།  འབྲིང་སྒོམ་ཐོག་ནས་འཆི་སྟེ།  འཆི་བ་བྲོད་པའི་བོན་དང་ལྡན་པའོ།  ཐ་མ་སྤྱོད་པའི་ཐོག་ནས་འཆི་སྟེ།  འཆི་ཁར་མི་འགྱོད་པའི་སེམས་བོན་དང་ལྡན་པའོ།  ཞེས་དང་།  དགོངས་རྒྱུད་དྲུག་གི་ཀླད་དོན་ལས།  ཀ་ཡེ་གསན་དང་མཁས་པ་རྣམས།  སྟོན་པའི་བཀའ་སྡེ་རྒྱུད་ལུང་མན་ངག་ཀུན།  དོན་དུ་ཡང་དག་དེ་ཉིད་མཚོན་ཕྱིར་གསུངས།   ཚིག་ལ་ཞེན་ན་གླེན་པ་ཡང་དག་ཡིན།  བོན་གྱི་འབྲས་བུ་བྱང་ཆུབ་སེམས་ལ་ཐུག  རྫོགས་ཆེན་དོན་ལ་མི་སྒོམ་འཆལ་པ་ཡིན།   རིག་པ་ཐམས་ཅད་རིག་པའི་ངང་ནས་འབྱུང་།  སྒྲ་ཚད་ཚིག་ལ་རྩོད་ན་རྨོངས་པ་ཡིན།  བསྒོམ་པ་ཤེས་ན་གདམས་ངག་གཅིག་གི་ཆོག   གདམས་ངག་ཟ་འདོད་བྱེད་ན་འཁྲུལ་པ་ཡིན། བལྟས་པས་དོན་མཐོང་སེམས་ཉིད་རིན་ཆེན་ཡིན།  དཔེ་ལ་བལྟ་རྟོགས་མང་ན་སྡུག་བསྔལ་ཡིན།   ཐེག་ཆེན་བསྒོམ་པའི་དགོས་པ་གཉེན་པོ་ཡིན།  རྐྱེན་ངན་དབང་དུ་སོང་ན་མདོ་དོན་སྟོར།   བཟང་ངན་བླང་དོར་མེད་པའི་ཐེག་ཆེན་འདི།  ཐེག་བརྒྱད་མཐའ་ལ་ཞེན་ན་གོལ་ས་ལྟུང་།   ཞེས་གསུངས་སོ།  མཁས་པ་སྟོང་རྒྱུང་གི་དགོངས་པས།  ཐེག་དམན་སུན་དབྱུང་པའོ།  དེའི་དུས་སུ་སེ་ཤ་རི་དབུ་ཆེན་གྱིས་ཞུས་པ།  རྫོགས་ཆེན་དོན་ལ་བསྒོམ་ན་ཇི་ལྟར་འབྱུང་།   ངེས་པའི་དྲོད་ཚད་བདག་ལ་བསྟན་དུ་གསོལ།  ཞེས་ཞུས་ནས།   མེན་ཤེལ་གྱི་སྒོ་ངས་ཁྱིམ་གང་གི་མུན་པ་སེལ་བ་ཞིག་ཕུལ་བས།  ལེགས་སོ་ལེགས་སོ་མཁས་པའི་ཕུལ།  སེམས་ཉིད་མེན་ཤེལ་རིན་པོ་ཆེ།  བསྒོམ་པས་རིག་པའི་བདག་ཞལ་མཐོང་།  འདི་བས་ལྷག་པའི་དྲོད་ཚད་མེད།   འོན་ཀྱང་དྲོད་ཚད་འདི་ལྟ་སྟེ།  དང་པོ་རྩེ་གཅིག་གནས་པའི་ཚད།   རྒྱ་མཚོ་རླུང་དང་བྲལ་བ་འདྲ།  འགྱུ་བ་ཀུན་གཞིའི་ཀློང་དུ་ཐིམ།   འབྱུང་བས་རེག་ཀྱང་གནོད་མི་འབྱུང་།  དེ་ནས་རོ་གཅིག་མྱོང་བའི་ཚད།   བཅུ་དྲུག་ལོན་པའི་བུ་མོ་ཡིས།  བདེ་བ་མྱོང་བ་ཇི་བཞིན་དུ།   སྣང་ཚད་ཐམས་ཅད་གྲོགས་སུ་འཆར།  སེམས་ཀྱི་ངང་དུ་རོ་གཅིག་པས།  སེམས་བྱུང་སེམས་སུ་རོ་གཅིག་ཡིན།   དེ་ནས་སྤྲོས་བྲལ་གཉུག་མའི་ངང་།  ནམ་མཁའི་རླུང་སྤྲིན་དག་པ་ལྟར།   ཡིད་བྱ་བློ་ཡི་དྲི་མ་ཀུན་དག་པས།  སྟོང་རིག་ཟུང་དུ་ཆུད་པ་ཡིན།   ཐ་མ་སྒོམ་མེད་ཆེན་པོ་དེ།  ཕོ་མ་རོག་གུའི་མིག་དང་འདྲ།   ལྟ་སྒོམ་ཀུན་གྱི་སྐྱེལ་མ་ལོག  མཁྱེན་པའི་རྩལ་གྱིས་སྤྱན་དྲུག་གཟིགས།   གདུལ་བྱ་དུས་ལ་བབ་པའི་དུས།  བྱང་སེམས་སྤྱོད་པ་རླབས་ཆེན་གྱིས།   འབྲེལ་ཚད་ཐར་པར་འདྲོངས་པ་ཡིན།   དཔེར་ན་མེ་ལ་ཤིང་བསྣན་ལྟར།  བདག་ཀྱང་མཁའ་ལ་རྩེ་རུ་ཆིབས།  གཞན་ཡང་དབྱིངས་སུ་ལྷུན་གྱིས་གྲུབ།   བདག་གཞན་དོན་གྲུབ་ཨེ་མ་ཧོ།  སཱ་མཱ་ཡཱ།    རྒྱ་རྒྱ་རྒྱ།   སེ་བོན་ཤ་རི་དབུ་ཆེན་ལ་བརྒྱུད་དོ།  ཞེས་གསུངས།   །གཞན་ཡང་ཀ་དག་ཁྲེགས་ཆོད་ཀྱི་དབང་དུ་བྱས་པའི་གྲོལ་ཚུལ་གྱི་རིམ་པ་གཉིས་ཏེ།  ནམ་མཁའི་འཆི་ལུགས་དང་།  མཁའ་འགྲོ་མའི་འཆི་ལུགས་གཉིས།  ལྷུན་གྲུབ་ཐོད་རྒལ་གྱི་དབང་དུ་བྱས་པའི་གྲོལ་ཚུལ་གྱི་རིམ་པ་གཉིས་ཏེ། མེ་དཔུང་གི་འཆི་ལུགས་དང་།  རིག་འཛིན་གྱི་འཆི་ལུགས་གཉིས་ཏེ། མདོར་ན་རྫོགས་ཆེན་རྣལ་འབྱོར་པའི་འཆི་ལུགས་སམ་གྲོལ་ལུགས་རྣམ་པ་བཞི་པོ་འདི་ནི། གྲུབ་མཐའི་རྒྱལ་པོ་འདིའི་ལུགས་ཁོ་ན་སྟེ།  དབྱིངས་རིག་རིན་པོ་ཆེའི་མཛོད་ཆེན་ལས།  འདིའི་རྡོས་བཅས་དེངས་ལུགས་ཀྱང་རིག་པས་བོར་བའི་ལུས་ཡོད་འཕྲོ་ལ་རྡུལ་ཕྲན་དུ་དེངས་པ་ནམ་མཁའི་འཆི་ལུགས་དང་།  མཁའ་འགྲོ་མ་དང་རྫུས་སྐྱེས་ནམ་འཆི་བའི་དུས་སུ་རོ་སུས་ཀྱང་མི་མཐོང་བ་ལྟར། ལུས་ལ་རིག་པ་ལྡན་བཞིན་པའི་ངང་ལས་རྡུལ་ཕྲན་དུ་དེངས་པ་མཁའ་འགྲོ་མའི་འཆི་ལུགས་གཉིས་ནི། ཀ་དག་ཁྲེགས་ཆོད་དུ་གྲོལ་བས་དབྱིངས་རིག་གཅིག་ཏུ་འདྲེས་ནས་ཕྱིར་མི་ལྡོག་པའོ། །ཡང་རིག་པ་དབྱིངས་སུ་ཐིམ་ནས་ལུས་འོད་ཕུང་དུ་ཡལ་བ་མེ་དཔུང་གི་འཆི་ལུགས་དང་། རིག་པ་བཟུང་བའི་ལུས་ནམ་མཁར་སྒྲ་དང་བཅས་ཏེ་འོད་དུ་ཡལ་པ་རིག་འཛིན་གྱི་འཆི་ལུགས་གཉིས་ནི། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བའོ། །འདི་དག་གི་གནད་དབྱིངས་ལ་སྒྲིབ་བྱེད་ཀྱི་རླུང་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བ་དེ་དག་པས་ནང་དབྱིངས་ཟད་སར་ཕྱིན་དུས་ཕྱི་ལུས་ཀྱི་རྡོས་པ་རང་དེངས་ནས་མི་སྣང་བའོ། །ཞེས་གདམས་པ་ལྟར་གྲུབ་མཐའི་རྒྱལ་པོ་རང་གྲོལ་གྱི་བསྟན་པ་རིན་པོ་ཆེ་འདི་ཡི་ཆེ་བའི་ཡོན་ཏན་ཟབ་མོ་ལ་ངེས་ཤེས་སྐྱེས་ནས་ཚེ་གཅིག་ཉེ་ལམ་སྒྲུབ་པའི་ཐབས་ལམ་ཟབ་མོ་འདི་ཉིད་རང་རྒྱུད་ལ་སྦྱར་ཏེ་མི་ཚེ་དོན་སྙིང་ལེན་པའི་ཚུལ་ལ་མཁས་པར་བྱའོ། །

མཐར་ཐུག་གི་བསྔོ་སྨོན།

    སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། །ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུག་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །

སྙན་རྒྱུད་དང་ཡེ་ཁྲི་བསྒྲགས་གསུམ་སེམས་སྨད་སྡེ་དགུ་ལྟ་བ་ཐོག་དབབ་དགོངས་རྒྱུད་དྲུག་གི་ཀླད་དོན་སངས་རྒྱས་རྒྱུད་གསུམ་བཤད་གཞིའི་མཆོང་ཁྱད་པར་གྱི་གདམས་པ་དུག་ལྔ་རང་གྲོལ་རིན་པོ་ཆེའི་མཛོད་སོགས་ལ་གཞི་བཅོལ་ནས་རྒྱུན་ཁྱེར་ཉམས་ལེན་བདེ་བའི་ཕྱིར་དུ་ཉི་མིང་པས་སྦྱར་བ་དགེའོ།  །ཐ་ཚན་མུ་ཙུག་སྨར་རོ།།   །།